ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ལྷ་སའི་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་བགྲོད་ལམ་ཟླ་བ་འདིའི་ཚེས་པ་15ཉིན་ནས་བཟུང་ཚོད་ལྟའི་ཤར་གཏོང་བྱ་རྒྱུ་རེད།

2019-10-09 འབྲུག་རྒྱལ་མཁར་གྱིས་བསྒྱུར།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་10པའི་ཚེས་8ཉིན། གསར་འགོད་པས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ཆེད་སྤྱོད་བགྲོད་ལམ་ཟླ་10པའི་ཚེས་15ཉིན་ནས་བཟུང་ཚོད་ལྟའི་ཤར་གཏོང་བྱ་རྒྱུ་ཡིན་པ་སྟེ། དངོས་སུ་ཤར་གཏོང་བྱ་བའི་དུས་ཚོད་ཚོད་ལྟའི་ཤར་གཏོང་གི་གནས་ཚུལ་ལ་གཞིགས་ཏེ་བརྡ་འཕྲིན་ཁ་ཁར་གཏོང་རྒྱུ་ཡིན་པ་དང་། ཚོད་ལྟའི་ཤར་གཏོང་གི་དུས་ཡུན་ནང་གློག་རྡུལ་ཉེན་རྟོག་པས་པར་འཛིན་ཐེབས་པའི་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་བགྲོད་ལམ་དང་འབྲེལ་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཆད་པ་མི་གཅོད་རུང་། སྨྱན་བྱེད་ཀྱི་ལམ་ནས་མིག་སྟོན་བྱས་ཏེ་ཐ་ཚིག་སྒྲོག་རྒྱུ་ཡིན་འདུག  གཞན་ཡང་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་བགྲོད་ལམ་གྱི་དུས་བཅད་ཤར་གཏོང་སྟངས་འཛིན་དང་རླངས་འཁོར་གང་དག་སྤྱི་སྤྱོད་རླངས་འཁོར་གྱི་བགྲོད་ལམ་ནང་བགྲོད་ཆོག་པ་སོགས་ཀྱི་བྱེ་བྲག་གི་སྒྲིག་སྲོལ་ཡང་བཟོས་ཚར་འདུག
             2018ལོར་ལྷ་ས་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་། གྲོང་ཁྱེར་སྤྱི་བདེ་ཅུའུ་ཏང་ཨུ་བཅས་ཀྱི་རྒྱབ་སྐྱོར་བརྟན་པོར་བརྟེན་ནས། ལྷ་ས་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་བགྲོད་ལམ་སྐོར་ལ་བརྟག་དཔྱད་ཞིབ་འཇུག་དང་ལག་བསྟར་བྱ་རུང་གི་ཞིབ་འཇུག་དབྱེ་ཞིབ་བྱ་བའི་འགོ་བརྩམས་པ་རེད། མིག་སྔར་གྲོང་ཁྱེར་ཡོངས་ཀྱི་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་བགྲོད་ལམ་བཀོད་སྒྲིག་བྱས་ཚར་ཏེ། སྤྱིའི་རིང་ཚད་(ཕྱོགས་གཉིས)ལ་སྟོང་སྨི་46ཡོད་པ་དང་། དེ་ཅང་སུའུ་ལམ་དང་པེ་ཅིང་ལམ། ཅིན་ཀྲུའུ་ལམ། གླིང་སྐོར་ལམ། ན་ཅིན་ལམ་བཅས་བརྒྱུད་ཅིང་། ལམ་རྒྱུད་དུ་སློབ་གྲྭ་9དང་སྨན་ཁང་2། རླངས་འཁོར་འབབ་ཚིགས་2བཅས་ཡོད། ལམ་རྒྱུད་སྙོམས་པར་འགྲུལ་སྐྱེལ་རླངས་འཁོར་གནས་སྐབས་སྡོད་མཚམས་འཇོག་ས་དང་གཡས་དཀྱོགས་རླངས་འཁོར་གནས་སྐབས་ལམ་གཡོར་གྱི་བརྡ་སྟོན་བྱང་། སྤྱི་སྤྱོད་རླངས་འཁོར་ཆེད་སྤྱོད་བགྲོད་ལམ་གྱི་དུས་བཅད་བརྡ་སྟོན་མཚོན་རྟགས་དང་མཚོན་ཐིག་བཅས་བཀོད་སྒྲིག་བྱས་ཡོད་པ་དང་། གློག་རྡུལ་ཉེན་རྟོག་པའི་པར་འཛིན་མ་ལག་ཀྱང་བཀོད་སྒྲིག་བྱས་ཡོད།
             ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར། “ལྷ་ས་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ཆེད་སྤྱོད་བགྲོད་ལམ་ཟླ་10པའི་ཚེས་15ཉིན་ནས་བཟུང་ཚོད་ལྟའི་ཤར་གཏོང་བྱ་རྒྱུ་ཡིན་ལ། དུས་རིམ་འདིའི་ཚོད་ལྟའི་ཤར་གཏོང་གི་གནས་ཚུལ་གཞིར་བཟུང་སྟེ་ཆེས་མཐའ་མཇུག་གི་དབྱེ་ཞིབ་དང་ལེགས་སྒྲིག་བྱ་རྒྱུ་ཡིན། ཚོད་ལྟའི་ཤར་གཏོང་གི་དུས་ཡུན་དང་དངོས་སུ་བཀོལ་སྤྱོད་བྱས་རྗེས། ཉིན་རེའི་ཆུ་ཚོད་7:00-10:00དང་17:00-20:00བར་གྱི་དུས་ཚོད་འདི་གཉིས་ཀྱི་ནང་། སྤྱི་སྤྱོད་རླངས་འཁོར་དང་ཆོག་མཆན་ཡོད་པའི་སྤྱི་ཚོགས་ཀྱི་རླངས་འཁོར་གཞན་དག་ཕུད་རླངས་འཁོར་གཞན་རིགས་གཏོང་མི་ཆོག་པ་དང་། རྒྱལ་ཁབ་ཀྱི་ཁྲིམས་གཏན་དུས་ཆེན་དང་ངལ་གསོའི་དུས་ཡུན་ནང་། སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་བགྲོད་ལམ་གྱི་སྒོ་ཡོངས་སུ་ཕྱེ་ནས་དུས་བཅད་སྟངས་འཛིན་ཤར་གཏོང་གི་ཚོད་འཛིན་ཅི་ཡང་མེད།”ཅེས་ཟེར།
             དེས་ན་ཤར་གཏོང་སྟངས་འཛིན་གྱི་དུས་ཚོད་ནང་། སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་བགྲོད་ལམ་དུ་སྤྱི་སྤྱོད་རླངས་འཁོར་ཁོ་ན་ལས་གཏོང་མི་ཆོག་པ་ཡིན་ནམ།
             རྒྱུས་ལོན་བྱུང་བར་གཞིགས་ན། སྤྱི་སྤྱོད་རླངས་འཁོར་མ་གཏོགས། མྱུར་ཉེན་ལས་འགན་སྒྲུབ་པའི་རླངས་འཁོར་དམིགས་བསལ་ཅན་(ཉེན་རྟོག་རླངས་འཁོར། མེ་གསོད་རླངས་འཁོར། མྱུར་སྐྱོབ་རླངས་འཁོར། འཛུགས་བསྐྲུན་ཉེན་གཡོལ་རླངས་འཁོར།)གྱིས་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་བགྲོད་ལམ་གཡར་ནས་བསྐྱོད་ཆོག  གཞན་ཡང་དཀའ་ཉེན་མྱུར་སྐྱོབ་བྱེད་པར་བདེན་དཔང་ཡོད་པའི་སྤྱི་ཚོགས་རླངས་འཁོར་དང་། བྱང་བུ་སེར་པོ་བཀལ་བའི་འགྲུལ་འཁོར། སློབ་གྲྭའི་རླངས་འཁོར་བཅས་ཀྱིས་ཀྱང་བགྲོད་ལམ་གཡར་ཏེ་བསྐྱོད་ཆོག
             ཚོད་ལྟའི་ཤར་གཏོང་གི་དུས་ཡུན་ནང་། ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་གློག་རྡུལ་ཉེན་རྟོག་པས་པར་འཛིན་ཐེབས་པའི་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་བགྲོད་ལམ་དང་འབྲེལ་བའི་ཁྲིམས་འགལ་བྱ་སྤྱོད་ལ་ཆད་པ་མི་གཅད་རུང་། སྨྱན་བྱེད་ཀྱི་ལམ་ནས་མིག་སྟོན་བྱས་ཏེ་ཐ་ཚིག་སྒྲོག་པ་ལ་བརྟེན་ནས། རྒྱ་ཆེ་བའི་གྲོང་མི་རྣམ་པ་ཕྱི་ལོགས་སུ་འགྲོ་སྐབས་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་བགྲོད་ལམ་དང་འབྲེལ་བའི་ཁྲིམས་ལུགས་ཁྲིམས་སྲོལ་ལ་བརྩི་སྲུང་བྱ་བར་སྣེ་ཁྲིད་བྱ་རྒྱུ་ཡིན་པ་རེད། འདི་ཡང་རྒྱ་ཆེ་བའི་གྲོང་མི་རྣམ་པ་ཚོད་ལྟའི་ཤར་གཏོང་གི་དུས་ཡུན་ནང་གང་མྱུར་གྱིས་སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་བགྲོད་ལམ་གྱི་བཀོལ་སྤྱོད་ལ་གོམས་པར་བྱ་བ་དང་། འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་ལ་བརྩི་སྲུང་བྱེད་པ་གོམས་པར་བྱ་བ། ཐུན་མོང་གིས་བགྲོད་ལམ་གྱི་འགྲིམ་འགྲུལ་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པར་བྱ་བའི་སྤྱོད་ལམ་གོམས་པར་བྱ་བ་བཅས་ཀྱི་ཆེད་དུ་ཡིན་ནོ།།
 
འབྲེལ་ཡོད་རྩོམ་ཡིག