ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

པང་གདན་གྱིས་འཇའ་ཚོན་སྣ་འདུན་གྱི་ཕུགས་འདུན་བསྐྲུན་པ།

2019-10-15 འབྲུག་རྒྱལ་མཁར་གྱིས་བསྒྱུར།
——བོད་ལྗོངས་ལྷོ་ཁ་གོང་དཀར་རྫོང་དུ་འཇའ་ཚོན་སྣ་འདུན་པང་གདན་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གཉིས་པ་སྤེལ་བ།
               ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ་10ཚེས་13ཉིན། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་གི་སྐབས་གཉིས་པའི་ འཇའ་ཚོན་སྣ་འདུན་པང་གདན་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཞིང་འབྲོག་ཐོན་རྫས་འགྲེམས་ཚོང་བྱ་བའི་ཡུལ་དངོས་སུ་བསྟན་འཛིན་སྒྲོལ་དཀར་གྱིས་རང་ཁྱིམ་དུ་བཟོས་པའི་པང་གདན་འགྲེམས་ཚོང་བྱེད་བཞིན་ཡོད་པ་དང་།  ཆེན་པོ་དེ་ཙམ་མེད་པའི་འགྲེམས་སྟེགས་ཀྱི་མདུན་དུ་མཉམ་ལས་ཁང་གིས་བཟོས་པའི་ཐོན་རྫས་དྲིལ་བསྒྲགས་པར་རིས་དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་སྟེ་བོད་ཀྱི་པང་གདན་དང་ཁ་གདན་འཐག་རྩལ་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའི་ལག་ཁྱེར་བཞག་ཡོད། 
བསྟན་འཛིན་སྒྲོལ་དཀར་གྱིས་འཚོང་བཞིན་པའི་པང་གདན་གཙང་གཉེར་བྱེད་པ།
               བསྟན་འཛིན་སྒྲོལ་དཀར་གྱི་མཉམ་ལས་ཁང་ནི་བོད་རང་སྐྱོང་ལྗོངས་ཀྱི་“གནའ་བོའི་གྲོང་རྡལ་ཆེན་པོ་བརྒྱད”ཀྱི་གྲས་ཤིག་ཡིན་པ་དང“པང་གདན་གྱི་ཕ་ས”ཞེས་གྲགས་པའི་ལྕེ་བདེ་ཞོལ་གྲོང་རྡལ་དུ་ཆགས་ཡོད། བཟོ་ཁང་གི་རྒྱ་ཁྱོན་ལ་སྨི་ གྲུ་བཞི་མ་6600ལྷག་ཙམ་ཟིན་པ་དང་། ཐོན་སྐྱེད་འཁོར་ཁང་4དང་། ལས་བཟོ་བ་45དང་།  གཏན་འཇགས་རྒྱུ་ནོར་སྒོར་ཁྲི་150ལྷག་བཅས་ཡོད་པ་རེད། ཐོན་རྫས་བོད་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་ཁྱབ་པ་དང་དུས་མཚུངས་ནེ་པ་ལ་དང་། རྒྱ་གར། འཇར་པན་སོགས་སུ་ཕྱིར་འཚོང་བྱེད་པ་དང་།  མཉམ་ལས་ཁང་གི་ལོ་རེའི་ཡོང་འབབ་སྒོར་ཁྲི་100ལྷག་ལ་སླེབས་ཡོད་ལ།  མཉམ་ལས་ཁང་གི་ལས་བཟོ་བར་ཟླ་རེར་ཡོང་འབབ་སྒོར་2500ལྷག་ཙམ་བསྐྲུན་ཡོད།  ལས་བཟོ་45ཚང་མ་ལྕེ་བདེ་ཞོལ་གྲོང་རྡལ་གྱི་ཁྱིམ་ཚང་དབུལ་པོ་ནས་ཡོང་བ་ཡིན་པ་དང་།  གཏན་ཁེག་མེད་པའི་ལས་ཀའི་དུས་ཚོད་འདིའི་ནང་དུ་བུད་མེད་དེ་དག་གིས་རྒན་རྒོན་དང་ཕྲུ་གུར་ལྟ་རྟོག་བྱེད་ཐུབ་ལ་ཞིང་ལས་བྱ་རྒྱུར་འཐུས་ཤོར་ཡང་ བཏང་མེད་པས། ད་ཆ་ལས་བཟོ་བ་ཚང་མ་དབུལ་སྒྲོལ་ཐུབ་ཡོད། 
མཉམ་ལས་ཁང་གི་ལས་བཟོ་བས་པང་གདན་འཐག་བཞིན་པ།
               མཉམ་ལས་ཁང་བཙུགས་པའི་སྐོར་དེ་2002ལོའི་སྔ་རྗེས་ནས་གླེང་དགོས། 2002ལོའི་ཡར་སྔོན་དུ་བསྟན་འཛིན་སྒྲོལ་དཀར་གྱི་ཨ་མ་དཀར་རིལ་གྱིས་ཁྱིམ་དུ་པང་གདན་འཐག་བཞིན་ཡོད། ཕ་སྐལ་བཟང་གིས་འཐག་ཚར་བའི་པང་གདན་ལྷ་སར་བཙོངས་པར་འགྲོ་སྐབས་དེར་ཡོང་འབབ་ཅུང་དམའ་བ་ཡོད། དེ་དུས་ཨ་ཕའི་རྐང་པ་སྐྱོན་ཡོད་པ་དང་ཁྱིམ་དུ་ད་དུང་ཕྲུ་གུ་བཞི་གསོ་དགོས་པས་ཁྱིམ་ཚང་ཅུང་སྐྱོ་པོ་ཡོད།  འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་ཆེད།  2002ལོར་སྐལ་བཟང་དང་དཀར་རིལ་གཉིས་ཀྱིས་ས་གནས་དེ་གའི་འཚོ་བར་དཀའ་ངལ་ཆེན་པོ་ཡོད་པའི་བུ་མོ་ལས་མི་6བསྡུས་པ་དང་རང་ཁྱིམ་གྱི་སྒོ་རའི་ནང་པང་གདན་འཐག་འགོ་ཚུགས་པ་དང་།  དེ་ནི་མཉམ་ལས་ཁང་གི་ཐོག་མའི་རྣམ་པ་རེད། 
དཀར་རིལ་གྱིས་པང་གདན་འཐག་བཞིན་པ། 
               2007ལོར་ཐོན་སྐྱེད་གཞི་ཁྱོན་སྔར་བས་ཆེ་རུ་གཏོང་ཆེད།  བསམ་བློ་ཡང་ཡང་བཏང་མཐར།  སྐལ་བཟང་དང་དཀར་རིལ་གཉིས་ཀྱིས་དངུལ་ཁང་ནས་སྒོར་ཁྲི་15བསྐྱིས་པ་དང་།  དེའི་སྟེང་རང་གྲབས་མ་དངུལ་སྒོར་ཁྲི་5བཞག་ནས་ས་གནས་དེ་གའི་སྲིད་གཞུང་གི་རོགས་རམ་འོག་བཟོ་ཁང་རྙིང་པ་ཞིག་བོགས་མར་བླངས་ནས་སྔ་རྗེས་སུ་ས་གནས་དེ་གའི་གྲོང་མི་30ལྷག་ཙམ་ལ་འཁལ་འཐག་ལག་རྩལ་བསླབས་པ་རེད།  ཐོན་རྫས་ཀྱང་དེ་སྔའི་པང་གདན་གཅིག་པོ་ཐོན་སྐྱེད་བྱེད་པ་ནས་རིམ་གྱིས་སྣམ་བུ་དང་ཀམ་པ་ལི་སོགས་ཐོན་རྫས་10ལྷག་ཙམ་ཐོན་སྐྱེད་བྱས།  ཐོན་རྫས་ཀྱི་ཚོང་ཁ་ཧ་ཅང་བྲིན་ལ།  ལོ་གཉིས་ལྷག་ཙམ་གྱི་དུས་ཚོད་ནང་ཁོ་ཚོས་བུ་ལོན་ཚང་མ་མེད་པར་བཟོས་པ་མ་ཟད། ད་དུང་འཁོར་རྒྱུག་མ་དངུལ་འདང་ངེས་ཡོད་པར་མ་ཟད། ཁེ་སྤོགས་ཀྱང་རག་འགོ་ཚུགས་ཡོད། 
བསྟན་འཛིན་སྒྲོལ་དཀར་(གཡས)དང་ཨ་མ་དཀར་རིལ་(གཡོན)།
               2014ལོར་དཀར་རིལ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་སྟེ། བོད་རིགས་པང་གདན་དང་ཁ་གདན་འཐག་རྩལ་གྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པར་གདམས་ཐོན་བྱུང་།  ལོ་12ནས་བཟུང་རང་གི་སྤོ་བོ་དང་རྨོ་བོའི་རྗེས་འབྲངས་ནས་པང་གདན་ འཐག་པའི་ལག་རྩལ་སློབ་སྦྱོང་བྱེད་འགོ་ཚུགས་པ་དང་།   དེ་ནས་ཡང་ཁོའི་བུ་མོ་བསྟན་འཛིན་སྒྲོལ་དཀར་དང་དེ་མིན་ན་གཞོན་དེ་བས་མང་པོ་ཞིག་ལ་བསླབས། 
               མཉམ་ལས་ཁང་གིས་ཚོང་རྒྱ་སྐྱེད་དང་ལག་རྩལ་རྒྱུད་འཛིན་བྱེད་བཞིན་ཡོད་ལ།  དེ་དང་ཆབས་ཅིག་གསར་གཏོད་དང་འཕེལ་རྒྱས་ལ་ཧུར་བརྩོན་བྱེད་བཞིན་ཡོད།  2019ལོར་མཉམ་ལས་ཁང་དང་གྱོན་ཆས་སློབ་གླིང་བར་གན་རྒྱ་བཞག་པ་དང་།  སློབ་གྲྭས་ཇུས་འགོད་དང་མཉམ་ལས་ཁང་གིས་ཐོན་སྐྱེད་བྱེད་པའི་འགན་འཁུར་ནས།   ཐོན་རྫས་གསར་པ་སྣ་ཁ་ཉིས་བརྒྱ་ལྷག་ཙམ་འདོན་རྩིས་ཡོད་པ་དེའི་ནང་པང་གདན་གྱི་རྒྱུ་ཆ་ལྡན་པའི་ཕྱི་གོས་དང་། དོར་མ།  གཉེན་སྒྲིག་གྱོན་གོས་སོགས་ཐོན་རྫས་སྣ་ཚོགས་ཚུད་ཡོད།  སྔོན་དཔག་བྱས་ན་ད་ལོའི་ཟླ་10པའི་ཟླ་མཇུག་ཏུ་པེ་ཅིང་དང་ལྷ་སར་འགྲེམས་སྟོན་དང་ཐོན་རྫས་འོས་སྦྱོར་བྱ་རྒྱུ་ཡིན་པ་རེད། 
གར་སྟེགས་སུ་འཚོང་བཞིན་པའི་པང་གདན།
               ཚོན་ལྡན་པང་གདན་གྱིས་བསྟན་འཛིན་སྒྲོལ་དཀར་ཁྱིམ་ཚང་གང་པོའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཚོན་མདངས་རྣམ་པར་བཀྲ་བའི་ཕུགས་བསམ་བསྐྲུན་ཡོད་པར་མ་ཟད།  མི་དེ་བས་མང་པོ་ཞིག་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད།   མི་གང་མང་གི་ཕུགས་བསམ་མཚོན་པའི་པང་གདན་དེ་ད་དུང་མི་རབས་ནས་མི་རབས་བར་དུ།   རྒྱུན་འཛིན་པའི་ལག་ནས་མུ་མཐུད་སྐྱོང་ཐུབ་པ་དང་སྔར་ལས་ལྷག་པར་མཛེས་སྡུག་ལྡན་པའི་ཕུགས་བསམ་གཏོད་རྒྱུ་རེད།
འབྲེལ་ཡོད་རྩོམ་ཡིག