ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ཀྱི་རྫོང་འདིར་གྲོང་གསེབ་ཀྱི་ལམ་ཡག་པོ་བཞིའི་གཟི་བརྗིད་མཚན་སྙན་ཐོབ་འདུག

2019-11-12
          ཉིན་ཤས་གོང་རྒྱལ་ཡོངས་ཀྱིས“གྲོང་གསེབ་ཀྱི་ལམ་ཡག་པོ་བཞིའི་”སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ས་གནས་ས་ཐོག་གི་ཚོགས་འདུ་སི་ཁྲོན་ཕུའུ་ཅང་དུ་འཚོགས་ཤིང་། ཚོགས་ཆེན་ཐོག་“གྲོང་གསེབ་ཀྱི་ལམ་ཡག་པོ་བཞིའི”རྒྱལ་ཡོངས་ཀྱི་དཔེ་སྟོན་རྫོང་ལ་གཟེངས་བསྟོད་བྱས་པ་དང་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལ“གྲོང་གསེབ་ཀྱི་ལམ་བུ་ཡག་པོ་བཞིའི”རྒྱལ་ཡོངས་ཀྱི་དཔེ་སྟོན་རྫོང་གི་གཟི་བརྗིད་མཚན་སྙན་ཐོབ་ཡོད། 
          ཉེ་བའི་ལོ་ཤས་རིང་འཕྱོངས་རྒྱས་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱས་ཏེ་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ལྷག་པར་དུ“གྲོང་གསེབ་ཀྱི་ལམ་ཡག་པོ་བཞིའི་”འཛུགས་སྐྲུན་གྱི་གལ་ཆེའི་ནང་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ་རང་སྐྱོང་ལྗོངས་ལྗོངས་དང་ལྷོ་ཁ་གྲོང་ཁྱེར་རིམ་པ་གཉིས་ཀྱི་འགྲིམ་འགྲུལ་སྡེ་ཚན་གྱི་ཤུགས་ཆེའི་རྒྱབ་སྐྱོར་དང་ནུས་ལྡན་མཛུབ་ཁྲིད་འོག “གྲོང་གསེབ་ཀྱི་ལམ་ཡག་པོ་བཞི་”འཛུགས་སྐྲུན་བྱ་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ཏེ་ཆབ་སྲིད་ཀྱི་གནས་བབ་སྔར་བས་མཐོ་རུ་གཏོང་བ་དང་། མངོན་གསལ་དོད་པའི་གནད་དོན་ལ་དམིགས་པ། སྲིད་ཇུས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ“འཛུགས་སྐྲུན་ཡག་པོ་དང་། དོ་དམ་ཡག་པོ། སྲུང་སྐྱོང་ཡག་པོ། གཉེར་སྐྱོང་ཡག་པོ”བཅས་དམིགས་ཚད་དུ་བྱས་ཏེ་རྫོང་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས“གྲོང་གསེབ་ཀྱི་ལམ་ཡག་པོ་བཞི་”འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་བས་མི་དམངས་མང་ཚོགས་ཀྱིས“གྲོང་གསེབ་ཀྱི་ལམ་ཡག་པོ་བཞི་”བསྐྲུན་པའི་ཐོབ་ཚོར་དང་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པ་རེད།   
          “གྲོང་གསེབ་ཀྱི་ལམ་ཡག་པོ་བཞི་”བསྐྲུན་པ་དེས་དབུལ་སྒྲོལ་འགག་སྒྲོལ་ལ་ཐབས་ལམ་ཞིག་བཏོད་པ་མ་ཟད། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་ཐུབ་པ་བྱུང་བ་དང་། རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་དཔལ་འབྱོར་གྱི“ཁྲག་རྩ་”ལྟ་བུ་ཤར་གཏོང་ཐུབ་ནས“འབྱོར་ཕྱུག་དང་། འཆམ་མཐུན་”གྱི་འཕྱོངས་རྒྱས་གསར་པ་བསྐྲུན་རྒྱུར་འགྲིམ་འགྲུལ་གྱི་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།        
          སི་ཁྲོན་ཕུའུ་ཅང་དུ་ས་གནས་ས་ཐོག་གི་ཚོགས་འདུར་ཞུགས་པའི་འཕྱོངས་རྒྱས་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་བསོད་ནམས་རྡོ་རྗེས་གསར་འགོད་པར་གོམ་སྟབས་རྗེས་མར་འཕྱོངས་རྒྱས་རྫོང་གིས་༼འགྲིམ་འགྲུལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་རྩ་གནད་༽དང་༼གྲོང་གསེབ་ཀྱི་གཞུང་ལམ་དོ་དམ་བདག་སྐྱོང་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་བསམ་འཆར་༽ལག་བསྟར་གཏིང་ཟབ་བྱས་ཏེ་པུའུ་ཀྲང་ལི་ཞའོ་ཕུང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱ་རྒྱུ་ཡིན་ཞེས་དང་། རྒྱ་ཆེའི་མང་ཚོགས་ཀྱི་མཛེས་སྡུག་དང་བདེ་འཇགས་ལྡན་པའི་འགྲུལ་བཞུད་ཀྱི་དགོས་མཁོ་སྐོང་གང་ཐུབ་བྱ་རྒྱུ་དམིགས་ཚད་དུ་བྱས་ནས་སྤུན་ཟླའི་ཞིང་ཆེན་གྱི་ཉམས་མྱོང་དང་བྱ་ཐབས་བཟང་པོ་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུ་དང་། མུ་མཐུད་ཞན་ཆ་ཁ་གསབ་དང་། དོ་དམ་ལ་ཤུགས་སྣོན་རྒྱག་པ། དཔེ་སྟོན་གཏོད་པ་བཅས་བྱས་ནས“གྲོང་གསེབ་ཀྱི་ལམ་ཡག་པོ་བཞིའི་”སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་“ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་སྒོ་བྱང་ཞིག་ཏུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།
འབྲེལ་ཡོད་རྩོམ་ཡིག