ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བོད་ལྗོངས་ཀྱི་ལྷན་སྐྱེས་སྙིང་ནད་ཡོད་པའི་བྱིས་པ་ཕྱིར་ཕ་ཡུལ་དུ་ལོག་པས་“སེམས་མཐུན·ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཅེས་པའི་2019ལོའི་རོགས་སྐྱོབ་ལས་དོན་ཡོངས་སུ་མཇུག་སྒྲིལ།

2019-12-05 པདྨ་ཚེ་རིང་གིས་བསྒྱུར།
འདི་ནི་བློ་བཟང་ཆོས་འཛོམས་དང་ཚེ་བརྟན་བདེ་སྐྱིད་(གཡས་ཀྱི་གཉིས་པ)གཉིས་ཁྱིམ་མི་དང་ལྷན་དུ་ཕྱིར་ཕ་ཡུལ་དུ་ལོག་བཞིན་པ།
       ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་12པའི་ཚེས་2ཉིན། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་ ནས་ཡོང་བའི་ལྷན་སྐྱེས་སྙིང་ནད་ཅན་གྱི་བྱིས་པ་བློ་བཟང་ཆོས་འཛོམས་དང་ཚེ་བརྟན་བདེ་སྐྱིད་གཉིས་རྒྱལ་ས་པེ་ཅིང་གི་བྱིས་ནད་ཞིབ་འཇུག་ཁང་གི་ཁོངས་གཏོགས་བྱིས་པའི་སྨན་ཁང་(གཤམ་དུ་“བྱིས་ནད་ཞིབ་འཇུག་ཁང་” ཞེས་བསྡུ་རྒྱུ།)དུ་བདེ་བླག་ངང་གཤགས་བཅོས་དང་ལེན་བྱས་རྗེས་དྲག་བསྐྱེད་བྱུང་བ་དང་། ད་ཆ་སྨན་ཁང་ནས་ཕྱིར་བུད་དེ་ཕ་ཡུལ་དུ་ལོག་བཞིན་པ་འདིས་“སེམས་མཐུན·ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཅེས་པའི་2019ལོའི་རོགས་སྐྱོབ་ལས་དོན་བདེ་བླག་ངང་མཇུག་འགྲིལ་བ་མཚོན་ཡོད།
འདི་ནི་པེ་ཅིང་དང་གྱེས་ཁར་བློ་བཟང་ཆོས་འཛོམས་དང་ཚེ་བརྟན་བདེ་སྐྱིད་གཉིས་ཁྱིམ་མི་དང་ལྷན་དུ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དྲན་རྟེན་མཉམ་པར་བསྐྱོན་པ།
      རྒྱུས་ལོན་བྱུང་བ་ལྟར་ན། “སེམས་མཐུན·ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཅེས་པའི་རྩ་འཛུགས་ཨུ་ལྷན་གྱིས་ཟླ་5པ་དང་ཟླ་7པར་བོད་རང་སྐྱོང་ལྗོངས་དང་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སོ་སོ་ནས་བརྗོད་དོན་སྤྱི་ཕན་བྱ་འགུལ་རྒྱ་ཆེན་པོ་སྤེལ་ཞིང་། འདེམས་བཤེར་དང་ངེས་གཏན་བྱས་པ་བརྒྱུད་རོགས་སྐྱོབ་ཀྱི་ཆ་རྐྱེན་དང་མཐུན་པའི་བྱིས་པའི་ནད་པ་ པེ་ཅིང་དུ་བསྐྱལ་ནས་བྱིས་ནད་ཞིབ་འཇུག་ཁང་དང་། ཀྲུང་གོ་དང་འཇར་པན་གྱི་མཛའ་མཐུན་སྨན་ཁང་། རྒྱལ་སའི་གསོ་རིག་སློབ་ཆེན་བཅས་ཀྱི་ཁོངས་གཏོགས་པེ་ཅིང་ཐེན་ཐན་སྨན་ཁང་སོགས་སུ་སྙིང་ནད་སྨན་བཅོས་ཀྱི་ཆུ་ཚད་ལེགས་པའི་སྨན་ཁང་ནས་རིན་མེད་གཤགས་བཅོས་དང་ལེན་བྱས་པ་རེད། དེ་སྔོན་པེ་ཅིང་དུ་སྨན་བཅོས་བྱེད་པར་ཡོང་བའི་ལྷན་སྐྱེས་སྙིང་ནད་ཅན་གྱི་བྱིས་པ་གཞན་ཚང་མ་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་བུད་དེ་ཕྱིར་ཕ་ཡུལ་དུ་ལོག་ཡོད་པ་རེད།
འདི་ནི་བློ་བཟང་ཆོས་འཛོམས་དང་ཚེ་བརྟན་བདེ་སྐྱིད་གཉིས་ཀྱིས་སྨན་བཅོས་མི་སྣར་ཁ་བཏགས་ཕུལ་བ།
    ཕ་ཡུལ་དུ་མ་ལོག་གོང་བློ་བཟང་ཆོས་འཛོམས་དང་ཚེ་བརྟན་བདེ་སྐྱིད་གཉིས་ནང་མི་དང་སློབ་ཆུང་གི་སློབ་གཙོས་ཁྲིད་དེ་བྱིས་ནད་ཞིབ་འཇུག་ཁང་གི་སྨན་བཅོས་མི་སྣ་དང་ཀྲུང་གོའི་སེམས་པ་མཉམ་གཏོད་རྩ་འཛུགས་ཨུ་ལྷན་གྱི་ལས་བྱེད་མི་སྣར་ཁ་བཏགས་དང་དར་དམར་ཕུལ་ཏེ་བཀའ་དྲིན་མཚོན་པར་བྱས་ཤིང་། སྨན་བཅོས་མི་སྣས་ཀྱང་བྱིས་པ་གཉིས་ལ་དཔེ་ཁུག་སོགས་ཡིག་ཆས་སྤྲད་དེ་ཁོང་ཚོར་སློབ་གྲྭར་ལོག་རྗེས་སློབ་སྦྱོང་བཟང་པོ་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།
འདི་ནི་སྨན་བཅོས་མི་སྣས་བློ་བཟང་ཆོས་འཛོམས་(གཡོན་གྱི་དང་པོ་)དང་ཚེ་བརྟན་བདེ་སྐྱིད་གཉིས་ལ་དཔེ་ཁུག་སོགས་ཡིག་ཆས་སྤྲོད་བཞིན་པ།
       མཚམས་སྦྱོར་གནང་བ་ལྟར་ན། བློ་བཟང་ཆོས་འཛོམས་དང་ཚེ་བརྟན་བདེ་སྐྱིད་གཉིས་སྨན་ཁང་དུ་བསྡད་དེ་སྨན་བཅོས་མི་སྣས་འབད་བརྩོན་ཆེན་པོ་ལ་བརྟེན་ནས་དུས་ཡུན་ཐུང་ངུའི་ནང་སྨན་བཅོས་བྱ་ཐབས་གང་ལེགས་སྤྱད་པས་ཁོང་ཚོའི་གཤགས་བཅོས་དང་སླར་གསོ་ཚང་མ་ཧ་ཅང་བདེ་བླག་བྱུང་བ་དང་། བྱིས་པ་གཉིས་ཀ་དུས་ཐོག་ཏུ་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཕྱིར་བུད་དེ་རྒྱུན་ལྡན་གྱི་བྱིས་པ་དང་འདྲ་བར་བདེ་ཐང་དང་དགའ་སྤྲོའི་ངང་འཚར་ལོངས་ཡོང་གི་ཡོད།
འདི་ནི་བློ་བཟང་ཆོས་འཛོམས་དང་ཚེ་བརྟན་བདེ་སྐྱིད་ཀྱིས་ཁྱིམ་མི་དང་ཀྲུང་གོའི་སེམས་པ་མཉམ་གཏོད་ལས་དོན་མི་སྣ་དང་མཉམ་པར་བསྐྱོན་པ།
       བྱིས་ནད་ཞིབ་འཇུག་ཁང་གི་སྨན་བཅོས་ཁྲུའུ་ཡི་ཁྲུའུ་ཀྲང་ཝང་ཧྥེ་ཡིས། “བྱིས་པ་འདི་གཉིས་སྨན་ཁང་དུ་སླེབས་རྗེས་ང་ཚོས་ཁོ་ཚོར་ལྗང་མདོག་བགྲོད་ལམ་གཏོད་པ་དང་། འབྲེལ་ཡོད་ཚན་ཁག་གིས་སྨན་བཅོས་ཚོགས་པ་ཞིག་བཙུགས་ཏེ་གཅིག་སྡུད་གྲོས་བསྡུར་དང་ནུས་ཤུགས་ཡོད་རྒུས་མཉམ་ལས་བྱས་ཏེ་བྱིས་པ་གཉིས་ལ་བདེ་བླག་ངང་གཤགས་བཅོས་ཐུབ་པའི་འགན་ལེན་བྱས་པར་ཕན་འབྲས་བཟང་པོ་ཐོན་སོང་། ང་ཚོས་རེ་བའང་སླར་ཕྱིན་རང་འགུལ་ངང་མཐའ་འཁོབ་རི་ཁུལ་དུ་བསྐྱོད་དེ་ཀྲུང་གོའི་སེམས་པ་མཉམ་གཏོད་རྩ་འཛུགས་ཨུ་ལྷན་དང་མཉམ་ལས་ཀྱིས་དེ་བས་མང་བའི་བྱིས་པ་ནད་པ་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་དང་། ཁོ་ཚོའི་ཁྱིམ་ཚང་གི་ཁུར་པོ་ཡང་དུ་བཏང་ནས་ནད་ཀྱིས་རྐྱེན་པས་ཡང་བསྐྱར་དུ་དབུལ་བོར་འགྱུར་བའི་སྣང་ཚུལ་མི་འབྱུང་བ་བྱ་རྒྱུ་ཡིན།”ཞེས་བཤད།
       རྒྱུས་ལོན་བྱུང་བ་ལྟར་ན། ཚད་མཐོ་བའི་སྒོ་ནས་ནད་པའི་དཔལ་འབྱོར་གྱི་ཁུར་པོ་ཐག་གཅོད་བྱ་ཆེད། ད་ཐེངས་ཀྱི་རོགས་སྐྱོབ་བྱེད་པའི་བརྒྱུད་རིམ་ཁྲོད་དུ་“སེམས་མཐུན·ཀྲུང་གོའི་སེམས་པ་མཉམ་དུ་གཏོད”ཅེས་པའི་རྩ་འཛུགས་ཨུ་ལྷན་གྱིས་ནད་པའི་སྨན་བཅོས་འགྲོ་གྲོན་དང་། དེ་བཞིན་ཁྱིམ་མིའི་འགྲིམ་འགྲུལ་དང་འཚོ་བའི་འགྲོ་གྲོན་ཚང་མ་འགན་འཁུར་བ་རེད།
འབྲེལ་ཡོད་རྩོམ་ཡིག