ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཉིན་གཅིག་ལ་ཚོང་འགྲིག་ཚད་སྒོར་དུང་ཕྱུར་གཅིག་ལས་བརྒལ་བའི་ཚོང་འདུས།

2019-12-05
         བོད་ལྗོངས་ལྷོ་ཁའི་ཡར་ཀླུང་ཚོང་འདུས་སྐབས་39པ་འགོ་ཚུགས་པ་དང་འབྲེལ་ཉིན་དང་པོར་ཚོང་འགྲིག་ཚད་བསྡོམས་འབོར་སྒོར་དུང་ཕྱུར་ལས་བརྒལ་ཡོད་པ་རེད། 
         ཚེས་1ཉིན་གྱི་སྔ་དྲོ།    བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་ཡར་ཀླུང་ཚོང་འདུས་སྐབས་39པ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སུ་འགོ་ཚུགས་ཤིང་།    ཚོང་འདུས་དུས་ཡུན་ཉིན་བདུན་བསྟུད་མར་འཚོག་རྒྱུ་ཡིན་པ་རེད།   
         ངོ་སྤྲོད་བྱས་པར་གཞིགས་ན།    འདི་ལོའི་ཚོང་འདུས་ཐོག ས་ཆ་གསར་པ་དང་།    རྣམ་པ་གསར་པ།    དུས་ཆེན་གསར་པ།    སྤུས་རྟགས་གསར་པ་བཅས་བརྗོད་དོན་གཙོ་བོར་བྱས་ནས་ལྕགས་ཆས་ཁུལ་དང་།    ཁྱིམ་ཆས་ཁུལ།    ཁ་གདན་ཁུལ།    བཟའ་བཏུང་ཁུལ་སོགས་ཚོང་འདུས་ཁུལ་11བཙུགས་ཡོད་པ་རེད།     སྐབས་འདིའི་ཚོང་འདུས་ཐོག་འགྲེམས་གནས་སུམ་སྟོང་བཀོད་སྒྲིག་བྱས་པ་དེ་དག་སྒྲིག་འཛུགས་ཨུ་ལྷན་གྱིས་རྫོང་12ཀྱིས་དོན་དངོས་ཀྱི་གྲངས་འབོར་སྙན་ཞུ་གཞིར་བཞག་གི་ཐོག་ནས་འགྲེམས་གནས་བགོ་བཤའ་བརྒྱབ་པ་ཞིག་རེད་འདུག    
         ཤེས་རྟོགས་བྱུང་བར་གཞིགས་ན།    ཚོང་འདུས་རིང་མང་ཚོགས་ཀྱི་འགྲོ་སྐྱོད་ལ་སྟབས་བདེ་ཡོང་ཆེད།    སྒྲིག་འཛུགས་ཨུ་ལྷན་གྱིས་ད་དུང་སྤྱི་སྤྱོད་རླངས་འཁོར་25བཀོད་སྒྲིག་བྱས་ནས་ཚོང་འདུས་ལ་ཞུགས་མཁན་མང་ཚོགས་རྣམས་རིན་མེད་ངང་སྐྱེལ་འདྲེན་བྱེད་ཀྱི་ཡོད་པ་རེད། 
         སྒྲིག་འཛུགས་ཨུ་ལྷན་གྱིས་མཁོ་འདོན་བྱས་པའི་གྲངས་གཞིར་གཞིགས་ན།    ཚོང་འདུས་འགོ་ཚུགས་པའི་ཉིན་དང་པོར་མི་ཐེངས་བདུན་ཁྲིག་ཆིག་སྟོང་ལས་བརྒལ་བ་དང་།    འགྲེམས་ཞུགས་ཚོང་དུད་4271ཟིན་པ།    ཁྲོམ་འགྲེམས་ཚོང་ཟོག་གི་བསྡོམས་འབོར་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དགུ་དང་ས་ཡ་བརྒྱད་དང་བརྒྱད་འབུམ་བཅས་ཟིན་པ་དང་།    ཚོང་འགྲིག་བསྡོམས་འབོར་སྒོར་དུང་ཕྱུར་གཅིག་དང་ས་ཡ་ལྔ་དང་དྲུག་ཁྲི་ལས་བརྒལ་བ་བཅས་བྱུང་ཡོད་པ་རེད།
         དངོས་རྫས་ཉོ་ཚོང་ཚོང་འདུས་ལ་ཞུགས་ཐེངས་དང་པོ་ཡིན་པའི་བློ་བཟང་ཆོས་གྲགས་ལ་ལོ་20ཙམ་གྱི་ཤིང་བཟོ་བའི་ཉམས་མྱོང་ཡོད་པ་དང་ད་རེས་ཁོང་གིས་རང་ཉིད་ཀྱིས་གྲོང་ཚོའི་ནང་གི་ཤིང་བཟོ་བ་ཚོ་དང་མཉམ་དུ་ལག་བཟོས་ཁོ་ནའི་ཐོག་ནས་བཟོས་པའི་སྒྲ་སྙན་ཁག་གཅིག་འཁྱེར་ཡོད་པ་དང་དེ་སྔ་བློ་བཟང་ཆོས་གྲགས་ལ་ཁ་པར་བརྒྱབ་ནས་མངགས་ཉོ་བྱེད་མཁན་ཡོད་པའི་ཐོག་ད་ཐེངས་ཚོང་འདུས་བརྒྱུད་བློ་བཟང་ཆོས་གྲགས་ལ་མངགས་ཐོ་དེ་བས་མང་བ་བྱུང་ཡོད་པ་རེད།      
         འདི་ལོ་ནི་གསང་སྔགས་རྒྱ་མཚོ་ཡར་ཀླུང་ཚོང་འདུས་ལ་ཞུགས་ཐེངས་གསུམ་པ་དེ་ཡིན་པ་དང་ད་ཐེངས་ཁོང་གིས་ཚོང་འདུས་ཐོག་ཐོན་རྫས་བྲིན་ཚོང་མ་བྱས་པར་ཚོང་འདུས་ལ་ཡོང་མཁན་རྣམས་གདན་དྲངས་ནས་ཁོང་གིས་འདི་ལོ་གསར་སྤེལ་བྱས་པའི་ནས་ཆང་ལ་རིན་མེད་ཐོག་བྲོ་བ་མྱོང་དུ་འཇུག་པ་དང་འཛད་སྤྱོད་པའི་བསམ་འཆར་བསྡུ་ལེན་གྱིས་ཐོན་རྫས་ཀྱི་སྤུས་ཚད་མུ་མཐུད་མཐོ་རུ་གཏོང་ཐབས་བྱེད་ཀྱི་ཡོད་པ་རེད། 
   
         ཤེས་རྟོགས་བྱུང་བར་གཞིགས་ན།    ཡར་ཀླུང་ཚོང་འདུས་ནི་ལྷོ་ཁ་གྲོང་ཁྱེར་གྱི་སྲོལ་རྒྱུན་དཔལ་འབྱོར་ཚོང་དོན་གྱི་འདུ་ཚོགས་གཟབ་རྒྱས་ཤིག་ཡིན་པ་དང་།    1981ལོར་གཉེར་འགོ་ཚུགས་ཚུན་ཕུན་སུམ་ཚོགས་པོའི་ཐོག་ནས་སྐབས་38གཉེར་བ་རེད།     ད་ཆ་ཡར་ཀླུང་ཚོང་འདུས་དེ་དངོས་ཟོག་ཉོ་ཚོང་དང་།    རིག་གནས་སྤེལ་རེས།    བརྩེ་སེམས་སྤེལ་རེས།    ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་བཅས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་ནས་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་དང་།    སྤྱི་ཚོགས་ཀྱི་འཛད་སྤྱོད་རྒྱ་ཆེར་གཏོང་བ།    གྲོང་ཁྱེར་གྱི་དཔལ་འབྱོར་དར་རྒྱས་བཅས་ཡོང་རྒྱུར་ནུས་པ་གལ་ཆེན་ཐོན་བཞིན་ཡོད་པ་རེད།     
རྩོམ་སྒྲིག་པ། བདེ་སྒྲོལ། 
འབྲེལ་ཡོད་རྩོམ་ཡིག