ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཕོ་བྲང་པོ་ཏ་ལའི་རིག་གཏོད་མྱོང་རོལ་ཁང་དུ་ཉིན་རེའི་འགྲུལ་བའི་མི་ཐེངས་1000ལ་སླེབས་པ།

2019-12-05 འབྲུག་རྒྱལ་མཁར་གྱིས་བསྒྱུར།
               ཀྲུང་གོའི་བོད་ལྗོངས་དྲ་བ། ཕོ་བྲང་པོ་ཏ་ལའི་ལྷོ་ནུབ་ཀྱི་གྲུ་ཟུར་དང་དམར་པོ་རིའི་འདབས་ཀྱི་བྲག་ཕུག་ཏུ་ཡོད་པའི་ཕོ་བྲང་པོ་ཏ་ལའི་རིག་གཏོད་མྱོང་རོལ་ཁང་དེ་ཟླ་6པར་སྒོ་ཕྱེ་བ་ནས་བཟུང་ད་བར་ཟླ་6འགོར་བ་དང་། ཉིན་ལྟར་གྲོང་མི་དང་ཡུལ་སྐོར་བ་མང་པོ་ཞིག་ལྟ་སྐོར་དང་དངོས་པོ་ཉོ་བར་ཡོང་བཞིན་ཡོད། ཚེས་4ཉིན་གསར་འགོད་པས་ཤེས་རྟོགས་བྱུང་བར། མིག་སྔར་མྱོང་རོལ་ཁང་དུ་ཉིན་ལྟར་འགྲུལ་བའི་མི་ཐེངས་1000ལ་སླེབས་པ་དང་གཟའ་མཇུག་ཏུ་མི་ཐེངས་2000ཟིན་གྱི་ཡོད། 
               ཉེ་ཆར། དགུན་དུས་ཀྱི་འགྲུལ་བ་ཉུང་དུ་ཕྱིན་པའི་གནས་ཚུལ་ལ་ཁ་གཏད་དེ། མྱོང་རོལ་ཁང་གིས་དྲོད་འཛིན་ཤེལ་དཀར་དང་རྫ་ཆས་ཕོར་བའི་ཐོན་རྫས་རབ་དང་རིམ་པ་བཏོན་པ་དང་། དེ་དག་ཚང་མ་ནི་དགུན་དུས་ཀྱི་ཡུལ་སྐོར་བ་དང་ས་གནས་དེ་གའི་མང་ཚོགས་ཀྱི་གནས་ཚུལ་དང་ཧ་ཅང་འཚམ་པའི་རིག་གཏོད་ཐོན་རྫས་ཤ་སྟག་རེད། “དུས་ཚིགས་རེ་རེར་ང་ཚོ་ལ་ཐོན་རྫས་མི་འདྲ་བ་རེ་ཡོད།  དཔེར་ན་དགུན་ཁའི་དྲོད་འཛིན་ཤེལ་དཀར་དང་རྫ་ཆས་ཕོར་བ་ལྟ་བུ། དེ་ད་ལྟའི་དུས་ཚིགས་དང་ཚོང་ར་ལ་ཧ་ཅང་འཚམས་པོ་ཡོད་པས། ཚོང་ཧ་ཅང་རྒྱུག་པོ་ཡོད།”ཅེས་ཕོ་བྲང་པོ་ཏ་ལའི་རིག་གཏོད་མྱོང་རོལ་ཁང་གི་ཚོང་གཉེར་འགན་འཛིན་པ་ལེའོ་ཧྲི་ཆིན་གྱིས་དེ་ལྟར་བཤད།
               མྱོང་རོལ་ཁང་དུ་བོད་རྒྱ་མཐུན་སྒྲིལ་གྱི་མཚོན་བྱེད་ལྡན་པའི་“མིང་གོང་མའི་ཕོ་བྲང་ནང་གི་བཟོ་རྩལ་ཀྱི་གསེར་ཟངས་ལས་གྲུབ་པའི་འདབ་མ་བརྒྱད་ལྡན་གྱི་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར”ནི་ཚོང་ཁང་ནང་རྒྱུན་པར་འགྲེམས་སྟོན་བྱས་པའི་རིག་དངོས་ཡིན་པ་དང་དཀྱིལ་དུ་ཧ་ཅང་མངོན་གསལ་དོད་པོ་ཡོད།
               ལེའོ་ཧྲི་ཆིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། མྱོང་རོལ་ཁང་ནང་འགྲེམས་སྟོན་བྱས་པའི་འདྲ་བཟོས་རིག་དངོས་ཚང་མ་ནི་ཕོ་བྲང་པོ་ཏ་ལའི་དབྱིག་ནོར་ཁང་ནས་ཡིན་པ་དང་། དུས་ལྟར་བརྗེ་པོ་རྒྱག་གི་ཡོད། དེའི་དམིགས་ཡུལ་ནི་དབྱིག་ནོར་ཁང་གི་རིག་དངོས་དང་རིག་གནས་དྲིལ་བསྒྲགས་ལེགས་པོ་བྱས་ཏེ། རིག་དངོས་ཕྱི་ལ་ཐོན་ཐུབ་པར་བྱས་ནས་མང་ཚོགས་ཀྱིས་རིག་དངོས་ཤེས་རྟོགས་དང་དང་ལེན་བྱེད་པ། སྲུང་སྐྱོང་དང་རྒྱུན་འཛིན་ལེགས་པོ་བྱེད་ཐུབ་པ་བཅས་ཀྱི་ཆེད་དུ་ཡིན་ཞེས་བཤད།
               “མྱོང་རོལ་ཁང་ནང་གི་ཇུས་འགོད་ནི་ཐུན་མོང་མ་ཡིན་པ་ཞིག་སྟེ། མཐའ་འཁོར་ཧ་ཅང་ལྷིང་འཇགས་ཡིན་ལ་འགྲེམས་སྟོན་ཐོན་རྫས་ཀྱི་སྤུས་ཀ་ཡང་ཧ་ཅང་བཟང་། དངོས་ནས་དགའ་ས་ཞིག་རེད། ལྷག་པར་དུ་འདྲ་བཟོའི་ཕོ་བྲང་པོ་ཏ་ལ་དེ་པོ་ཏ་ལ་དངོས་དང་ཧ་ཅང་འདྲ་པོ་ཡོད་པས། གཅིག་ཉོས་ནས་ཡུལ་ལ་ལོག་རྗེས་གྲོགས་པོ་གཞན་ལ་སྟེར་དགོས་མིན་བསམ་བློ་བཏང་པ་ཡིན།”ཞེས་གྲོང་མི་སྒྲོལ་དཀར་ལྷ་མོས་དེ་ལྟར་བཤད།
               ཤེས་རྟོགས་བྱུང་བ་ལྟར་ན།  གྲོང་མི་དང་ཡུལ་སྐོར་བས་ཆེས་དགའ་པོ་བྱེད་པའི་“གངས་ལྗོངས་ཀྱི་མཆོག་གྱུར་ཕོ་བྲང”ནི་ཕོ་བྲང་པོ་ཏ་ལའི་འཛུགས་སྐྲུན་དངོས་ཀྱི་བཀོད་པ་གཞིར་བཟུང་བ་དང་། འབྱེད་ཚད་མཐོ་བའི་ཚད་འཇལ་གཞི་གྲངས་ལྟར།  ལག་རྩལ་ཆེས་གསར་ཤོས་སྤྱད་དེ་བསྡུར་ཚད་ནན་མོའི་སྒོ་ནས་འདྲ་བཟོ་བྱས་པ་ཞིག་རེད།“གངས་ལྗོངས་ཀྱི་མཆོག་གྱུར་ཕོ་བྲང”གི་འཛུགས་སྐྲུན་ཀྱི་ཆ་ཤས་གཙོ་བོ་ནི་ཆེ་ཆུང་མི་འདྲ་བའི་ལྷུ་ལག་276གིས་ལྷུ་སྒྲིག་བྱས་པ་ཞིག་ཡིན་ཞིང་། ཆ་ཤས་གཙོ་བོ་ལ་ཁྱོན་སྤོ་པར་བྱ་ཡུལ་178ཡོད་པ་དང་། སྒེའུ་ཁུང་དང་སྒོ་དང་རས་ཡོལ་159ནི་ལག་པས་བཟོས་པའི་ཚོན་ཁྲ་ཅན་གྱི་ཤོག་བུ་སྦྱར་ནས་གྲུབ་པ་ཡིན་ལ། ལྷུ་སྒྲིག་ཆོག་པའི་ཆོས་ཆས་་60ལྷག་ཙམ་ཡོད་པ་སོགས་ལས་ཀ་ཞིབ་ཚགས་ཆེ་ཞིང་རྙོག་འཛིང་ལྡན་པས་བཟོ་ཡུན་གཅིག་ལ་ཟླ་བ་གཅིག་འགོར་བ་རེད།
               ལེའོ་ཧྲི་ཆིན་གྱིས་བརྗོད་དོན། ཕོ་བྲང་པོ་ཏ་ལའི་རིག་གཏོད་མྱོང་རོལ་ཁང་ལས་གཉེར་འགོ་ཚུགས་པ་ནས་བཟུང་།“ཕོ་བྲང་པོ་ཏ་ལའི་རིག་གནས་ཁྱབ་བསྒྲགས་བྱེད་པའི”བཞེད་དོན་རྒྱུན་བསྐྱངས་ཏེ། ཕོ་བྲང་པོ་ཏ་ལའི་རིག་གཏོད་ཕྱི་ཕྱོགས་སུ་དྲིལ་བསྒྲགས་དང་། འགྲེམས་སྟོན། སྤེལ་རེས་བཅས་བྱེད་པའི་སྒེའུ་ཁུང་ལྟ་བུར་གྱུར་ཡོད་ཅེས་བརྗོད་པ་རེད།
               “ང་ཚོའི་རིག་གཏོད་ཐོན་རྫས་ཀྱི་ཇུས་འགོད་དེ་ཕོ་བྲང་པོ་ཏ་ལའི་རིག་གནས་དང་རྩ་ཆེའི་རིག་དངོས་ཀྱི་གྲུབ་ཆ་ལས་བྱུང་བ་ཞིག་ཡིན་ལ། རིག་གཏོད་ཐོན་རྫས་ཀྱི་གཞི་རྟེན་འདི་བརྒྱུད་དེ་གྲོང་མི་དང་ཡུལ་སྐོར་བར་ཕོ་བྲང་པོ་ཏ་ལས་རིག་དངོས་དཔེ་རྙིང་སྲུང་སྐྱོབ། བོད་རྒྱ་མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་རིག་གནས་དྲིལ་སྒྲོག་སོགས་ཀྱི་བྱ་གཞག་ངོ་སྤྲོད་བྱེད་པ་དང་། རྒྱ་ཆེའི་མང་ཚོགས་ཀྱིས་ལོ་རྒྱུས་ལ་ཤེས་རྟོགས་དང་། རིག་དངོས་ལ་དོ་སྣང་། རིག་གནས་ལ་སྲུང་སྐྱོབ་བཅས་བྱེད་དུ་འཇུག་པ། ཕོ་བྲང་པོ་ཏ་ལའི་རྩ་ཆེའི་རིག་གནས་སྔར་ལས་མང་ཚོགས་དང་འབྲེལ་འདྲིས་ཐུབ་པ་བྱས་ཏེ་མང་ཚོགས་ཀྱི་འཚོ་བའི་ཁྲོད་མཉམ་འདྲེས་ཐུབ་པར་བཅུག་པ་ཡིན།”ཅེས་ལེའོ་ཧྲི་ཆིན་གྱིས་དེ་ལྟར་བཤད།
               མྱོང་རོལ་ཁང་དགུན་དུས་སུ་སྒོ་ཕྱེ་བའི་དུས་ཚོད་ནི་ཞོགས་པའི་ཆུ་ཚོད་9དང་སྒོ་རྒྱག་པའི་དུས་ཚོད་ནི་དགོང་མོའི་ཆུ་ཚོད་10རེད།  ཁ་པར་ཨང་གྲངས། 17389004036  ས་གནས། ཕོ་བྲང་པོ་ཏ་ལའི་ནུབ་སྒོའི་མཆོད་རྟེན་དཀར་པོ་ཡོད་ས་བརྒྱུད་དེ་བདེ་འཇགས་ཞིབ་བཤེར་གྱི་སྒོ་ནང་འཛུལ་རྗེས་གཡས་ལ་སྨི་50སོང་ན་བྲག་ཕུག་གི་འཛུལ་སྒོར་སླེབས་ཐུབ།
འབྲེལ་ཡོད་རྩོམ་ཡིག