ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་། ཀྲུང་གོའི་བོད་ལྗོངས་དྲ་བ་བཅས་ལོ་ངོ་30ཡི་རིང་ལ་མཉམ་དུ་འཚར་ལོངས་དང་འཕེལ་རྒྱས་བྱུང་བ།

2019-12-11 འབྲུག་རྒྱལ་མཁར་གྱིས་བསྒྱུར།
            འདི་ནི་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཏང་ཙུའུ་ཧྲུའུ་ཅི་དང་རྒྱུན་ལས་ཡོན་ཀྲང་གཞོན་པ་ཝང་ཁྲང་ཡུས《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུར་ཞུགས་ནས་ཤིས་ཚིག་ཕུལ་བ།
            རྒྱལ་ཡོངས་གོང་འོག་ཚང་མས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གཏིང་ཟབ་མོའི་སྒོ་ནས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་སྐབས་སུ《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པར་རྟེན་འབྲེལ་ཞུས་པ་རེད།  དེར་བརྟེན་ངས་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཚབ་བྱས་ནས《ཀྲུང་གོའི་བོད་ལྗོངས》དུས་དེབ་དང་ཀྲུང་གོའི་བོད་ལྗོངས་དྲ་བར་ལྷག་བསམ་ཟོལ་མེད་ཀྱི་རྟེན་འབྲེལ་ཞུ་བ་ཡིན།  
            ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་གཉིས་དུས་རབས་གོང་མའི་ལོ་རབས་80པར་སྔ་རྗེས་སུ་བཙུགས་པ་རེད། ལོ་ངོ་30ཡི་རིང་ལ། ལས་ཁུངས་གཉིས་ཁ་ཕྱོགས་མཐུན་པར་མཉམ་དུ་འགྲོགས་པ་དང་། མཉམ་དུ་འཚར་ལོངས་དང་འཕེལ་རྒྱས་ཕྱིན་པ་རེད།
            ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་གིས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་གླེང་ཕྱོགས་ཀྱི་སྣེ་ཁྲིད་དེ། ཆབ་སྲིད་ཨང་དང་པོ་དང་སྤུས་ཀ་མཐོ་ཤོས་ཀྱི་རྩ་དོན་རྒྱུན་བསྐྱངས། ལག་ལེན་དང་གསར་གཏོད་བྱེད་ཕོད་ཅིང་། རང་གི་ཁྱད་ཆོས་འབུར་དུ་བཏོད་ཡོད། དུས་དེབ་ཁང་དང་དྲ་བ་འཕེལ་རྒྱས་བྱུང་བའི་གོ་རིམ་ཁྲོད་རབས་ཁ་ཤས་ཀྱི་ལས་མིས་དཀའ་སྤྱད་འབད་བརྩོན་དང་གསར་གཏོད་བརྩོན་ལེན་བྱས། ལོ་ངོ་30ཡི་འཕེལ་རྒྱས་དང་གྲུབ་འབྲས་བརྒྱུད་དེ་རིམ་གྱིས་དར་ཞིང་རྒྱས་པར་ཕྱིན་པ་དང་རྣམ་པ་བཟང་པོ་ཞིག་ཏུ་གྱུར་ཡོད། 《ཀྲུང་གོའི་བོད་ལྗོངས》དུས་དེབ་ཀྱི་ལེ་ཚན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་དང་། གཏན་ཁེལ་གྱི་ཁ་ཕྱོགས་གསལ་བ། ཁྱད་ཆོས་འབུར་དུ་ཐོན་ནས་རྒྱ་ཆེའི་ཀློག་པ་པོས་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་ལ་ངོས་ཟིན་བྱེད་པའི་གལ་ཆེའི་སྒེའུ་ཁུང་ལྟ་བུར་གྱུར་ཡོད། ཀྲུང་གོའི་བོད་ལྗོངས་དྲ་བས་སྐད་རིགས་མང་པོ་དང་སྨྱན་སྦྱོར་ཡོངས་ཀྱི་འཛུགས་སྐྲུན་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ།  ཧུར་ཐག་སྒོས་དབང་གྲགས་ཆེ་བའི་ཕྱོགས་བསྡུས་དྲ་ཚིགས་ཤིག་བཏོད་པ་རེད། 《ཀྲུང་གོའི་བོད་ལྗོངས》དུས་དེབ་དང་ཀྲུང་གོའི་བོད་ལྗོངས་དྲ་བས་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་དུས་ཐོག་ཏུ་ཡང་དག་པའི་སྒོ་ནས་དྲིལ་བསྒྲགས་བྱེད་པ་དང་། ཕུལ་བྱུང་གི་མི་རིགས་རིག་གནས་ཁྱབ་སྤེལ་གཏོང་བ། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་མི་དམངས་ཀྱི་རླབས་ཆེ་བའི་འབད་བརྩོན་དང་ལག་ལེན་མངོན་པར་མཚོན་པ། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་འགྱུར་ལྡོག་ཆེན་པོ་ཇི་བཞིན་ཟིན་ཐོར་བཀོད་ནས། བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་འཕེལ་རྒྱས་ལ་སྲུང་སྐྱོང་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད།
            ལོ་ངོ་30རིང་ལག་གདང་སྦྲེལ་ནས་མདུན་སྐྱོད། ལོ་ངོ་30རིང་གི་ཁ་ཆར་བུ་ཡུག་གདོང་གིས་བསུས། 《ཀྲུང་གོའི་བོད་ལྗོངས》དུས་དེབ་དང་ཀྲུང་གོའི་བོད་ལྗོངས་དྲ་བས་ཕྱི་ཕྱོགས་ནས་བོད་ལྗོངས་ལ་ཤེས་རྟོགས་དང་སློབ་སྦྱོང་སྤེལ་རེས་བཅས་བྱེད་པར་སྟེགས་བུ་དང་རྟེན་གཞི་ཞིག་བསྐྲུན་པ་མ་ཟད། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བ་དང་། ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱི་ཡོན་གནས་ལམ་ལུགས་ཀྱི་མྱུ་གུ་འབུས་ནས་ལོ་འདབ་རྒྱས་ཤིང་འབྲས་བུ་སྨིན་པའི་གོ་རིམ་ཡོངས་དངོས་སུ་བརྒྱུད་ལ་ལོ་རྒྱུས་ཀྱི་དཔང་པོ་དང་ཟིན་ཐོར་བཀོད་མཁན་ཞིག་ཀྱང་ཡིན།ལོ་ངོ་30ལྷག་ཙམ་གྱི་རིང་ལ། མཐོ་རིམ་ནང་བསྟན་སློབ་གླིང་གིས་བོད་བརྒྱུད་ནང་བསྟན་གྱི་ཚབ་བྱེད་མི་སྣ་གསོ་སྐྱོང་གི་ཐབས་ལམ་གཙོ་བོའི་ལེགས་ཆ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཡུལ་ས་གལ་ཆེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སློབ་གསོའི་སྤུས་ཀ་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་སྔ་རྗེས་སུ་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་བོད་བརྒྱུད་ནང་བསྟན་གྱི་ཚབ་བྱེད་མི་སྣ་སྟོང་ཕྲག་ལྷག་གསོ་སྐྱོང་བྱས་ཡོད། སྐབས་སོ་སོའི་ཡོན་གནས་སྤྲོད་པའི་བྱེད་སྒོའི་ཁྲོད་དུ་《ཀྲུང་གོའི་བོད་ལྗོངས》དུས་དེབ་ཀྱི་གསར་འགོད་པ་དང་རྩོམ་སྒྲིག་པ་དག་མཐོང་ཐུབ། སློབ་གླིང་གིས་བྱེད་སྒོ་གལ་ཆེན་སྤེལ་ཐེངས་རེ་རེར་ཀྲུང་གོའི་བོད་ལྗོངས་དྲ་བས་ཆེས་སྔོན་ལ་དུས་ཐོག་ཏུ་གནས་ཚུལ་སྤེལ་བ་དང་། ང་ཚོ་མཉམ་འབྲེལ་སྒོས་ཕྱི་ཕྱོགས་སུ་སོང་ནས་ཐེངས་གང་མང་ལ་བགྲོ་གླེང་སྤེལ་བ་རེད། ང་ཚོ་ཐུན་མོང་གིས་བོད་བརྒྱུད་ནང་བསྟན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཀྲུང་གོའི་གཏམ་རྒྱུད་ལེགས་པོར་བཤད་པ་ཡིན་ལ། ཀྲུང་གོའི་ཆོས་ལུགས་སྲིད་ཇུས་དང་བོད་བརྒྱུད་ནང་བསྟན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་གཏམ་བཟང་ཁྱབ་སྤེལ་བྱས་ནས་དུས་རབས་གསར་པའི་བོད་བརྒྱུད་ནང་བསྟན་གྱི་ཚབ་བྱེད་མི་སྣའི་སྣང་བརྙན་ལེགས་པར་མཚོན་ཡོད། འདས་ཟིན་པར་ཕྱི་མིག་ལྟ་སྐབས། སློབ་གླིང་གི་འཛུགས་སྐྲུན་དང་འཕེལ་རྒྱས་དེ《ཀྲུང་གོའི་བོད་ལྗོངས》དུས་དེབ་དང་ཀྲུང་གོའི་བོད་ལྗོངས་དྲ་བའི་ཤུགས་ཆེན་པོའི་རྒྱབ་སྐྱོར་དང་རོགས་རམ་བཅས་དང་ཁ་འབྲལ་ཐབས་མེད། མ་འོངས་པར་རྒྱང་ལྟ་བྱས་ཚེ།《ཀྲུང་གོའི་བོད་ལྗོངས》དུས་དེབ་དང་ཀྲུང་གོའི་བོད་ལྗོངས་དྲ་བས་གླེང་ཕྱོགས་ཀྱི་ཁྲིད་སྟོན་དང་སྨྱན་སྦྱོར་ལས་སྟེགས་ཀྱི་ལེགས་ཆ་མུ་མཐུད་འདོན་སྤེལ་བྱེད་པ་དང་། མཉམ་འདྲེས་ཁྱབ་སྤེལ་གྱི་བྱེད་ཐབས་སྤྱད་དེ་དུས་རབས་གསར་པའི་བོད་བརྒྱུད་ནང་བསྟན་གྱི་ཚབ་བྱེད་མི་སྣ་གསོ་སྐྱོང་ཡག་པོ་བྱེད་པ། དུས་རབས་གསར་པའི་ཀྲུང་གོའི་གཏམ་བཟང་བརྒྱུད་བསྒྲགས་བཅས་བྱས་ཏེ། ཐུན་མོང་ཐོག་བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་འཕེལ་རྒྱས། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་འབུལ་རྒྱུའི་རེ་བ་ཡོད།
            དུས་སྐབས་བཟང་པོའི་དཔལ་ཡོན་ཤར། །ལོ་ངོ་སུམ་ཅུའི་གཟི་བྱིན་འབར། །《ཀྲུང་གོའི་བོད་ལྗོངས》དུས་དེབ་ཀྱི་ངོས་ནས་བརྗོད་ན་ལོ་འཁོར་30ལོན་པ་ནི་ཏག་ཏག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁྲོད་ཀྱི་ཤོག་ལྷེ་གལ་ཆེན་ཞིག་ཡིན་ལ་དུས་རབས་གསར་པར་བསྐྱོད་པའི་འགོ་འཛུགས་ས་གསར་པ་ཞིག་ཀྱང་ཡིན་པས། སྤྱི་ཚོགས་ཀྱི་ལས་རིགས་ཁག་དང་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་རྒྱབ་སྐྱོར་འོག དུས་དེབ་ཁང་དང་དྲ་བའི་ལས་མི་ཚང་མས་དུས་བསྟུན་མདུན་སྐྱོད་དང་། རྣམ་འགྱུར་གསར་པ་དང་རྣམ་པ་གསར་པ། བྱེད་ཐབས་གསར་པ་བཅས་ཀྱི་ཐོག་ནས་སྔར་ལས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཞིག་གཏོད་ངེས་ཡིན་པ་ང་ཚོ་ལ་ཡིད་ཆེས་ཟབ་མོ་ཡོད།
            《ཀྲུང་གོའི་བོད་ལྗོངས》དུས་དེབ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་ཇི་ཙམ་གཉེར་བ་དེ་ཙམ་གྱིས་ཡག་པོ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་བ་ཡིན།
འབྲེལ་ཡོད་རྩོམ་ཡིག