ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ཝུའུ་དབྱིང་ཅེ་ལྷ་ས་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

2020-01-10
         ཟླ་1ཚེས་8ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ལྷ་ས་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་ནང་ཕེབས་ནས་འཐུས་མི་ཚོ་དང་ལྷན་དུ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་པའི་སྲོལ་ཡིག(འཆར་ཟིན)》བཅས་ལ་གྲོས་ཞིབ་གནང་བ། 
         ཚེས་8ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ལྷ་ས་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་ནང་ཕེབས་ནས་འཐུས་མི་ཚོ་དང་ལྷན་དུ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་པའི་སྲོལ་ཡིག(འཆར་ཟིན)》བཅས་ལ་གྲོས་ཞིབ་གནང་བ། 
         པད་མ་དབང་འདུས་དང་། ལིའུ་ཅང་། རྡོ་རྗེ་བཅས་གྲོས་ཞིབ་ནང་ཞུགས་ཡོད་པ་རེད། 
         གྲོས་ཞིབ་གནང་རིང་། ཁྲུན་ཤིན་དང་། བསྟན་འཛིན། སྤེན་པ་སྒྲོལ་མ་སོགས་འཐུས་མིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གཙོ་གནད་ཐོག་གཞིགས་ནས་གཏམ་བཤད་ཧུར་ཐག་སྤེལ་ཞིང་། ཚང་མས་ལས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མྱོང་ཚོར་གླེང་བ་དང་། གནད་དོན་གསུངས་པ། འཆར་གཞི་གསུངས་པ་རེད། ཝུའུ་དབྱིང་ཅེས་གསན་ཞོར་དུ་ཟིན་བྲིས་སྐྱོན་བཞིན་འཐུས་མི་ཚོ་དང་ལྷན་དུ་སྤེལ་རེས་གཏིང་ཟབ་གནང་བ་དང་འབྲེལ། ཚང་མ་དང་ལྷན་དུ་འབབ་འཕར་གྱི་རྩིས་བསྐྱོན་པ་དང་། ཕྱུག་འགྱུར་གྱི་ཐབས་ཇུས་བཏིང་གནང་བས་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པ་རེད། 
         ཚང་མའི་གཏམ་བཤད་གསན་རྗེས། ཝུའུ་དབྱིང་ཅེས་གསུང་བཤད་གནང་ཞིང་། ཁོང་གིས་བློ་མཐུན་ཆེ་དགྲ་ལྷས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་བརྩེ་སེམས་དང་། ཆུ་ཚད། ནང་དོན་བཅས་ཟབ་མོ་ལྡན་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འདོད་འདུན་མཚོན་ཞིང་། ཚང་མའི་གདེང་ཚོད་ཆེ་རུ་ཕྱིན་པ་དང་སེམས་ཤུགས་འཕེལ་ཡོད་པས། ངས་ཡོངས་སུ་མོས་མཐུན་ཡོད། འཐུས་མི་ཚོས་ལྟེ་བའི་ལས་དོན་ལ་དམིགས་ནས་དོན་གཉེར་དང་ནུས་ཆེའི་བསམ་འཆར་དང་གྲོས་འགོ་མང་པོ་བཏོན་གནང་བས་བསམ་བློ་གཅིག་གྱུར་དང་ཐུན་མོང་གི་ངོས་འཛིན་གཅིག་མཐུན་གྱི་དམིགས་ཡུལ་དུ་སླེབས་ཡོད་ཅེས་གསུངས་པ་རེད། 
         ཝུའུ་དབྱིང་ཅེས་ལྷ་ས་གྲོང་ཁྱེར་གྱིས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱས་པ། དམངས་འཚོ་ལེགས་སུ་ནུས་ལྡན་བཏང་བ་བཅས་ཀྱི་བརྒྱུད་རིམ་ནང་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་གྲུབ་འབྲས་འདི་དག་ལས་སླ་པོར་ཐོབ་པ་ཞིག་མ་ཡིན། འདི་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་གྱི་ཡང་དག་པའི་སྣེ་ཁྲིད་ལ་བརྟེན་ནས་ཐོབ་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་ལ་བརྟེན་ནས་ཐོབ་པ། རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དང་སྒེར་སེམས་མེད་པའི་རོགས་སྐྱོར་ལ་བརྟེན་ནས་ཐོབ་པ་བཅས་རེད། དེའི་ནང་ལྷ་ས་གྲོང་ཁྱེར་གྱི་ལས་བྱེད་པ་དང་མང་ཚོགས་ཡོངས་ཀྱི་སྒྱུར་བཅོས་གསར་གཏོད་དང་མཐུན་སྒྲིལ་འབད་འཐབ་འདུས་ཡོད། ལྷ་ས་གྲོང་ཁྱེར་གྱིས་གཞི་རྟེན་གསར་གཏོད་དང་བཀའ་བཟང་གསོས་སུ་སྨིན་པར་བྱས་ཏེ་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་དམིགས་བསལ་ལེགས་ཆ་དང་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དྲིལ་བསྒྲགས་ཡག་པོ་བྱས་ཏེ་མཛེས་སྡུག་ལྡན་པའི་འཚོ་བའི་ཁྲོད་མང་ཚོགས་ཚོས་བོད་ཀྱི་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གྱི་ཚབ་གནང་མཁན་ཀྲུང་གོ་གུང་ཁྲན་ཏང་ཁོ་ན་ལས་མེད་པ་དང་། མི་དམངས་རང་ཁྱིམ་རང་བདག་འགན་ལེན་བྱེད་པ་དང་། མི་དམངས་ཀྱི་ཐུན་མོང་འདོད་འདུན་མངོན་པ། མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་མཁན་བཅས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཁོ་ན་ལས་མེད་པ་མྱོང་ཚོར་གཏིང་ཟབ་ཐུབ་པ་བྱས་ཏེ། སྔར་ལས་ལྷག་པའི་ངང“མོས་སེམས་ལྔ”ཆེ་རུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་བཏང་ཐོག་དར་ཆ་གསལ་སྟོན་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་དང་། ཐུན་མོང་ཐོག་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་ཞེས་གསུངས་པ་རེད།
         ཝུའུ་དབྱིང་ཅེས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་ནི་ཏང་ཀྲུང་དབྱང་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་ལ་སྤྲད་གནང་བའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་དུས་བཀག་དང་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་ལེགས་སྒྲུབ་བྱེད་དགོས། ལྷ་ས་གྲོང་ཁྱེར་གྱིས་གནད་སྨིན་འབུར་ཐོན་དང་། གཙོ་གནད་སྟངས་འཛིན། བྱ་སྤྱོད་ཧུར་ཐག་སྤེལ་བ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་གཏོང་དམག་འཐབ་རྒྱུན་མཐུད་ཡག་པོ་བརྒྱབ་ནས་དབུལ་ཞྭ་ཕུད་ཀྱང་འགན་འཁྲི་འཁུར་མཚམས་མི་འཇོག་པ་དང་། དབུལ་ཞྭ་ཕུད་ཀྱང་སྲིད་ཇུས་ལག་བསྟར་བྱེད་མཚམས་མི་འཇོག་པ། དབུལ་ཞྭ་ཕུད་ཀྱང་ལྟ་འདོམས་བྱེད་མཚམས་མི་འཇོག་པ་བཅས་བྱེད་དགོས། གཞི་ཁྱོན་གཅིག་སྡུད་འོས་འཚམ་གྱི་རྩ་དོན་ལ་དམ་པོར་དམིགས་པ་དང་། ལེགས་ཆའི་ཐོན་ཁུངས་ལ་གཞི་ཚུགས་པ་དང་ལེགས་ཆ་གནས་ས་འཚོལ་ཞིབ་གནད་འཁེལ་བྱས་ཏེ་འབྲི་གཡག་རྒྱགས་གསོ་སོགས་ཀྱི་ཁྱད་ལྡན་ཐོན་ལས་བཅས་གཙོ་གནད་ལས་དོན་སྤེལ་རིང་བསམ་གཞིག་ནན་ཏན་དང་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱེད་པ་དང་། བསམ་ཕོད་པ་དང་སྒྲུབ་ཕོད་པ་དང་། གདོང་ལེན་བྱེད་ཕོད་པ་དང་ཚོད་ལྟ་བྱེད་ཕོད་པ། དབུལ་སྒྲོལ་ཐོན་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་གཏོང་བ། མང་ཚོགས་དབུལ་པོ་ཐག་ཉེ་ས་དང་སྟབས་བདེ་སར་ཐོན་ལས་ནང་མཉམ་འདྲེས་ཐུབ་པའི་འགན་ལེན་བྱེད་པ། དབུལ་སྒྲོལ་བརྟན་པོ་དང་དབུལ་པོ་བསྐྱར་ལོག་མི་ཐེབས་པ་བཅས་བྱས་ཏེ་ལྗོངས་ཡོངས་ལ་བསྐྱར་ཟློས་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་བཟང་པོ་དེ་བས་མང་བ་གཏོད་དགོས་པའི་ནན་བཤད་གནང་བ་རེད། 
         ཝུའུ་དབྱིང་ཅེས་འདི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུའི་ལོ་ཞིག་ཡིན་པས་ལས་དོན་ཁག་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། ལྷ་ས་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི“ཞིང་གསུམ”གྱི་ལས་དོན་ཐད་ངེས་པར་དུ་ལེགས་སྒྲུབ་བྱེད་དགོས་པའི་ལས་འགན་དང་ཡང་ཡང་བསྡུར་ཏེ་རྣམ་གྲངས་གལ་ཆེན་དང་དམངས་འཚོའི་རྣམ་གྲངས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་དང་ཞིང་འབྲོག་ཁུལ་གྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བའི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། མ་དངུལ་གཤམ་སྤྲོད་དང་ལས་དོན་གཤམ་སྤེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། གཙོ་གནད་ལ་དམ་འཛིན་དང་། ཞན་ཆ་གསབ་པ། རྨང་གཞི་བརྟན་གཏོང་བཅས་བྱེད་པ། ཕྱོགས་ཁག་གི་སྟོབས་ཤུགས“ཞིང་གསུམ”ཁྱབ་ཁོངས་སུ་གཅིག་སྡུད་བྱེད་པ། བདེ་འཇགས་འཐུང་ཆུ་དང་ལས་ཞུགས་་དང་། སྨན་བཅོས། སློབ་ཞུགས་སོགས་མང་ཚོགས་ཀྱི་འཕྲལ་མཁོ་ཆེ་ཤོས་དང་། རེ་སྒུག་ཆེ་ཤོས། སེམས་ཁྲལ་ཆེ་ཤོས་བཅས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། གྲོང་གསེབ་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད། 
         ཝུའུ་དབྱིང་ཅེས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ་ནི་ཐོག་མཐའ་བར་གསུམ་དུ་རང་ལྗོངས་ཀྱི་ལས་དོན་གྱི་ཨང་དང་པོ་རེད། ལྷ་ས་གྲོང་ཁྱེར་གྱིས་སྔར་ལས་ལྷག་པའི་ངང་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་མ་བྱུང་སྔོན་འགོག་རྩ་དོན་དུ་བྱས་ཏེ་ལས་དོན་སྒྲུབ་པ་དང་། གནད་དོན་ཆེན་པོ་མ་ཐོན་སྔོན་འགོག་བྱ་རྒྱུ་རྨང་གཞིར་བྱས་ནས་གྲ་སྒྲིག་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་འགན་འཁྲི་དོན་འཁྱོལ་བྱ་རྒྱུ་ཚད་གཞིར་བྱས་ཏེ་ལས་བྱེད་པར་ལྟ་སྟངས་འཛིན་པ་བཅས་བྱས་ནས་གནད་དོན་གྱི་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་བྱས་ཏེ་སེལ་བ་དང་འགོག་ཟོན་བྱས་ནས་ཐག་གཅོད་ཡག་པོ་བྱེད་དགོས། ཏང་གིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། ཁྲིད་སྟོན་ཐད་ཤུགས་ནུས་ལྡན་རྒྱག་པ། ཕྱོགས་ཁག་གི་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་སྤེལ་བྱེད་པ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་དང་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག