ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།

2020-01-19
ཟླ་1ཚེས་16ཉིན་གྱི་སྔ་དྲོ། ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ།
ཟླ་1ཚེས་16ཉིན་གྱི་སྔ་དྲོ། ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ཆེན་གྱི་ཚོགས་ར་ཡིན་པ།
         ཚེས་16ཉིན་གྱི་སྔ་དྲོ། ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
         ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཚོགས་འདུ་གཙོ་སྐྱོང་གནང་བ། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་2019ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་ཞིབ་དཔྱད་དཔྱད་དཔོག་གནས་ཚུལ་བརྡ་ཁྱབ་བཏང་གནང་བ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ཕེབས་པ། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་བཀོད་འདོམས་དཔོན་བཅས་ཡིན་པའི་ནོར་བུ་དོན་གྲུབ་ཀྱིས་དབུལ་སྒྲོལ་འགག་སྒྲོལ་སྲ་བརྟན་དུ་གཏོང་བའི་འབྲེལ་ཡོད་ལས་འགན་ཞིབ་ཕྲའི་བཀོད་སྒྲིག་གནང་བ། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བསྟན་ཁོ་དང་། པད་མ་དབང་འདུས། ལིའུ་ཅང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
         ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུ་དང་རྒྱལ་ཡོངས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ཡིག་ཐོག་ནས་བརྒྱུད་བསྒྲགས་བྱས་པ་དང་། ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་པའི་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་བློ་མཐུན་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་གྱི་འཐུས་མིར་བྱ་དགའ་གནང་བ་རེད།
         ཝུའུ་དབྱིང་ཅེས་གསུངས་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་པ་དང་། འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་དོན་ཆེན་གསུམ་དམ་འཛིན་ཡག་པོ་དང་ཏང་འཛུགས་སྐྱོང་སྟོབས་ཆེར་གཏོང་རྒྱུ་དེ་འགན་སྲུང་དུ་བྱེད་པ་དང་ཆབས་ཅིག་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་དེ་ཉིད་ན་ནིང་གི་གལ་ཆེའི་ནང་གི་འགངས་ཆེའི་ལས་འགན་གཉིས་ཀྱི་གྲས་ཤིག་ལ་བརྩིས་པ་དང་། “སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་དམིགས་ཚད་ལ་གཞིགས་པ། རྫོང་དང་ཆུས་དབུལ་པོ་ལྷག་འཕྲོ་19དང་མི་འབོར་དབུལ་པོ་ལྷག་མ་ཁྲི་15ལ་དམིགས་པ། རྫོང་རེ་རེ་བཞིན་གྱི་དབུལ་པོ་ཆགས་རྐྱེན་དབྱེ་ཞིབ་བྱེད་པ། རྫོང་བབ་དང་བསྟུན་ནས་ཁྱད་པར་ཅན་གྱི་སྲིད་ཇུས་ལག་ལེན་བསྟར་བ། གང་ཐུབ་ཅི་ཐུབ་དང་། འཁོས་དཔག་ལས་སྒྲུབ། གྲོན་ཆུང་གཙིགས་སུ་འཛིན་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། དབུལ་སྒྲོལ་འགག་སྒྲོལ་གྱི་འགན་འཁྲི་རིམ་པ་བཞིན་ནན་དུ་གཏོང་བ་བཅས་བྱས་ཏེ། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་མངོན་གསལ་དོད་པའི་གནད་དོན་ཚང་མ་ཐག་གཅོད་བྱས་པས་རོགས་སྐྱོར་བྱེད་ཐབས་ཁག་ཏན་ཏིག་ནུས་ལྡན་ཡོད་པ་དང་། ཁ་གཏད་བོད་སྐྱོར་ལ་སྐུལ་འདེད་ཤུགས་ཆེན་ཐུབ་པ། དབུལ་སྒྲོལ་འགག་སྒྲོལ་གྱི་སྐོར་གཟིགས་དང་ཞིབ་དཔྱད་ཐད་ཤེས་རྟོགས་བྱུང་བའི་གནད་དོན་ལ་དག་ཐེར་གྱི་ཕན་འབྲས་མངོན་གསལ་དོད་པ། དབུལ་སྐྱོར་དེ་བློ་སྐྱོར་རིག་སྐྱོར་དང་དཔུང་གཤིབ་མཉམ་སྐྱོད་བྱུང་བ་བཅས་ལས་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད།
         ཝུའུ་དབྱིང་ཅེས་བླང་བྱ་བཏོན་གནང་དོན། གཅིག་ནས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་ཀྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ལྷོད་གཡེང་མི་ཤོར་བ་བྱེད་དགོས་ཤིང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བློ་བརྟན་འགྱུར་མེད་ངང་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྲ་བརྟན་དང་གོང་མཐོར་གཏོང་བ་དེ་སྔར་བས་གལ་ཆེ་བའི་གནས་བབ་ཏུ་འཇོག་པ་དང་། བསམ་བློར་ལྷོད་གཡེང་དང་འཐོམ་སྦྲིད་སྣང་ཆུང་གཏན་འགོག་མཐའ་གཅིག་ཏུ་བྱེད་པ། བསྟུད་མར་དམག་འཐབ་དང་འཐབ་ཀྱིན་དཔའ་བར་ཇེ་ཆེར་འགྲོ་བའི་སྤྱོད་ཚུལ་དར་སྤེལ་གཏོང་བ། འགག་སྒྲོལ་གྱི་རྣམ་པ་རྒྱུན་འཁྱོངས་བཅས་བྱེད་དགོས། འཁུར་འོས་པའི་འགན་འཁྲི་ནུས་ཤུགས་ཡོད་རྒུས་ལག་བསྟར་གྱིས“མི་འཕུད་པ་བཞིའི”བླང་བྱ་དོན་འཁྱོལ་ཏན་ཏིག་ངང་ཡག་པོ་བྱས་ནས། དམིགས་ཚད་མི་འགྱུར་བ་དང་བྱེད་ཤུགས་མི་ཉམས་པ་དང་། སྒྲིག་གཞི་མི་འགྱུར་བ་དང་མི་སྣ་མི་ཐོར་བ། སྲིད་ཇུས་མི་འགྱུར་བ་དང་ཕན་འབྲས་མི་ཉམས་པ། སྤྱོད་ཚུལ་མི་འགྱུར་བ་དང་འགན་འཁྲི་ཡང་དུ་མི་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ། ཧྲག་དམག་གཡུལ་འདྲེན་གང་ལེགས་བྱེད་དགོས། དངོས་སྒྲུབ་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་བཏང་སྟེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱས་ནས་དབུལ་སྐྱོར་ཁྱབ་ཁོངས་ལ་སྤྱོད་གཙང་གཞུང་དྲང་ཡོང་བའི་འགན་ལེན་བྱེད་དགོས།
         གཉིས་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་ལོ་རྒྱུས་ཀྱི་ཞིབ་དཔྱད་ཐེག་ཐུབ་པ་བྱེད་དགོས་ཤིང་། སེམས་ནུས་གཙོ་བོ་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གོང་མཐོར་གཏོང་བ་དང་དབུལ་པོ་བསྐྱར་ལོག་གཏན་འགོག་ཐད་བཞག་ནས། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་གནད་སྨིན་དབྱེ་འབྱེད་དང་། ཐོན་ལས་ཀྱི་འདེགས་སྐྱོར། སྲིད་ཇུས་ཀྱི་ལྕག་སྐུལ། ལས་ཞུགས་སྔོན་འཇོག བོད་སྐྱོར་གྱི་རོགས་རམ། སྤྱི་ཚོགས་འགན་བཅོལ་གྱི་ཐ་སྐྱོང་སོགས་ལས་དོན་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་པ་དང་། ད་ལྟའི་ལག་བསྟར་ཚད་གཞི་མཐའ་འཁྱོངས་བྱས་ཏེ་ཆད་ལུས་དང་ཞན་ཆ་ནན་ཏན་ངང་འཚོལ་བ། དབུལ་པོ་བསྐྱར་ལོག་ལྟ་སྐུལ་ཚད་ལེན་གྱི་ཉེན་བརྡའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་ཀྱི་རྗེས་མཐུད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། གནས་སྤོས་མང་ཚོགས་གཞིས་ཆགས་ཐུབ་པ་དང་ལས་ཀ་ཡོད་པ་བྱས་ནས་རིམ་གྱིས་ཕྱུག་པོ་ཆགས་ཏེ་སྤུས་ཚད་མཐོ་བའི་དབུལ་སྒྲོལ་མངོན་འགྱུར་ཧུར་ཐག་ཡོང་བ་བྱེད་དགོས།
         གསུམ་ནས་ཁྱད་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་ནས་དབུལ་སྒྲོལ་བརྟན་པོ་རྒྱུན་མཐུད་ཡོང་བ་བྱེད་དགོས་ཤིང་། ས་ཁུལ་ཁག་གིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་དང་། ཐག་ཉེ་ས་དང་སྟབས་བདེ་ས། རང་ས་རང་ཡུལ་དང་འབྲལ་མི་དགོས་པ། སྒྲུབ་ཐུབ་པ་དང་སྒྲུབ་མཁས་པ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས། གསེར་རི་དངུལ་རི་དགོས་ལ་སྔོ་ཞིང་དྭངས་པའི་རི་ཆུ་དེ་བས་ཀྱང་དགོས་པའི་འདུ་ཤེས་བརྟན་པོ་འཛུགས་དགོས་ཤིང་། ཞིང་ལས་འཚམ་ན་ཞིང་ལས་བྱེད་པ་དང་། འབྲོག་ལས་འཚམ་ན་འབྲོག་ལས་བྱེད་པ། ནགས་ལས་འཚམ་ན་ནགས་ལས་གཉེར་བ། སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། རིགས་དབྱེ་ཇུས་བསྟར་བཅས་བྱས་ཏེ། སེམས་ནུས་གཅིག་ཏུ་བསྒྲིལ་ནས་རྨང་གཞི་བཟང་ལ་གཏིང་ཤུགས་ཆེ་བ་དང་རྒྱུན་མཐུད་རུང་བའི་ཐོན་ལས་གོང་འཕེལ་གཏོང་བ་དང་། གཏན་འཁེལ་རེ་བྱས་ན་དེ་ཡག་པོ་སྒྲུབ་པ། ཐོན་ལས་འཆར་འགོད་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་ཐོན་ལས་གྱི་འཁོར་སྦྲེལ་རིང་དུ་གཏོང་བ། རིམ་པ་མང་ལ་ཕྱོགས་ཡོངས་ནས་ཐོན་ལས་མ་ལག་སྐྲུན་པ། སྤུས་རྟགས་ཀྱི་ལེགས་ཆ་འདོན་པ་བཅས་བྱས་ཏེ་ཁྱད་ལྡན་ཐོན་ལས་རྒྱ་སྟོབས་ཆེ་རུ་ཧུར་ཐག་གཏོང་དགོས།
         བཞི་ནས་ཕུགས་ཕན་ལམ་སྲོལ་བཙུགས་ཏེ་དབུལ་ཕོངས་ཉུང་གཏོང་གི་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས་ཤིང། རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། མཐའ་མཚམས་ཀྱི་ཚོགས་སྤྱིར་དོ་ཁུར་བྱས་ནས་བལྟོས་བཅས་ཀྱི་དབུལ་ཕོངས་སེལ་བའི་སྲིད་ཇུས་བྱེད་ཐབས་ཞིབ་འཇུག་གང་མགྱོགས་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་གཏོང་བའི་མཉམ་འགུལ་ལམ་སྲོལ་འཛུགས་སྐྱོང་བྱེད་པ་དང་། གཞི་ཁྱོན་འོས་འཚམ་གྱི་གཅིག་སྡུད་མཐའ་འཁྱོངས་བྱས་ཏེ། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་། ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། ས་བབ་ཤིན་ཏུ་མཐོ་བའི་སྣོད་བཅུད་གནས་སྤོ་སོགས་ཀྱི་འབྲེལ་མཐུད་གང་ལེགས་བྱས་ཏེ། རོགས་སྐྱོར་སྲིད་ཇུས་དང་རྒྱབ་སྐྱོར་བྱེད་ཤུགས་ཐད་ཀྱི་རྒྱུན་མཐུད་བརྟན་པོ་རྒྱུན་འཁྱོངས་བྱེད་པ། སྡེ་ཚན་མང་པོ་མཉམ་ལས་བྱས་པའི་བལྟོས་བཅས་དབུལ་ཕོངས་མི་འབོར་གྱི་ཆ་འཕྲིན་དོ་དམ་མ་ལག་དང་། ཉེན་ཁའི་ལྟ་སྐུལ་ཚད་ལེན་མ་ལག དབུལ་འགོག་འགན་སྲུང་མ་ལག་བཅས་འཐུས་སྒོ་ཚང་དུ་བཏང་སྟེ། དབུལ་སྐྱོར་ལས་དོན་གྱི་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་འཕེལ་རྒྱས་དང་ཞིང་འབྲོག་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བའི་དབར་གྱི་འབྲེལ་བ་ཐག་གཅོད་གང་ལེགས་བྱས་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི“ཞིང་གསུམ”ཁྱབ་ཁོངས་ཀྱི་ཞན་ཆ་ཧུར་ཐག་གསབ་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས།
         ལྔ་ནས་དབུལ་སྒྲོལ་གྱི་བསླབ་གཞི་ཡག་པོ་སྤྱད་དེ་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་ལས་ངར་ཤུགས་འཕེལ་ཐུབ་པ་བྱེད་དགོས་ཤིང་། རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གསེད་བཀྲོལ་ཡག་པོ་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་ལ་ལྡན་པའི་ལམ་ལུགས་ཀྱི་ལེགས་ཆ་དང་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་དང་ལག་ལེན་གྱི་ཉམས་མྱོང་ཕྱོགས་སྡོམ་ཡག་པོ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་རླབས་ཆེའི་སྙིང་སྟོབས་ཕྱོགས་སྡོམ་གང་ལེགས་བྱེད་པ། བོད་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་བོད་ཀྱི་སྐད་སྒྲ་ཡག་པོ་བརྒྱུད་སྤེལ་བྱེད་པ། གཏམ་རྒྱུད་ལ་བརྟེན་ནས་གནས་ལུགས་ཤོད་པ་དང་མི་སེམས་འགུལ་བའི་གཏམ་རྒྱུད་ཤོད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དེ་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གཏན་འཁེལ་བྱས་པའི“མངོན་གསལ་དོད་པའི་ལེགས་ཆ་བཅུ་གསུམ”དང“མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཅུ་གསུམ”དབར་གྱི་འབྲེལ་བ་དྲིལ་བསྒྲགས་དང་གང་ལེགས་མངོན་པ་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དངོས་སུ་ཚོར་བར་བྱེད་པ། “མོས་སེམས་ལྔ”ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་དད་སེམས་བརྟན་དུ་གཏོང་དགོས་པ་བཅས་རེད།
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག