ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བརྩོན་འགྲུས་བྲག་ལ་མདའ་ཟུག འབྲས་བུ་ཞིང་ལ་འབྲུ་སྨིན།

2020-05-28 སྣང་མཛོད་རྡོ་རྗེ།
 ——རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་སྐལ་བཟང་སྒྲོལ་དཀར་གྱིས་དར་དམར་གྲོང་ཚོའི་འཕོ་འགྱུར་བརྗོད་པ།
       ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ད་ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་མཇུག་བསྡུ་བའི་ལོ་ཡིན་ལ། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ་དང་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ལོའང་ཡིན་པས། རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བྱ་བ་འདི་དག་གི་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་བཞིན་གདའ།  
        ཀུན་གྱིས་ཤེས་གསལ་ལྟར།  གཞི་རིམ་ནི་གོང་རིམ་གྱི་ལས་དོན་གལ་ཆེན་དག་བདེ་བླག་དང་ཕུན་སུམ་ཚོགས་པའི་སྒོ་ནས་མངོན་འགྱུར་བྱེད་ཐུབ་མིན་གྱི་རྩ་བ་རེད།  སྐལ་བཟང་སྒྲོལ་དཀར་ལགས་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཤང་དར་དམར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་ཡིན་ལ་གཞི་རིམ་ལས་བྱེད་པ་དཀྱུས་མ་ཞིག་ཀྱང་ཡིན།  མོས་རང་གི་ལས་ཀའི་ཁྲོད་མིང་དོན་མཚུངས་པའི་ལས་ཀ་མང་པོ་ཞིག་བསྒྲུབས་ཡོད་ཅིང་། 2019ལོར་མོ་ལ་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཁྲོད་ནས་རྒྱལ་ཡོངས་ཀྱི་བུད་མེད་དཔེ་བཟང་ཞེས་པའི་མཚན་སྙན་ཡང་ཐོབ་མྱོང་།
        ད་ལོའི་ཚོགས་ཆེན་གཉིས་ནི་ཏོག་གསར་གློ་ཚད་ཀྱི་ཤུགས་རྐྱེན་ཐེབས་པའི་རྐྱེན་གྱིས།  སྔར་ལོ་ལྟར་དུས་ཐོག་དུ་འཚོགས་མ་ཐུབ་མོད།  ཡིན་ནའང་ཟླ་5པའི་ཚེས21ནས་22ཉིན། ཚོགས་ཆེན་གཉིས་ལ་ཞུགས་པའི་འཐུས་མི་དང་ཨུ་ཡོན་རྣམ་པ་ཚོགས་འདུའི་བཀོད་སྒྲིག་ལྟར་གོ་རིམ་ལྡན་པའི་ངང་རྒྱལ་ས་པེ་ཅིང་དུ་འབྱོར་ནས་ཚོགས་ཆེན་གཉིས་ལ་ཞུགས་ཏེ་སོ་སོའི་ད་ལོའི་གྲོས་གཞི་ཚོགས་ཆེན་ལ་ཕུལ་པ་རེད།
        འཐུས་མི་སྐལ་བཟང་སྒྲོལ་དཀར་ལགས་ཀྱིས་བོད་ལྗོངས་ཀྱི་མི་རིགས་ཁག་གི་འགན་བཅོལ་དང་རེ་བ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས།  ཉིན་ཤས་ཀྱི་གོང་དུ་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་པའི་འཐུས་མི་རྣམས་དང་མཉམ་དུ་གནམ་གྲུར་བསྡད་ནས་པེ་ཅིང་དུ་སླེབས་པ་རེད།
སྐལ་བཟང་སྒྲོལ་དཀར་ལགས་ཀྱིས་བརྙན་ལམ་བརྒྱུད་ནས་ངེད་དྲ་བའི་བཅར་འདྲི་དང་ལེན་བྱེད་པ།
        སེམས་པ་ཏང་ལ་ཕྱོགས་ནས་ལས་ལ་གཞོལ།
        སྐལ་བཟང་སྒྲོལ་དཀར་ལགས་ཀྱིས“ངས་1979ལོ་སྟེ། རང་ལོ་17གྱི་སྐབས་ནས་བཟུང་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཤང་དར་དམར་གྲོང་ཚོ་ནས་ད་བར་ལོ་ངོ་41རིང་གི་གཞི་རིམ་ཀྱི་བྱ་བ་བསྒྲུབས་ཤིང་།  དར་དམར་གྲོང་ཚོའི་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་གི་བརྒྱུད་རིམ་ལ་བདེན་དཔང་བྱས་ཡོད་ཅེ་ན་མི་ཆོག་པ་མེད”ཅེས་གསུངས་བྱུང་།
        མོའི་ཕ་མ་གཉིས་ཀ་ནི་ཞིང་བྲན་ཡིན་ལ། “ང་རང་ཉིད་ཏང་གི་གཟིགས་སྐྱོང་འོག་ནས་འཚར་ལོངས་བྱུང་བ་དང་།  རང་གི་སྤུན་མཆེད་དང་བུ་རྒྱུད་རྣམས་ལའང་སློབ་གྲྭ་ནས་སློབ་གསོ་ལེགས་པོ་མྱོང་པའི་གོ་སྐབས་ཐོབ་ཡོད་པས། ང་ལ་མཚོན་ནས་བཤད་ན་ད་ལྟའི་ཡོད་ཚད་ནི་ཏང་དང་རྒྱལ་ཁབ་ཀྱི་དྲིན་ལ་བརྟེན་ནས་བྱུང་བ་ཡིན་”ཞེས་མོས་བཀའ་དྲིན་དང་བཅས་གསར་འགོད་པ་ལ་འདི་སྐད་བཤད།
 
འདི་ནི་སྐལ་བཟང་སྒྲོལ་དཀར་ལགས་ལས་གྲྭའི་ཡུལ་དངོས་སུ་ཕེབས་ནས་གནས་ཚུལ་ལ་རྒྱུས་ལོན་བྱེད་པའི་རྣམ་པ་རེད།
        སྔོན་མའི་གྲོས་གཞི་ལག་བསྟར་བྱུང་།
        གསར་འགོད་པས་སྐལ་བཟང་སྒྲོལ་དཀར་ལགས་ལ་ཐེངས་སྔོན་མར་བཏོན་པའི་གྲོས་གཞི་དེ་དག་ལག་བསྟར་བྱེད་ཐུབ་ཡོད་མེད་ཀྱི་སྐོར་དྲིས་པར།  མོས་སྤྲོལ་སེམས་འཁོལ་བའི་སྒོ་ནས“སྔོན་ཆད་ཡར་ཕུལ་པའི་གྲོས་གཞི་དེ་རྣམས་ལག་བསྟར་བྱེད་ཐུབ་ཡོད།  དཔེར་ན་‘རྫོང་རིམ་པར་རྩིས་བཤེར་ཚན་ཁག་བཙུགས་པ་མ་ཟད།  གྲོང་(དུད)ཀྱང་རྩིས་བཤེར་གྱི་ཁོངས་སུ་གཏོགས་པར་བྱས་པ་དང་།’ ‘ལྷ་སའི་གྲོང་ཁྱེར་རྙིང་པར་བཟོ་བཅོས་དང་སྲུང་སྐྱོང་བྱས་ལ།’‘ལྷ་ས་གྲོང་ཁྱེར་དུ་དྲོད་རླངས་མཁོ་འདོན་བྱེད་པའི་རྣམ་གྲངས་ཀྱི་མ་དངུལ་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་བ’དང་།  དེ་བཞིན‘ཞིང་སྡེའི་མཉམ་ལས་སྨན་བཅོས་དེ་གྲོང་རྡལ་གྱི་སྨན་བཅོས་འགན་བཅོལ་ནང་དུ་ཚུད་པར་བྱས་པ’དང་།  ‘བོད་ལྗོངས་འབྲོག་ཁུལ་གྱི་རྩྭ་སའི་ཁ་གསབ’དང‘དམངས་བདེའི་ཁ་གསབ།’ ‘བོད་ལྗོངས་ས་ཁུལ་གྱི་རིག་དངོས་སྲུང་སྐྱོང་སྐོར་ལ་ཤུགས་སྣོན་རྒྱག་པ’བཅས་ཀྱི་གྲོས་གཞི་ཡོངས་རྫོགས་ལག་བསྟར་བྱས་ཡོད”ཅེས་བཤད།
        ཤེས་རྟོགས་བྱུང་བར་གཞིགས་ན།  སྐལ་བཟང་སྒྲོལ་དཀར་གྱིས་ཞིང་སྡེའི་མཉམ་ལས་སྨན་བཅོས་དེ་གྲོང་རྡལ་གྱི་སྨན་བཅོས་འགན་བཅོལ་ནང་དུ་ཚུད་དགོས་པའི་བསམ་འཆར་ནི་ལོ་ངོ་གསུམ་ལ་བཏོན་ཟིན་པ་དང་། བརྩོན་འགྲུས་བྲག་ལ་མདའ་ཟུག འབྲས་བུ་ཞིང་ལ་འབྲུ་སྨིན་ཞེས་པའི་དཔེ་ལྟར་མཐའ་མར་མོས་གཞོལ་བའི་ལས་འདི་སྟོང་ཟད་དུ་མ་བཏང་བར།  རྒྱལ་ཁབ་གྱི་སྨན་བཅོས་བཅོས་བསྒྱུར་ཕྱོགས་ནས་དང་ལེན་བྱས་ཏེ། 2019ལོ་ནས་བཟུང་ཞིང་སྡེའི་མཉམ་ལས་སྨན་བཅོས་དེ་གྲོང་རྡལ་གྱི་སྨན་བཅོས་འགན་བཅོལ་ནང་དུ་ཚུད་པར་མངོན་འགྱུར་བྱེད་ཐུབ་སོང་།
        སྐལ་བཟང་སྒྲོལ་གྱིས“དེ་སང་ང་ཚོས་སྨན་བཅོས་ཉེན་སྐྱོབ་ལ་རང་ཉིད་ནས་དངུལ་ཁ་ཤས་ཡར་སྤྲོད་དགོས་པ་དང་།  ཞིང་སྡེ་དང་གྲོང་རྡལ་གྱི་འགྲོ་སོང་རྩིས་ཞུའི་བསྡུར་ཚད་ནི་90%ཡིན་ལ།  ཞིང་ཆེན་བརྒལ་བའི་འགྲོ་སོང་རྩིས་ཞུའི་བསྡུར་ཚད་ནི་70%ནས་80%ཡི་ཚད་གཞི་ཡིན”ཞེས་བཤད།
        འདི་ནི་སྐལ་བཟང་སྒྲོལ་དཀར་ལགས་ཀྱིས་ཕྱག་ལས་གནང་ཚུལ་རེད།
        གོ་སྐབས་དམ་འཛིན་བྱས་ནས་འཕོ་འགྱུར་ལ་འབད།
        དར་དམར་གྲོང་ཚོའི་དར་དམར་ཞེས་པའི་ཐ་སྙད་འདིའི་གོ་དོན་ནི་དར་ཆ་དམར་པོར་གོ་ཞིང་།འདིའི་མིང་གི་མཚོན་དོན་ནི་བློ་གཅིག་སེམས་གཅིག་གིས་ཏང་གི་རྗེས་སུ་འབྲངས་པ་དེ་རེད།
        གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན།  སྔོན་མའི་དར་དམར་གྲོང་ཚོའི་མང་ཚོགས་ཀྱི་འཚོ་བ་ནི་ཤིན་ཏུ་ཞན་པ་དང་། སྤྱི་ཚོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཕྱོགས་ནས་ཀྱང་ཅུང་ཙམ་ཞན་པའི་གྲོང་ཚོ་ཞིག་རེད།
        2002ལོར་རྒྱབ་ཁབ་ཀྱིས“བོད་ལྗོངས་སློབ་གྲྭ་ཆེན་མོའི་རྒྱ་ཁྱོན་ཆེ་རུ་གཏོང་བའི་འཆར་འགོད”ལྟར་སློབ་ཆེན་གསར་པ་བསྐྲུན་པའི་ཆེད།  དར་དམར་གྲོང་ཚོ་ནས་ས་ཞིང་མུའུ་800ལྷག་དང་། 2008ལོར་ལྷ་ས་གྲོང་ཁྱེར་གྱི“ཤར་གྲོང་འཆར་འགོད”ཀྱི་ཆེད་ས་ཞིང་མུའུ་3100ལྷག་ཡར་བླངས་པའི་སྟབས་ཀ་བཟང་པོར་དམ་འཛིན་བྱས་ནས།  སྐལ་བཟང་སྒྲོལ་དཀར་གྱི་སྣེ་ཁྲིད་འོག་ཏུ་གོང་གི་ས་ཞིང་ནས་ལོན་པའི་ཁ་གསབ་མ་དངུལ་བེད་སྤྱོད་ལེགས་པོ་བཏང་སྟེ། ཨང་ཀིའི་ཐང་ཆེན་དང་།  ཞིང་ཚོང་ཁྲོམ་ར།  མེ་ཏོག་ཁྲོམ་ར་བཅས་ཀྱི་མ་རྐང་ལམ་ལུགས་ཀྱི་ཐུན་མོང་དཔལ་འབྱོར་འཚོལ་ཞིབ་དང་འཛུགས་གཉེར་བྱས་ནས།  2019ལོར་གྲོང་ཚོའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་5597ལོན་པ་དང་།  གྲོང་ཚོ་ཡོངས་ཀྱི་གཏན་འཇགས་མ་རྩ་སྒོར་དུང་ཕྱུར་7ལས་བརྒལ་ཏེ།  ཞིང་འབྲོག་མི་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེར་གཙང་སྒོར་26239ཡིན་པས།  གྲོང་ཚོ་ཡོངས་དབུལ་སྒྲོལ་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ་མངོན་འགྱུར་བྱུང་།
        ད་ཆ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག་ཏུ་མོས་ས་གནས་འདི་གའི་ལས་བྱེད་པ་དང་རྒྱ་ཆེའི་མང་ཚོགས་དང་ལྷན་དུ་དཀའ་བ་བརྒྱ་དང་འབད་བརྩོན་སྟོང་སྤྱད་དེ།  ས་གནས་འདིའི་མང་ཚོགས་ཀྱི་འཚོ་བ་ནི་གྲོང་ཚོའི་མིང་བཏགས་པ་ནང་བཞིན་དར་དམར་ཀྱིས་ཁེབས་ཚད་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་དབྱར་གྱི་མཚོ་མོ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད།
        བཅར་འདྲི་མཇུག་སྡུད་སྐབས།  མོས་བཤད་རྒྱུར།“བོད་ལྗོངས་སུ་ཕྱིར་ལོག་རྗེས་གཅིག་ནས་ཐེངས་འདིའི་ཚོགས་འདུའི་དགོངས་དོན་དེ་རྒྱ་ཆེའི་མང་ཚོགས་ལ་བརྒྱུད་སྒྲོག་བྱ་རྒྱུ་དང་། གཉིས་ནས་རྒྱ་ཆེའི་མང་ཚོགས་ལ་སྣེ་ཁྲིད་བྱས་ནས་ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་སྙན་ཞུའི་ཁྲོད་དུ་བཏོན་པའི་སྙན་སྒྲོན་དེ་དག་ལག་བསྟར་དོན་འཁྱོལ་བྱས་ནས། 2020ལོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་ལས་ཀའི་དམིགས་འབེན་ཐོག་ལ་འབད་པ་ལྷོད་མེད་བྱ་རྒྱུ་ཡིན”ཞེས་བཤད།
འབྲེལ་ཡོད་རྩོམ་ཡིག