ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

མི་དམངས་ཀྱི་བདེ་ཐང་དང་བདེ་སྐྱིད་སྲུང་བ།

2020-06-01
—— བོད་ཀྱིས་ནུས་ཤུགས་ཡོད་རྒུས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱས་པའི་ལས་དོན་སྐོར་གྱི་སྒྲིལ་གླེང་།
          ཟླ་5ཚེས་15ཉིན་ཉི་འོད་རབ་ཏུ་འཚེར་ཞིང་། རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་རྒྱལ་སྒོར་འགོག་སྲུང་གྱོན་ཆས་གྱོན་པའི་ལས་དོན་པའི་མཛུབ་ཁྲིད་འོག་ནད་ལྟ་བར་ཡོང་མཁན་ནད་པ་དང་ནད་གཡོག་ཚང་མས་ཁ་རས་བརྒྱབ་ནས་གོ་རིམ་ལྡན་པའི་ངང་སྨན་ཁང་གི་རྒྱལ་སྒོའི་བརྟག་དཔྱད་བདེ་འཇགས་བགྲོད་ལམ་ནས་འགྲོ་འོང་བྱེད་བཞིན་ཡོད།
          ད་ཆ་ས་མཐོའི་མི་ཚོས་རིམས་ནད་རིམ་བཞིན་ང་ཚོ་དང་བར་ཐག་རིང་དུ་འགྲོ་བའི་རྣམ་པ་མྱོང་རོལ་བྱེད་བཞིན་ཡོད་ཀྱང་། བོད་ཀྱི་སྨན་ཁང་ཁག་གི་རིམས་འགོག་བྱ་ཐབས་ལ་སྔར་བཞིན་ལྷོད་གཡེང་གཏན་ནས་བཏང་མེད།
          2020ལོའི་ལོ་སྟོད་དུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་ཏེ་ཝུའུ་ཧན་ནས་རྒྱལ་ཡོངས་སུ་གང་མྱུར་ཁྱབ་ཡོད།
          ཏོག་གསར་གློ་ཚད་ཀྱི་རིམས་ནད་དྲག་པོ་ཐོན་སྐབས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཕྲལ་མར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ་རྒྱལ་ཡོངས་ཀྱི་གོང་འོག་གདེང་ཚོད་བརྟན་གཏོང་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་སྨིན་ཇུས་བསྟར་བཅས་ཀྱི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི་བླང་བྱ་བཏོན་ཡོད།
          རང་ལྗོངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐའ་གཅིག་ཏུ་བསྟར་ནས་འཕྲལ་མ་ཉིད་དུ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཙུའུ་ཀྲང་གནང་བའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་རང་སྐྱོང་ལྗོངས་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་། ཟླ་1ཚེས་27ཉིན་དང་ཟླ་1ཚེས་29ཉིན་སོ་སོར་ལྗོངས་ཡོངས་སུ་སྤྱི་པའི་འཕྲོད་བསྟེན་གྱི་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་གྱི་བརྡ་ལན་རིམ་པ་གཉིས་པ་དང་དང་པོ་འགོ་བཙུགས་ཡོད།
          རིམས་ནད་ནི་དམག་འཐབ་ཀྱི་བཀའ་རྒྱ་ཡིན་ཞིང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་བཞག་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རིམས་ནད་ཀྱི་གནས་ཚུལ་ལ་ཚན་རིག་དང་མཐུན་པའི་ཞིབ་འཇུག་དང་བརྡར་གཅོད་བྱས་པ་དང་འབྲེལ་ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་ནས་ལས་དོན་བཀོད་སྒྲིག་བྱས་ཡོད། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྐྱོབ་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་བཙུགས་པ་དང་ཤེས་ལྡན་པའི་ལག་རྩལ་གྱི་འདེགས་སྐྱོར་བྱས་པ་དང་ཆབས་ཅིག་ལྗོངས་ཡོངས་ཀྱི་སྨན་དོན་མི་སྣ་སྒྲིག་འཛུགས་ཀྱིས་རིམས་ནད་ལ་ཁ་གཏད་གཅོག་པའི་གྲ་སྒྲིག་ལས་དོན་ཁག་ནང་ཞུགས་ཡོད།
          སྨན་བཅོས་ནི་རིམས་ནད་འགོག་བཅོས་ཀྱི་མཐའ་མའི་འགག་སྒོ་དང་འགན་སྲུང་ཡིན་པས་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གི་གནས་གཏན་འཁེལ་གྱི་སྨན་ཁང་8དང་གནས་གཏན་འཁེལ་གྱི་ཚ་རྒྱས་སྒོ་བསྟེན་སྨན་ཁང་13བཙུགས་པའི་རྒྱ་ཆེའི་སྨན་དོན་པའི་ངོས་ནས་བརྗོད་ན“རིམས་འགོག”གི་རུབ་འཛོམས་བཀའ་རྒྱ་ཟླ་དང་པོའི་ཟླ་དཀྱིལ་ནས་བཏང་ཡོད་པ་རེད།
          ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་ལྗོངས་ཡོངས་ཀྱི་སྨན་བཅོས་སྒྲིག་གཞིའི་ནང་སར་འཁོར་ཞག་ཏུ་ཡོང་བའི་སྨན་དོན་པ་ཚོས་བསྟུད་མར་རིམས་འགོག་དམག་འཐབ་ནང་ཞུགས་རྒྱུའི་འདུན་ཞུའི་ཡི་གེ་ཕུལ་ནས་འཕྲལ་མ་ཉིད་དུ་ལྷ་སར་ཕྱིར་ལོག་བྱས་ཡོད། ཁོང་ཚོས་ས་མཐོའི་ལ་དུག་བརྒྱབ་པར་མ་བལྟོས་པར་ཐད་ཀར་ལྗོངས་ཡོངས་ཀྱི“རིམས་འགོག”གི་འཐབ་ས་མདུན་མར་བསྐྱོད་ཡོད།
          ཟླ་1ཚེས་30ཉིན་ལྗོངས་ཕྱི་ནས་འགོས་པའི་ནད་པ་ཐོག་མ་དང་ད་བར་ཏོག་གསར་གློ་ཚད་ཀྱི་ནད་པ་གཅིག་པུ་དེ་གཏན་འཁེལ་བྱས་ཡོད། ཏོག་གསར་གློ་ཚད་ཀྱི་གནས་གཏན་འཁེལ་གྱི་སྐྱོབ་བཅོས་སྨན་ཁང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་བོད་ཀྱི“རིམས་འགོག”གི་འཐབ་ས་མདུན་ཤོས་དེར་གྱུར་ཡོད།
          རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པའི་གློ་ནད་ཚན་ཁག་གཉིས་པའི་ཀྲུའུ་རེན་ཧྭ་ཏེ་སྨི་ནི་ཏོག་གསར་གློ་ཚད་ཀྱི་བོད་ཀྱི་ནད་པ་ཐོག་མའི་སྨན་བཅོས་སྐྱོབ་བཅོས་ཚོགས་པའི་འགན་འཁུར་བ་རེད།
          ཁོང་གིས་གངས་ལྗོངས་ས་མཐོར་ཏོག་གསར་གློ་ཚད་ཀྱི་ནད་དཔེ་ཐོག་མ་སྐྱོབ་བཅོས་བྱེད་པའི་དམག་འཐབ་དེར་དོན་སྙིང་ཆེན་པོ་ལྡན་ཡོད་པས་ངེས་པར་དུ་རྒྱལ་ཁ་ལེན་དགོས་པ་ལས་ཕམ་མི་རུང་ཞེས་བརྗོད་ཀྱི་འདུག
          ནད་དཔེ་ཐོག་མ་སྨན་ཁང་དུ་ཉར་བ་ནས་བཟུང་། ཧྭ་ཏེ་སྨི་ཡིས་སྐྱོབ་བཅོས་ཚོགས་པའི་སྨན་དོན་པ་དང་འགན་སྲུང་མི་སྣ་དང་མཉམ་དུ་སྨན་ཁང་དུ་ཟ་སྡོད་བྱས་ཤིང་། ཉིན་20ཙམ་རིང་ཆ་སྙོམས་ལོ་ཚད་ལོ་35ཟིན་པའི་སྐྱོབ་བཅོས་ཚོགས་པས་རྣམ་པ་ལེགས་ཤོས་ལ་བརྟེན་ནས་ནད་དཔེ་ཐོག་མ་སྐྱོབ་བཅོས་ཀྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་ཞུགས་ཡོད།
          རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་ཕུད། འབྲེལ་ཐུག་དམ་ཟབ་བྱེད་མྱོང་མཁན་ལོགས་སུ་འཇོག་པ་དང་གྲལ་བཤེར་གྱི་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཡོད་པ་མ་ཟད། འབྲེལ་ཐུག་དམ་ཟབ་བྱེད་མྱོང་མཁན་32གནས་གཏན་འཁེལ་གྱི་སར་བསྐྱལ་ཏེ་ལོགས་སུ་བཞག་པ་དང་བོད་རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་འཐབ་ས་དང་པོའི་ནད་ཡམས་བརྟག་དཔྱད་མི་སྣས་ཉིན་ལྟར་ཚ་བ་རྒྱས་པའི་ནད་པ་གྲལ་བཤེར་བྱས་ནས་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་P3ཚོད་ལྟ་ཁང་གིས་ནུས་ཤུགས་ཡོད་རྒུས་ལས་དོན་སྤེལ་ཡོད་པ་རེད།
          ཟླ་2ཚེས་12ཉིན་གྱི་ཕྱི་དྲོར། ཏོག་གསར་གློ་ཚད་བགོས་པའི་བོད་ཀྱི་ནད་དཔེ་ཐོག་མ་ཧུའུ་པེའི་ཞའོ་ཀྲང་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་སྐབས། ས་གནས་ས་ཐོག་ཏུ་ཡོད་པའི་སྨན་དོན་པར་གུས་བཏུད་ཞུས་ནས“ལེ་དབར་སྟོང་གི་ས་ཐག་ཆོད་ཀྱང་རིམས་ནད་ཀྱི་མདུན་དུ་ཁྱེད་ཚོ་ནི་ངའི་གཉེན་ཉེ་མིན་ཡང་གཉེན་ཉེ་ལས་ལྷག”ཅེས་སེམས་འགུལ་ཆེན་པོས་བརྗོད།
          དུས་དེ་ནས་བཟུང་བོད་ལྗོངས་རྒྱལ་ཡོངས་ནས་དོགས་ཡོད་ནད་དཔེ་དང་གཏན་འཁེལ་ནད་དཔེ་གཅིག་ཀྱང་མེད་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ལ་གྱུར་པ་རེད།
          “ས་མཐོའི་ཁོར་ཡུག་འོག་ཏོག་གསར་གློ་ཚད་ཀྱི་ནད་པ་གྲུབ་འབྲས་ཐོབ་པའི་ངང་སྐྱོབ་བཅོས་ཐུབ་པ་ནི་བོད་ཀྱི་སྨན་བཅོས་དཔུང་ཁག་གི་ཆུ་ཚད་ལ་སྔར་འཕྲད་མྱོང་མེད་པའི་སྦྱོང་བརྡར་དང་ཞིབ་བཤེར་བྱས་པ་ཞིག་རེད”ཅེས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པའི་ཡོན་ཀྲང་ཕུན་ཚོགས་བཀྲ་ཤིས་ཀྱིས་བརྗོད།
          ཟླ་2ཚེས་17ཉིན་བོད་ཀྱི་ནད་ཡམས་ཚོད་འཛིན་མི་སྣ་གསུམ་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་གྱི་འཐབ་ས་དང་པོར་ནད་ཡམས་བརྟག་དཔྱད་ཀྱི་ལས་དོན་སྤེལ་བར་བསྐྱོད་པ་དང་ཆབས་ཅིག་ཁ་རས་N95དང་། སྨན་སྤྱོད་འགོག་སྲུང་གྱོན་ཆས། སྨན་སྤྱོད་མིག་སྲུང་མིག་ཤེལ་དང་བོད་སྨན་སོགས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་འཕྲལ་དུ་མཁོ་བའི་དངོས་པོ་ཁུར་ནས་དུས་ཡུན་ཉིན་50ཙམ་རིང་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་ས་དང་པོར་འབད་འཐབ་བྱས་ཡོད།
          རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། མིག་སྔའི་བར་ལྗོངས་ཡོངས་ཀྱི་རིམ་ཁག་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་འཕྲོད་བསྟེན་བདེ་ཐང་ལས་དོན་པ་ཁྲི་2ལྷག་ཙམ་དང་གྲོང་ཚོའི་སྨན་པ་ཁྲི་1ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་ཞུགས་ཏེ་ཚད་གཞི་མཐོ་བ་དང་བླང་བྱ་ནན་པོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྤེལ་ཡོད་པ་རེད།
          ད་ཆ་ས་མཐོའི་ས་གཞི་ཆེ་མོར་དཔྱིད་དཔལ་རབ་ཏུ་བཞད་ཡོད། ཟླ་3ཚེས་25ཉིན་བར་བོད་ཀྱིས་བོད་ལ་ཡོང་མཁན་ཁྲི་47ལ་གྲལ་བཤེར་བྱས་པ་དང་། ནད་དཔེ་མི་ཐེངས་ཁྲི་133ལྷག་ཙམ་ལ་གྲལ་བཤེར་བྱས་པ། མི་གྲངས་16735ལ་ནད་ཡམས་རིག་པའི་བརྟག་དཔྱད་བྱས་ཡོད། རིམས་ནད་མངའ་ཁོངས་ཕྱི་ནས་འགོ་བའི་ཉེན་ཁ་ཆུང་དུ་གཏོང་གང་ཐུབ་བྱས་ནས་མི་དམངས་ཀྱི་བདེ་ཐང་དང་བདེ་སྐྱིད་བསྲུངས་པ་དང་སྦྲགས། བོད་ཀྱིས་བོད་ཀྱི“བདེ་ཐང་ཨང་རྟགས”སྤྱོད་འགོ་བཙུགས་པ་དང་བོད་སྐྱོད་མི་སྣར་གནད་སྨིན་སྔོན་འགོག་དང་ཚོད་འཛིན་བྱས་ཡོད། རང་སྐྱོང་ལྗོངས་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་ཀེང་ཡུན་གྱིས་བོད་ཀྱིས“བདེ་ཐང་ཨང་རྟགས”གང་ལེགས་སྤྱད་དེ་ཕྱི་ནས་ཡོང་བའི་མི་སྣར་ཡོང་ཁུངས་གསལ་པོ་དང་། ལམ་རྒྱུད་ཁ་གསལ། སྡོད་གནས་གཏན་འཁེལ་བཅས་ཐུབ་པར་བྱས་ཏེ་རིམས་ནད་སྡེ་ཁུལ་དུ་མི་འགོ་བ་དང་མི་ཁྱབ་པའི་འགན་ལེན་བྱས་ཡོད། དེ་དང་ཕྱོགས་མཚུངས་ལྗོངས་ཕྱིའི་ཞིང་ཆེན་དང“བདེ་ཐང་ཤར་བགྲོད་ཨང་རྟགས”ས་ཁུལ་ལས་སྒྲོལ་བའི་ཕན་ཚུན་ཤར་བགྲོད་ངོས་འཛིན་གྱི་ལས་དོན་ཡག་པོ་ཧུར་ཐག་བསྒྲུབས་ཏེ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་མགྱོགས་སུ་བཏང་ནས་ས་ཁོངས་ཀྱི་དཔལ་འབྱོར་སླར་གསོར་སྐུལ་འདེད་བཏང་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་རྩོམ་ཡིག