ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

མཚོ་བོད་ལྕགས་ལམ་ཕྱོགས་ནས་འགྲུལ་པ་ཚོར་གཏམ་བཟང་ཞིག་བསྒྲགས་འདུག

2020-07-13
          སྤྱི་ཟླ་6པའི་ཚེས་20ཉིན། མཚོ་བོད་ཚོགས་པ་ཀུང་སིས་ཟི་ལིང་དང་། ཕིན་ཨན། ལུང་མདོ། ཧའེ་ཧྲི་དབན་བཅས་ཀྱི་མེ་འཁོར་འབབ་ཚུགས་སུ་གློག་རྡུལ་སྤ་སེ་བེད་སྤྱོད་བཏང་རྗེས། དུས་ཡུན་ཉིན་20ཡི་རིང་སྒྲིག་ཆས་གསར་པ་བརྗེ་བ་དང་མི་སྣ་གསོ་སྦྱོང་། ཚོད་ལྟ་སྙོམས་སྒྲིག་སོགས་ཀྱི་ལས་དོན་སྤེལ་བ་བརྒྱུད། སྤྱི་ཟླ་7པའི་ཚེས་9ཉིན་གྱི་དགུང་མོའི་ཆུ་ཚོད་12ནས་བཟུང་། མཚོ་བོད་ཚོགས་པ་ཀུང་སིས་མཚོ་བོད་ལྕགས་ལམ་གྱི་སྟོང་སྐོར་དང་། གཏེར་ལེན་ཁ། ན་གོར་མོ། ཨ་མདོ། ནག་ཆུ། ལྷ་ས། གཞིས་ཀ་རྩེ་བཅས་ཀྱི་མེ་འཁོར་འབབ་ཚུགས་སུ་གློག་རྡུལ་སྤ་སེ་ཁྱབ་གདལ་གཏོང་རྒྱུ་ཡིན་པ་རེད།
          སྐབས་དེར། མཚོ་སྔོན་དང་བོད་ལྗོངས་བར་འགྲོ་འོང་བྱེད་མཁན་འགྲུལ་པས་གློག་རྡུལ་སྤ་སེའི་སྟབས་བདེ་ལོངས་སྤྱོད་ཐུབ་རྒྱུ་དང་། འགྲུལ་བཞུད་ཉམས་ལེན་སྔར་བས་ཟབ་ཏུ་འགྲོ་ཐུབ་རྒྱུ་ཡིན་པ་རེད།
          མཚོ་བོད་ཚོགས་པ་ཀུང་སིའི་འགྲུལ་ཟོག་དོ་དམ་པུའི་པུའུ་ཀྲང་ཆིའུ་ཕེ་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། གློག་རྡུལ་སྤ་སེ་བེད་སྤྱོད་གཏོང་བ་ནི་ལྕགས་ལམ་སྡེ་ཚན་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་ལག་རྩལ་བྱ་ཐབས་སྤྱད་ནས། འགྲུལ་པའི་འགྲུལ་བཞུད་ཉམས་ལེན་རྒྱུན་མཐུད་ངང་ཟབ་ཏུ་གཏོང་རྒྱུ་དང་། འགྲུལ་སྐྱེལ་སྤུས་ཚད་མཐོ་རུ་གཏོང་རྒྱུའི་འཆར་གཞི་ལག་བསྟར་གཏིང་ཟབ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ཞེས་གསུངས་ཡོད་པ་རེད།
          གློག་རྡུལ་སྤ་སེས་འགྲུལ་པའི་འགྲོ་འོང་ལ་སྟབས་བདེ་ཆེན་པོ་བསྐྲུན་ཐུབ་པ་དང་། སྤ་སེ་ཉོ་བའི་ཐད། འགྲུལ་པས་དྲ་སྦྲེལ་དང་མེ་འཁོར་འབབ་ཚུགས་ཀྱི་སྒེའུ་ཁུང་། རང་འགུལ་སྤ་སེ་བཙོང་ས། ཚབ་འཚོང་ས་ཚིགས་སོགས་ནས་སྤ་སེ་ཉོ་ཆོག་པ་དང་། སྤ་སེ་ཉོ་བའི་བརྒྱུད་རིམ་དང་སྤ་སེ་ཉོ་བའི་ལག་ཁྱེར་ལ་འགྱུར་ལྡོག་ཕྱིན་མེད་པ་རེད།
          འབབ་ཚུགས་ནས་འགྲོ་འོང་བྱེད་པའི་སྐབས་སུ། འགྲུལ་པས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར་དང་། ཤང་ཀང་དང་ཨའོ་མོན་གྱི་གྲོང་མིའི་གནས་སྡོད་ལག་ཁྱེར། ཐའེ་ཝན་གྱི་གྲོང་མིའི་གནས་སྡོད་ལག་ཁྱེར། ཕྱི་རྒྱལ་བའི་དུས་གཏན་གནས་སྡོད་ཀྱི་ཐོབ་ཐང་ལག་ཁྱེར་བཅས་དང་། དེ་བཞིན་ཤང་ཀང་དང་ཨའོ་མོན་གྱི་སྡོད་དམངས་ནང་སའི་ས་ཁུལ་དུ་འགྲོ་འོང་བྱེད་པའི་ལམ་ཡིག་དང་།  ཐའེ་ཝན་སྡོད་དམངས་སྐམ་ས་ཆེན་མོར་འགྲོ་འོང་བྱེད་པའི་ལམ་ཡིག་སོགས་རང་འགུལ་ཀློག་ཤེས་ནུས་པ་ལྡན་པའི་ལག་འཁྱེར་བཟུང་ནས་སྤ་སེ་ཞིབ་བཤེར་སོགས་ཀྱི་འགྲོ་ལུགས་བསྒྲུབ་ཆོག་པ་དང་། ཐེམ་ཐོ་སོགས་རང་འགུལ་ཀློག་ཤེས་ནུས་པ་མི་ལྡན་པའི་ལག་ཁྱེར་ཡིན་ན། ཐོབ་ཐང་ལག་ཁྱེར་གྱི་མ་ཡིག་ལ་བརྟེན་ནས་མེ་འཁོར་འབབ་ཚུགས་ཀྱི་ལས་དོན་པ་བརྒྱུད་འབྲེལ་ཡོད་འགྲོ་ལུགས་གཉེར་ཆོག་གི་ཡོད།
          གློག་རྡུལ་སྤ་སེའི་འབྲེལ་ཡོད་ཞིབ་ཕྲའི་ཆ་འཕྲིན12306དྲ་ཚིགས་དང་འབྲེལ་ཡོད་མེ་འཁོར་འབབ་ཚུགས་ཀྱི་སྤྱི་བསྒྲགས་བརྒྱུད་འདྲི་རྩད་བྱེད་ཆོག
འབྲེལ་ཡོད་རྩོམ་ཡིག