ཚེས་8ཉིན། གསར་འགོད་པར་ཤེས་རྟོགས་བྱུང་བར། མིག་སྔའི་བར། ལྗོངས་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་མི་ཁྲི་46.1ལས་ཞུགས་གཞན་སྒྱུར་བྱུང་ནས་ལོ་འཁོར་མོའི་དམིགས་ཚད་ཀྱི་76.8%ལེགས་གྲུབ་བྱུང་བ་དེ་ལོ་གོང་མ་དང་བསྡུར་ན་བརྒྱ་ཆའི་གྲངས་53.6མཐོ་རུ་སོང་བ་དང་། ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་37.5བྱུང་ནས་ལོ་འཁོར་དམིགས་ཚད་ཀྱི་85.0%ལེགས་གྲུབ་བྱུང་བ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་61.4མཐོ་རུ་ཕྱིན་ཡོད་པ་རེད།
འདི་ལོ་ཤར་ཚུན་དུ། རང་སྐྱོང་ལྗོངས་ཀྱིས《ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་ལྡན་པའི་ངང་ས་ཁོངས་ལས་བརྒལ་ནས་ལས་ཞུགས་གཞན་སྒྱུར་བྱ་རྒྱུར་སྐུལ་འདེད་གཏོང་བའི་སྐོར་གྱི་ལས་དོན་ཇུས་གཞི》དང《ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་བཅག་སྟེ་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་མགྱོགས་སུ་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》བཏོན་ནས་མི་སྒེར་དང་། ཁེ་ལས། ངལ་ནུས་ཕྱིར་གཏོང་། ཁྲོམ་རའི་བྱེད་པོ་བཅས་ལ་དེ་མཚུངས་ཀྱི་ལམ་གྲོན་ཁ་གསབ་དང་། ལས་ཞུགས་བསྡུ་ལེན་གྱི་བྱ་དགའ། ལས་ཞུགས་ལས་གཏོད་ཞབས་ཞུའི་ཁ་གསབ་བཅས་སྤྲད་པ་རེད།
ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ལས་དོན་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཞིང་། ཁྲོམ་རའི་དགོས་མཁོ་དང་བསྟུན་ཏེ“ལས་སྤྲོད་ཚབ་སྦྱོང”དང་། “རྒུད་གསབ་ལས་སྤྲོད” དེ་བཞིན་མངགས་ཐོ་དང་། ཚལ་ཐོ། ལས་ཐོ་བཅས་རྣམ་པའི་གསོ་སྦྱོང་བརྒྱུད། ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལ་གནད་སྨིན་སྐུལ་འདེད་བཏང་ནས་ཞིང་འབྲོག་པར་འབབ་འཕར་ཡོང་བ་བྱས་ཡོད།
མིག་སྔར་བལྟས་ན། ལྗོངས་ཡོངས་ཀྱི་ངལ་ནུས་ཁྲོམ་རའི་བྱེད་པོ་3332ནས་6758བར་མང་དུ་ཕྱིན་པ་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་སུ་ཁྱབ་པའི་ནང་ངལ་ལས་མངགས་གཏོང་ཀུང་སི་དང་། ངལ་ལས་མཉམ་ལས་ཁང་། ལས་གཉེར་མཉམ་འབྲེལ་རུ་ཁག ངལ་ལས་བར་ཁེ་བ་སོགས་ཚུད་པ། ཁྱད་ལྡན་ཐོན་ལས་དང་། རྣམ་གྲངས་འཛུགས་སྐྲུན། ཆེད་ལས་མཉམ་ལས་རྩ་འཛུགས་སོགས་ཁྱབ་ཁོངས་ཚུད་ཡོད། དེ་དང་ཆབས་ཅིག་བོད་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་རྟེན་གཞི་600འཛུགས་སྐྲུན་བྱེད་པར་མགྱོགས་མྱུར་སྐུལ་འདེད་བཏང་ཞིང་། ཟླ་7པར་ཚང་མར་སྒོ་བྱང་འགེལ་བའི་ལས་འགན་ལེགས་གྲུབ་བྱུང་ནས། ཞིང་འབྲོག་པ་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་པའི་འགན་ལེན་ཏན་ཏིག་བྱུང་ཡོད། དེ་མིན། བོད་ལྗོངས་ཀྱིས་བོད་ལྗོངས་ལག་རྩལ་པའི་སློབ་གླིང་དང་། ས་ཁུལ་དང་གྲོང་ཁྱེར་གྱི་དངོས་སྦྱོང་རྟེན་གཞི། ལས་རིགས་རྩལ་ནུས་གསོ་སྦྱོང་སྒྲིག་གཞི་སོགས་བརྒྱུད་གཞི་ཁྱོན་ཆེན་པོས་ས་གནས་ས་ཐོག་གི་གསོ་སྦྱོང་དང་། དྲ་ཐོག་གི་གསོ་སྦྱོང་། གནད་སྨིན་གྱི་གསོ་སྦྱོང་བཅས་གཞི་རྒྱ་ཆེན་པོས་བྱས་ནས་ཞིང་འབྲོག་མང་ཚོགས་གསོ་སྦྱོང་བྱས་རྗེས་ཀྱི་ལས་ཞུགས་དུས་ཚོད་དང་། ངལ་ནུས་ཡོང་འབབ། དེ་བཞིན་ལས་ཞུགས་ཐུབ་ཚད་བཅས་ཟམ་མི་ཆད་པར་ཆེ་རུ་འགྲོ་བའི་འགན་ལེན་བྱས་ཡོད།