ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

བྱང་ཐང་རྩྭ་ཐང་གི“གཅེས་ནོར”་སྲུང་སྐྱོང་མཁན།

2020-07-30 པད་མ་རྒྱལ་གྱིས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། དབྱར་དུས་ཀྱི་བྱང་ཐང་གི་ཆ་སྙོམས་ཀྱི་དྲོད་ཚད་ལ་ཧྲེ་ཧྲི་ཏུའུ་10ལས་མེད་ཅིང་། གྲང་རླུང་འུར་འུར་དུ་ལྡང་སྟེ་མཚོ་བོད་ས་མཐོའི་དཀྱིལ་དབུས་སུ་གནས་པའི་མི་མེད་ལུང་ཁུལ་འདིའི་གནམ་གཤིས་ཧ་ཅང་སྡུག་པ་རེད། “མིའི་རིགས་ཀྱི་སྐྱེ་ཁམས་ཀྱི་ཆེས་མཐར་སོན་པའི་ཚོད་ལྟའི་ར་བ”ནི་གཙོད་དང་འབྲོང་སོགས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་དག་གི་དགའ་སྤྲོའི་གནས་མཆོག་ཅིག་ཡིན། ཞོགས་པ་སྔ་མོ་ཞིག་ནས། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་སྐྱེ་ལུང་དོ་དམ་ས་ཚིགས་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་མཁན་བདུན་གྱིས་རྒྱབ་ཁུག་ནང་དུ་སྟབས་བདེའི་ཐུག་པ་དང་། བཏུང་བྱ། ཚགས་ཤ་སོགས་ཀྱི་ཟས་རིགས་བཞག་ནས་འཕྲུལ་རྟར་ཞོན་ཏེ་ལམ་ལ་ཆས། ཁོ་ཚོ་དེ་རིང་གཙོད་འཚོ་སྡོད་བྱེད་སའི་ས་ཁུལ་གྱི་མཐའ་འཁོར་དུ་ཁྱི་ཡོད་མེད་དང་། རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་བརླག་བྱས་ཡོད་མིན་གྱི་གནས་ཚུལ་ལ་ཞིབ་བཤེར་བྱེད་དུ་འགྲོ་བ་ཡིན།
གནས་སྤོ་བྱེད་བཞིན་པའི་གཙོད་ཁྱུ།
            འཕྲུལ་རྟར་ཞོན་ནས་རྩྭ་ཐང་དུ་སྐྱོད་སྐབས་སུ། དུས་དང་རྣམ་པ་ཀུན་ཏུ་ཉེན་ཁ་འབྱུང་སྲིད་ཅིང་། ཅང་མ་འགོར་བར། རུ་མི་ཚོའི་འཕྲུལ་རྟ་ཞིག་འདམ་ནང་དུ་ལྷུང་། རུ་མི་གཉིས་ཀྱིས་འཕྲུལ་རྟ་ཕྱིར་འཐེན་རྩིས་བྱས་ཀྱང་ངལ་མེད་དུ་གྱུར་ཞིང་། འུ་ཐུག་ཐབས་ཟད་བྱུང་བས་རུ་མི་གཞན་པ་ཚོར་ཁ་པར་བརྒྱབ་ནས་རོགས་རམ་བྱེད་དུ་བོས་པ་དང་།  དེ་རྗེས་འཕྲུལ་རྟ་འདམ་ལས་ཕྱིར་འཐེན་ཐུབ་སོང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་མཁན་རྣམས་ནི་གནས་ཚུལ་འདི་འདྲར་གོམས་ལོབས་སུ་གྱུར་ཡོད་ཅིང་། ཁོ་ཚོས་བསྡུ་གསོག་སྟབས་བདེ་ཞིག་བྱས་རྗེས་ཡང་བསྐྱར་ལམ་ལ་ཆས། 
འདི་ནི་འདམ་དུ་ལྷུང་བའི་འཕྲུལ་རྟ་རེད།
            སྐྱེ་ལུང་དོ་དམ་ས་ཚིགས་ནི་བྱང་ཐང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཆེད་ལས་དོ་དམ་སྲུང་སྐྱོང་ས་ཚིགས་བཅུ་གཅིག་གྲས་ཀྱི་གཅིག་ཡིན་ཞིང་། ལོ་ན་60ལ་སླེབས་པའི་དཔལ་ལྡན་ནི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་རུ་ཁག་ནང་གི་མི “རྒན་པ”་ཞིག་ཡིན་ལ། ཁོས་ཟླ་རེར་སྐོར་སྲུང་ཐེངས་3བྱེད་པ་དང་། ཐེངས་རེར་འགན་འཁྲིའི་ཁྱབ་ཁོངས་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་100ཟིན་ཡོད། ལོ་ངོ་26རིང་ཁོང་གིས་ས་ཆ་འདིར་སྐོར་སྲུང་བྱས་ཏེ། ས་ཆ་འདིའི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་ད་དུང་ལུས་ཐོག་ཏུ་དུས་རྒྱུན་འཁྱེར་བའི་བྱང་ཐང་ཕྱི་རོལ་གྱི་ལྟ་ཞིབ་ཚད་ལེན་གྱི་འབྲི་དེབ་སྟེང་དུ་དུས་ནམ་ཞིག་ལ་ས་ཆ་གང་ནས་རི་སྐྱེས་སྲོག་ཆགས་རིགས་གང་ཞིག་མཐོང་བ་དང་། རི་སྐྱེས་སྲོག་ཆགས་ག་ཚོད་ཡོད་མིན་སོགས་ཀྱི་གནས་ཚུལ་ཞིབ་ཚགས་ལྡན་པའི་ཟིན་ཐོར་བཀོད་ཡོད་ཅིང་། ཁོ་རང་རི་སྐྱེས་སྲོག་ཆགས་སྣ་ཚོགས་ཀྱི་གོམས་གཤིས་ལ་རྒྱུས་མངའ་ཡོད་པར་མ་ཟད། རི་སྐྱེས་སྲོག་ཆགས་ཀྱི་སྨན་བཅོས་བྱེད་ཐབས་ལའང་ཆ་རྒྱུས་ཆེན་པོ་ཡོད།
འདི་ནི་དཔལ་ལྡན་རེད།
            “ད་ལྟའི་འགྲིམ་འགྲུལ་དང་། ཞག་སྡོད། བཟའ་བཏུང་སོགས་ཀྱི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་ཡོད་པ་དང་། ད་ལྟའི་སྲུང་སྐྱོང་ས་ཚིགས་ཡོད་པ་ནས་བཟུང་་ཆ་རྐྱེན་ལ་བརྟེན་ནས།  ང་ཚོར་སྔར་ལས་ལྷག་པར་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པའི་ཡིད་ཆེས་ཆེན་པོ་ཡོད”ཅེས་བཤད།  2016ལོར་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཆེད་ལས་དོ་དམ་སྲུང་སྐྱོང་ས་ཚིགས་འདི་བེད་སྤྱོད་འགོ་ཚུགས་པ་ནས་བཟུང་། རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བས།  གཙོད་ཀྱི་གྲངས་འབོར་ཡང་མངོན་གསལ་དོད་པོས་འཕར་སྣོན་བྱུང་ཡོད་པ་དང་། ལོ་རེའི་གཙོད་ཕྲུག་སྐྱེ་བའི་དུས་སུ།  དཔལ་ལྡན་དང་བདག་སྐྱོང་ས་ཚིགས་ཀྱི་ལས་དོན་པ་གཞན་དག་གིས་མཉམ་གཅིག་ཏུ་འཕྲུལ་རྟར་ཞོན་ནས་གཙོད་ཀྱི་འཚོ་བའི་གནས་ཚུལ་ལ་ལྟ་ཞིབ་བྱེད་པར་འགྲོ་ཞིང་། གཙོད་ལ་འཇིགས་སྣང་མི་སློང་བའི་ཆེད་དུ། ཁོ་ཚོས་འཕྲུལ་རྟ་གཙོད་ཁྱུ་དང་ཐག་རིང་བའི་གནས་སུ་བཞག་སྟེ།  རྐང་ཐང་གིས་ཉེ་བར་བཅར་བ་དང་། དེ་ནས་རྒྱང་ཤེལ་ལ་བརྟེན་ནས་ལྟ་ཞིབ་ཚད་ལེན་བྱེད་ཀྱི་ཡོད། 
འདི་ནི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་མཁན་གྱིས་སྐོར་སྲུང་བྱེད་བཞིན་པའི་རྣམ་པ་རེད།
            དཔལ་ལྡན་དང་འདྲ་བར།  བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་མཁན་སུམ་བརྒྱ་ལྷག་གིས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་སྐོར་སྲུང་དང་། གད་སྙིགས་གཙང་སེལ་བྱེད་བཞིན་ཡོད་ལ། ཆུ་སྤུས་ལ་ལྟ་ཞིབ་ཚད་ལེན་བྱེད་པ་དང་། ཤིང་གཅོད་པ་དང་ལྐོག་ཏུ་རྔོན་རྒྱག་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་བཀག་འགོག་བྱེད་པ་སོགས་ཀྱི་འགན་འཁྲི་ལྕི་མོ་ཕྲག་ཏུ་འཁུར་ཡོད་ཅིང་། ཁོ་ཚོས་རང་ཉིད་ཀྱི་རྐང་པ་གཉིས་ལ་བརྟེན་ནས། རང་བྱུང་སྲུང་སྐྱོང་ཁུལ་གྱི་ས་ལག་མཐིལ་ཙམ་ཡང་མི་སྐྱུར་བར། རང་གི་ལང་ཚོས་རྩྭ་ཐང་གི “གཅེས་ནོར”གྱི་ཁྱུ་ཚོགས་འདིར་སྲུང་སྐྱོང་བྱེད་ཀྱི་ཡོད།
འབྲེལ་ཡོད་རྩོམ་ཡིག