ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

“གློག་ཤུགས་མཁའ་ལམ”གྱིས་གངས་ལྗོངས་ས་མཐོའི“འོད་ཟེར་དྲ་བ”ཚགས་དམ་དུ་ཕྱིན་པ།

2021-03-04
—— རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་ཞིང་གློག་ལས་དོན་པུས་དབུལ་སྒྲོལ་ལ་རམ་འདེགས་བྱས་པའི་སྐོར་གྱི་དངོས་བྲིས།
འདི་ནི་2019ལོའི་ཟླ་12ཚེས་24ཉིན་པར་བླངས་པའི་བོད་ལྗོངས་ནག་ཆུ་ས་ཁུལ་མཚོ་གཉིས་རྫོང་གི་ཆན་ཧྥུའུ་110ཡི་གློག་སྒྱུར་ས་ཚིགས་ཡིན་པ།
        དཔྱིད་ཐོག་མའི་དུས་སུའང“འཛམ་གླིང་གི་ཡང་རྩེའི་ཡང་རྩེར”གྲགས་པའི་བོད་ལྗོངས་མངའ་རིས་ས་ཁུལ་དུ་སྔར་བཞིན་ཁ་བས་བཀླུབས་ཡོད། ས་བབ་མཐོ་ཚད་སྨི་4700ལྷག་ཙམ་ཟིན་པའི་བོད་ལྗོངས་མངའ་རིས་ས་ཁུལ་སྒར་རྫོང་མོན་འཚེར་ཤང་གྲོང་ཚོ་དང་པོའི་ལོ་36ལ་སླེབས་པའི་འཆི་མེད་ཀྱིས་སྔོན་ཆད་དང་མི་འདྲ་བར་བཏང་ཚར་མ་ཐག་གི་བོད་ཀྱི་ལོ་གསར་སྐྱིད་པོ་དེ་ད་དུང་དྲན་བཞིན་མཆིས།
        “འདི་ལོ་ནི་ང་ཚོར་གློག་དྲ་ཆེན་པོ་ནས་གློག་ཤར་གཏོང་ཐུབ་རྗེས་ཀྱི་བོད་ཀྱི་ལོ་གསར་ཐོག་མ་དེ་རེད། སྔོན་ཆད་ཤང་ཡོངས་རླུང་གློག་དང་ཉི་གློག་ལ་བརྟེན་དགོས་པས་གློག་བརྟན་པོ་མེད། གློག་སྤྱོད་ཚད་མཐོ་བའི་ཁྱིམ་སྤྱོད་གློག་ཆས་རྒྱུན་གཏན་བཞིན་སྤྱོད་ཐབས་མེད”ཅེས་འཆི་མེད་ཀྱིས་བཤད་ཅིང་། ཁོང་གིས“ད་ཆ་ལག་ཐོགས་ཁ་པར་ལ་དུས་ཐོག་ཏུ་གློག་གསོག་ཆོག་པ་དང་། ལོ་གསར་སྐབས་གློག་ཕྲུ་ཉོས་པས། ཤ་དང་འབྲས་གང་འདོད་བཙོས་ཆོག”ཅེས་འཛུམ་དམུལ་དམུལ་ངང་བཤད།
        2020ལོའི་ཟླ་བཅུ་གཉིས་པར་མ་དངུལ་ཁྱོན་སྒོར་དུང་ཕྱུར་74བཏང་བའི་མངའ་རིས་དང་བོད་དབུས་ཀྱི་གློག་དྲ་སྦྲེལ་མཐུད་ལས་གྲྭ་ལེགས་གྲུབ་ཟིན་ནས་གློག་གཏོང་འགོ་ཚུགས་པས། མངའ་རིས་ས་ཁུལ་དུ་གློག་དྲ་རྐྱང་པ་འཁོར་སྐྱོད་ཀྱི་ལོ་རྒྱུས་མཇུག་འགྲིལ་ཏེ་མངའ་རིས་ས་ཁུལ་གྱི་གློག་དཀོན་པའི་གནད་དོན་རྩ་བའི་ཆ་ནས་ཐག་གཅོད་ཐུབ་པ་དང་། གློག་ལམ་རྒྱུད་ཀྱི་ཞིང་འབྲོག་པ་ཁྲི་38ཙམ་གྱི་གློག་སྤྱོད་ཆ་རྐྱེན་ལེགས་སུ་ཕྱིན་པ་རེད།
        དེ་དག་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་ཞིང་གློག་ལས་དོན་པུས་ལོ་མང་དཀའ་སྤྱད་འབད་འཐབ་བྱས་པ་དང་ཁ་འབྲལ་ཐབས་མེད། བོད་ཀྱི་ས་ཆའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་120ལྷག་ཙམ་ཡོད་པ་དང་ས་རྒྱ་ཆེ་ཡང་མི་འབོར་ཉུང་ཉུང་རེད། བོད་ལྗོངས་ཡོངས་ལ་ཁྱབ་པའི“འོད་ཟེར་དྲ་བ”འཛུགས་སྐྲུན་བྱ་ཆེད། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིས་སྔ་རྗེས་སུ་མཚོ་བོད་དང་། ཁྲོན་བོད། བོད་དབུས། མངའ་རིས་བཅས“གློག་ཤུགས་མཁའ་ལམ”བཞི་བསྐྲུན་ཏེ། བོད་ཀྱི་དབུལ་སྒྲོལ་ལས་དོན་ལ་འགན་ལེན་ནུས་ལྡན་བྱས་པ་རེད།
        བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་གསུམ་སྡེ་ཁུལ་གྱི་ཕུན་ཚོགས་ཧྥིང་ལས་སྣོན་མཉམ་ལས་ཁང་གི་ཐོན་སྐྱེད་འཁོར་ཁང་ནང་འགན་འཁུར་བ་བཀྲ་ཤིས་ཀྱིས་གློག་སྒུལ་ལྷམ་ཤུབས་འཕྲུལ་ཆས་མདུན་ནས་ལྷམ་ཤུབས་གྱོན་པ་དང་། དེ་ནས་གློག་སྒུལ་ལག་འཁྲུའི་གཞོང་པའི་ནང་ལག་པ་བཀྲུས་རྗེས་ལག་སྲོའི་འཕྲུལ་ཆས་འོག་ལག་པ་སྐམ། འཁོར་ཁང་ནང་ཕྱེ་མ་འཐག་པ་ནས་ཧྥིང་བཟོ་བ་དང་། གྲིབ་སྐམ་གཏོང་བ། འཁྱག་སྐམ་གཏོང་བ། ཐུམ་སྒྲིལ་རྒྱག་པ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་གློག་སྤྱོད་ཀྱི་ཡོད།
        གློག་བརྟན་དུ་ཕྱིན་པས། སྲོལ་རྒྱུན་གྱི་གྲོང་གསེབ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་པ་མ་ཟད། ད་དུང་མང་ཚོགས་ལ་ལས་ཞུགས་དང་ཡོང་འབབ་བརྟན་པོ་བྱུང་ཡོད། ཕུན་ཚོགས་ཧྥིང་ལས་སྣོན་མཉམ་ལས་ཁང་གིས་མང་ཚོགས་10ལྷག་ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཡོད། “2016ལོར་གློག་རླངས་ཅན་གྱི་སྒྲིག་ཆས་གསར་པ་བེད་སྤྱོད་བྱས་རྗེས། ཧྥིང་གི་ཉིན་རེའི་ཐོན་འབོར་དེ་རྒྱ་མ་200ནས་2000བར་འཕར་ཡོད། ལས་བྲེལ་ཆེ་བའི་སྐབས་སུ་ང་ཚོས་ད་དུང་ཉིན་གླ་སྒོར་150སྤྲད་ནས་ལས་མི་གླ་ཡི་ཡོད། གཏན་འཇགས་ལས་མིར་ཟླ་བ་གཅིག་ལ་སྒོར་3500ཙམ་སྤྲོད་པ་དང་། མ་རྐང་ནང་ཞུགས་མཁན་མང་ཚོགས་ལ་ལོ་མཇུག་ཏུ་ད་དུང་བགོ་འགྲེམས་སྒོར་ཁྲི་3ནས་4བར་ལེན་རྒྱུ་ཡོད”ཅེས་བཀྲ་ཤིས་ཀྱིས་བཤད།
        2020ལོའི་ཟླ་4པར་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ལྷོ་མ་གྲོང་རྡལ་བོ་ལྷབ་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དང་པོར་གློག་གནོན་སྒྱུར་ཆས་སྒྲིག་སྦྱོར་བྱས་པ་དེ་ཐོག་ནས་ནག་ཆུ་གྲོང་ཁྱེར་གྱི“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་དུ“གློག་དུད་ཚང་དུ་ཤར་གཏོང་ཐུབ་པའི”འདུ་འགོད་བདེ་བླག་ངང་ལེགས་གྲུབ་བྱུང་བ་མཚོན་པ་དང་། གྲོང་ཚོ་དེའི་དུད་ཚང་109ཡི་གྲོང་མི་ཚོས་བློ་བདེའི་གློག་སྤྱོད་ཐུབ་པ་བྱུང་ཡོད།
        ལྷོ་མ་གྲོང་རྡལ་བོ་ལྷབ་གྲོང་ཚོ་ནག་ཆུ་གྲོང་ཁྱེར་གྱི་ལྷོ་ནུབ་ཁུལ་དུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་4520ཟིན་ཞིང་། འགྲིམ་འགྲུལ་སྟབས་མི་བདེ་བའི་ཁར་གློག་མཁོ་འདོན་མ་ལག་ཀྱང་ཧ་ཅང་ཞན་པོ་ཡོད། མ་གཞི་ས་གནས་དེ་གའི་གྲོང་མི་བཀོད་སྒྲིག་སྡོད་ཁང་ནང་སྤོས་ནས་ལོ་གཅིག་ལྷག་ཙམ་སོང་ཡོད་རུང་། བཀོད་སྒྲིག་བྱ་ཡུལ་གསར་པ་ད་དུང་གློག་དྲ་ཆེན་པོ་དང་སྦྲེལ་མཐུད་ཐུབ་མེད་པས་གནས་སྐབས་གློག་སྤྱོད་བྱེད་ཐབས་དང་ཉི་གློག་གིས་གཞི་རྩའི་དགོས་མཁོ་སྐོང་ཐབས་བྱེད་ཀྱི་ཡོད།
        བོ་ལྷབ་གྲོང་ཚོའི་གྲོང་མིའི་གློག་སྤྱོད་ཀྱི་དཀའ་ངལ་ཤེས་རྟོགས་ཐུབ་རྗེས། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ནག་ཆུ་གློག་མཁོ་འདོན་ཀུང་སིས་གློག་ཤར་གཏོང་འདུ་འགོད་ལ་ཞིབ་ཅིང་ཕྲ་བའི་རྩད་ཞིབ་བྱས་ནས། ཇུས་འགོད་ཚན་པ་དང་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་སྒྲིག་འཛུགས་བྱས་ཏེ་ཚན་རིག་དང་མཐུན་ལ་ལུགས་དང་མཐུན་པའི་སྒོ་ནས་ཆན་ཧྥུའུ་10དང་དེ་མན་གྱི་གློག་ཤུགས་འབྲིང་དམའི་གློག་སྒྱུར་ལས་གྲྭ་འཛུགས་སྐྲུན་གྱི་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོས་ཏེ། བདེ་འཇགས་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་ཕྱོགས་ཡོངས་ནས་གང་མགྱོགས་འཛུགས་སྐྲུན་བྱས་པ་དང་སྦྲགས་སྔ་སྣུར་དུ་གློག་ཤར་གཏོང་ཐུབ་པར་བྱས་ཡོད།
        “དེ་སྔ་ང་ཚོའི་གྲོང་ཚོ་ནི་ཉི་ནུས་ཤེལ་ལེབ་སོགས་གནས་སྐབས་ཀྱི་སྟབས་བདེའི་བྱེད་ཐབས་སྤྱད་ནས་གློག་མཁོ་འདོན་བྱེད་ཀྱི་ཡོད་པས། གློག་སྤྱོད་ཚད་མཐོ་བའི་གློག་ཆས་རྒྱུན་གཏན་ལྟར་བེད་སྤྱོད་བྱེད་ཐབས་བྲལ་ཡོད། གྲོང་མི་ཚོས་གང་བྱུང་དུ་གློག་སྤོར་བ་དང་བརྙན་འཕྲིན་ལྟ་བ་སོགས་བྱེད་ཕོད་ཀྱི་མེད། ད་ཆ་གནད་དོན་དེ་དག་ལོ་རྒྱུས་ལ་གྱུར་ཟིན”ཞེས་ནག་ཆུ་གྲོང་ཁྱེར་ལྷོ་མ་གྲོང་རྡལ་གྱི་འགན་ཁུར་བས་བརྗོད།
        “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ཞིང་གློག་ལས་དོན་པུའུ་དང་གློག་ཤུགས་འཛུགས་སྐྲུན་པ་ཁྲི་10ཙམ་གྱི་ཐུན་མོང་འབད་བརྩོན་འོག་རེས་སྐོར་གསར་པའི་ཞིང་འབྲོག་ཁུལ་གྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་དང“ཁུལ་གསུམ་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་ལ་བརྟེན་ནས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་33ཡི་གློག་མཁོ་འདོན་འཛུགས་སྐྲུན་རྣམ་གྲངས་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་833ཡི་གློག་ཤུགས་སྒྲིག་ཆས་འཛུགས་སྐྲུན། དབུལ་སྐྱོར་ཐོན་ལས་རྣམ་གྲངས་4807ལ་གློག་སྦྲེལ་མཐུད་ཀྱི་ལས་འགན་སྔ་རྗེས་ལེགས་གྲུབ་བྱུང་ཡོད། མིག་སྔར་བོད་ཀྱི་གློག་དྲ་གཙོ་བོ་རྫོང(ཆུས)74ཚང་མར་ཁྱབ་ཡོད།
        ཉིན་ཤས་གོང་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་ཞིང་གློག་ལས་དོན་པུའུ་ལ“རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དཔེ་བཟང་གི་གཟི་བརྗིད་མཚན་སྙན”ཐོབ་པ་དང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་ཞིང་གློག་ལས་དོན་པུའུ་ཡི་ཀྲུའུ་རེན་ཧོ་ལུང་ཧྲོའུ་ཡིས“རྒྱལ་ཁབ་གློག་དྲ་སྤྱི་ཁྱབ་པུའུ་ནས་བོད་ལྗོངས་ཀུང་སིའི་བར་དང་དེ་ནས་གྲོང་ཁྱེར་དང་རྫོང་ཚང་མའི་ཀུང་སིའི་བར་ང་ཚོས་ཐུན་མོང་ཐོག་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཞིང་དྲ་རིམ་སྤོར་སྒྱུར་བཀོད་སོགས་ཀྱི་ལས་དོན་སྤེལ་བར་སྐུལ་འདེད་བཏང་བས་དབུལ་སྒྲོལ་གྱི་རྨང་གཞི་བརྟན་དུ་ཕྱིན་ཡོད”ཅེས་བཤད།
འདི་ནི་2020ལོའི་ཟླ་11ཚེས་29ཉིན་བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ནས་པར་བླངས་པའི་བོད་ལྗོངས་མངའ་རིས་དང་བོད་དབུས་ཀྱི་གློག་དྲ་དྲ་སྦྲེལ་ལས་གྲྭའི་གློག་འདྲེན་ལྕགས་སྒྲོམ་ཡིན་པ།
འདི་ནི་བོད་ལྗོངས་མངའ་རིས་དང་བོད་དབུས་ཀྱི་གློག་དྲ་དྲ་སྦྲེལ་ལས་གྲྭའི་ས་དགའི་ཆན་ཧྥུའུ་220ཡི་གློག་སྒྱུར་ས་ཚིགས་སུ་ལས་དོན་མི་སྣས་སྒྲིག་ཆས་འཁོར་རྒྱུག་གནས་ཚུལ་ལ་ཞིབ་བཤེར་བྱེད་བཞིན་པ། 
རྩོམ་སྒྲིག་པ། སངས་སྐྱབས།
འབྲེལ་ཡོད་རྩོམ་ཡིག