ཀྲུང་གོའི་བོད་ལྗོངས་དྲ་བ།>དབུ་ལྷེ།

ལོ་36རིང་སྒོར་ཁྲི་1970ཞལ་འདེབས་ཕུལ་མཁན་སྒྲོལ་མ་ལཊ་ལ་བསྟོད་དོ།

2023-01-10
     ཉེ་ཆར། བོད་ལྗོངས་སྒྲོལ་མ་གཅེས་སེམས་ཁྱིམ་གཞིས་ཁེ་ལས་ཚད་ཡོད་ཀུང་སིའི་འགོ་འཛིན་སྒྲོལ་མ་ལགས་སྤྱི་ལོ་2022ལོའི་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གི་མི་སྒེར་ལ་བདམས་ཐོན་བྱས་ཡོད་པ་རེད། འདི་ནི་ཁོང་མོ་དེ་སྔ་བོད་རང་སྐྱོང་ལྗོངས་ཀྱི་གསུམ་བརྒྱད་དར་དམར་དཔེ་བཟང་མི་སྣ་དང་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་རྩ་འཛུགས་ལས་རིགས་ཨུ་ལྷན་གྱི་ཕུལ་བྱུང་ཏང་དོན་ལས་དོན་པ་སོགས་ཀྱི་མཚན་སྙན་ཐོབ་རྗེས་སླར་ཡང་ཐོབ་པའི་མཚན་སྙན་གཞན་ཞིག་རེད།
     གཟི་བརྗིད་ཀྱི་མཚན་སྙན་རེ་རེར་དྲོ་སྐྱིད་ལྡན་པའི་གཏམ་རྒྱུད་མང་པོ་ཞིག་གི་རྒྱབ་ལྗོངས་ཡོད་པ་མ་ཟད། ད་དུང་ལོ་ངོ་36རིང་ཁོང་གིས་སྤྱི་ཕན་བྱ་གཞག་ལ་སྒེར་སེམས་མེད་པར་ནུས་པས་ལྕོགས་ཚོད་ཕུལ་བའི་ལེགས་སྐྱེས་ཀྱང་ཡོད། ལོ་36རིང་ཁོང་གིས་རང་ཉིད་ཀྱིས་ལས་འགན་གཅིག་ལྕོགས་བྱས་ཏེ་དཀའ་སྤྱད་ལས་བརྩོན་གནང་སྟེ་རིམ་རྩིས་བྱས་ན་སྒོར་ཁྲི་1970ལྷག་ཙམ་ཞལ་འདེབས་བརྒྱབ་པ་དང་། སྔ་རྗེས་སུ་མི་200ལྷག་ཙམ་ལ་རོགས་རམ་བྱས་ནས་སློབ་གྲྭར་འགྲིམས་པ་དང་རྩལ་ནུས་སློབ་སྦྱོང་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། ཁོང་ཚོས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་རྒྱུར་རོགས་རམ་གནང་ཡོད།
   ད་ལོ་དགུང་ལོ་62ལ་ཕེབས་པའི་སྒྲོལ་མ་ལགས་ཀྱིས་བཅར་འདྲི་དང་ལེན་གནང་སྐབས། ང་ནི་གྲོང་གསེབ་ཏུ་སྐྱེས་ཤིང་ཏང་གིས་གསོ་སྐྱོང་གནང་བ་ཞིག་ཡིན། ང་རང་ལ་གྲུབ་འབྲས་འདི་དག་ཐོབ་པ་ཏང་གི་བཀའ་དྲིན་ཡིན་པས། ངས་རང་ཉིད་ཀྱི་འཇོན་ནུས་ལྟར་མི་དམངས་ལ་ལེགས་སྐྱེས་འབུལ་དགོས་པ་དང་མི་དེ་བས་མང་བར་རོགས་རམ་བྱེད་དགོས་ཞེས་གསུངས་པ་རེད།
     སྤྱི་ལོ་1977ལོར། རང་ལོ་16ལ་ཕེབས་པའི་སྒྲོལ་མ་ལགས་ལ་མི་ཚེའི་ནང་གི་གླ་ཕོགས་དང་པོ་དེ་ལེན་རྒྱུ་བྱུང་ཡོད། དགའ་སྤྲོའི་ངང་འཚོ་བ་སྐྱེལ་བཞིན་པ་དང་ཆབས་གཅིག་ཉེ་འཁོར་གྱི་མི་མང་པོར་འཚོ་བའི་ཐད་དཀའ་ངལ་ཡོད་པ་ཤེས་ཚོར་བྱུང་བས། དུས་དེ་ནས་བཟུང་རང་ལ་འཚོ་གནས་ཀྱི་ནུས་པ་ལྡན་པའི་སྒྲོལ་མ་ལགས་ཀྱིས་ཉམས་ཞན་མི་ཚོགས་ལ་འཚོ་བའི་འགྲོ་ལམ་ཐག་གཅོད་བྱ་རྒྱུ་དེ་རང་ཉིད་ཀྱི་འབད་འཐབ་བྱེད་པའི་དམིགས་ཚད་དུ་བཟུང་བ་དང་། རང་ཉིད་ཀྱི་ནུས་པས་ལྕོགས་ཚོད་ཀྱིས་དྭ་ཕྲུག་དང་། ཉེས་འཛོལ་བྱུང་བའི་གཞོན་ནུ། རྒན་འཁོགས་ཁེར་རྐྱང་། དམིགས་བསལ་དཀའ་ངལ་ཡོད་པའི་དུད་ཚང་། དབང་པོ་སྐྱོན་ཅན་སོགས་ལ་དངུལ་དང་འཚོ་བའི་ཐད་ནས་རོགས་རམ་གནང་བ་དང་། རོགས་རམ་འདི་ཡང་ཁོང་གིས་ད་བར་ལོ་ངོ་36རིང་རྒྱུན་བསྐྱངས་ཡོད།
      སྤྱི་ལོ་2004ལོར། སྒྲོལ་མ་ལགས་ལ་དེ་སྔའི་ཆུ་ཤུར་གནམ་བུ་དྭ་ཕྲུག་ཁང་དུ་རྣའི་ནད་གཞི་ཕོག་པའི་བསྟན་འཛིན་ཉི་མ་དང་འཕྲད་ཅིང་། ནད་གཞི་བཅོས་ཆེད་སྒྲོལ་མ་ལགས་ཀྱིས་རང་འགུལ་ངང་ལོ་7ལ་སླེབས་པའི་བསྟན་འཛིན་ཉི་མ་རང་ཁྱིམ་དུ་ཁྲིད་ནས་བདག་སྐྱོང་གནང་།  ཁོང་གིས་ལྟ་རྟོག་ཞིབ་ཚགས་བྱས་པའི་འོག་བསྟན་འཛིན་ཉི་མའི་ནད་གཞི་དྲག་སྐྱེད་བྱུང་བ་དང་།  ཕྱིས་སུ་ཁོང་ལ་སློབ་ཆུང་ནས་སློབ་ཆེན་བར་གྱི་འཚོ་བའི་འགྲོ་གྲོན་ལ་སོགས་པ་རོགས་རམ་བྱས་པའི་འོག ད་ཆ་བསྟན་འཛིན་ཉི་མ་ལས་ཞུགས་ཐུབ་ནས་འཚོ་བ་གསར་པ་ཞིག་སྐྱེལ་བཞིན་ཡོད་པ་རེད།
     བསྟན་འཛིན་ཉི་མས། ང་རང་ཨ་མ་སྒྲོལ་མ་ལགས་ཀྱི་ཁྱིམ་དུ་ལོ་ཉི་ཤུ་ལྷག་ཙམ་འཚོ་བ་བསྐྱལ་བ་ཡིན། སྐབས་དེ་དུས་དངོས་གནས་བདེ་སྐྱིད་ལྡན་པ་ཞིག་རེད། ཨ་མ་ལགས་ཀྱིས་ང་རང་ཁོང་གི་བུ་ལྟར་གཅེས་སྐྱོང་གནང་བྱུང་། ཨ་མ་ལགས་ཀྱིས་ང་ལ་དངོས་གནས་དྲང་གནས་དེ་སྔ་ཚོར་མྱོང་མེད་པའི་ཨ་མའི་བྱམས་བརྩེ་དེ་མྱོང་དུ་བཅུག་བྱུང་བས། སླད་ཕྱིན་ངས་ཀྱང་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་མི་དེ་བས་མང་བར་རོགས་རམ་བྱས་ཏེ་ཨ་མ་ལགས་ཀྱི་བརྩེ་སེམས་མུ་མཐུད་བརྒྱུད་སྤྲོད་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།    
     བསྟན་འཛིན་ཉི་མ་དང་འདྲ་བའི་རོགས་རམ་བྱ་ཡུལ་མི་9ཡིས་ལྗོངས་ཕྱི་ནང་དུ་དམའ་འབྲིང་དང་། མཐོ་འབྲིང་། སློབ་ཆེན་བཅས་འགྲིམས་བཞིན་ཡོད་པ་རེད།
      རྒན་ཡོལ་ཞུས་རྗེས་གཞན་ལ་དེ་ལས་ཡག་པའི་རོགས་རམ་གནང་ཆེད། སྒྲོལ་མ་ལགས་ཀྱིས་ཕྱོགས་མང་པོའི་ཐད་ནས་མ་དངུལ་གྲབས་གསོག་གནང་ནས། བོད་ལྗོངས་སྒྲོལ་མའི་གཅེས་སེམས་ཁྱིམ་གཞིས་ཁེ་ལས་ཚད་ཡོད་ཀུང་སིའི་འབྱུང་ཁུངས་ལྷ་ས་སྒྲོལ་མའི་ཁྱིམ་གཞིས་ཞེས་པ་དེ་བཏོད་ཅིང་། དེ་ནི་དབུལ་སྐྱོར་དང་རོགས་སྐྱོབ་ཀྱི་འདུ་ཤེས་ལ་བརྟེན་ནས་བཙུགས་པའི་དམངས་གཉེར་ཁེ་ལས་ཤིག་ཡིན་པ་དང་། གསོ་སྦྱོང་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད་ཟམ་མི་ཆད་པར་བྱས་པ་དང་ལས་ཞུགས་ལ་བརྟེན་ནས་ལས་གཏོད་ལ་སྐུལ་ཁྲིད་བྱས་ཏེ་གཅེས་སེམས་རོགས་སྐྱོར་དང་ཉམས་ཞན་མི་ཚོགས་ལ་རོགས་རམ་བྱེད་བཞིན་ཡོད་པ་རེད།
     སྒྲོལ་མ་ལགས་ཀྱིས། གཞན་ལ་རོགས་རམ་བྱ་རྒྱུ་ནི་ངའི་འགན་འཁྲི་ཡིན་པས། བརྒྱུད་རིམ་དེའི་ཁྲོད་དཀའ་ངལ་གང་ཞིག་འཕྲད་རུང་ངས་ལས་ཀ་འདི་མཐའ་འཁྱོངས་བྱེད་ངེས་ཡིན།  ཉམས་ཞན་མི་ཚོགས་ལ་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་བྱས་ཏེ།  ཁོང་ཚོས་རང་ཉིད་ལ་བརྟེན་ནས་རང་ཉིད་ལ་མཁོ་བའི་འཚོ་བ་སྐྱེལ་དུ་འཇུག་རྒྱུ་ཡིན། དེ་ནི་ངའི་མཐར་གཏུགས་ཀྱི་དམིགས་ཡུལ་ཡིན་པ་ལས། ཁོང་ཚོས་ང་ལ་དྲིན་ལན་འཇལ་རྒྱུའི་རེ་བ་འཆང་མྱོང་མེད་ཅེས་གསུངས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།
འབྲེལ་ཡོད་རྩོམ་ཡིག