ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

རིག་གནས་གཞི་རྒྱུ་འདུས་པའི་དཀར་ཡོལ། སྤྱན་ལ་མཚར་བའི་གསར་གཏོད་བརྩམས་ཆོས།

2018-04-16 རྡོ་རྗེས་བསྒྲིགས།

          ཐང་བླུག་སའི་དཀར་ཡོལ་གྱི་མཐའ་ལ་མེ་ཏོག་པད་མའི་འདབ་མའི་གཟུགས་བརྐོས་པ་དང་ཁེབས་གཅོད་ཀྱང་མེ་ཏོག་པད་མའི་འབྲུ་ཕུལ་གྱི་གཟུགས་དབྱིབས་སུ་བྱས་པ་མ་ཟད། ཞབས་རར་མེ་ཏོག་པད་མའི་འདབ་མ་བརྐོས་པའི་དཀར་ཡོལ་འདི་འདྲ་མི་རྣམས་ཀྱི་འདྲེན་བྱེད་ཡུལ་དུ་འཆར་མ་ཐག་མེ་ཏོག་པད་མ་བརྗོད་གཞིར་བྱས་ནས་འཆར་འགོད་བྱས་པ་ཞིག་ཡིན་པ་གསལ་པོ་ཤེས་ཐུབ། དཀར་ཡོལ་གྱི་ཆང་རྐྱན་ནི་ཁྲོམ་དུ་འཚོང་རྒྱུ་ཡོད་པའི་མཱ་ཁེ་བུམ་པ་དང་དེ་ཙམ་གྱི་ཁྱད་པར་མེད་ནའང་། ཞིབ་ཕྲ་བལྟས་ཚེ་ཡལ་འདབ་འབྲེལ་བའི་རི་མོས་མཐའ་ནས་བརྒྱན་པས་གཞན་དང་མི་འདྲ་བའི་ཁྱད་ཆོས་ཤིག་མངོན་གྱི་ཡོད། མི་རྣམས་ཀྱིས་རྒྱུན་དུ་མཐོང་རྒྱུ་ཡོད་པའི་རི་མོ་བཀྲ་ཤིས་རྟགས་བརྒྱད་ཇ་ཕོར་དང་དཀར་ཡོལ་སོགས་ལ་བརྒྱབ་ཚེ་མིག་ལ་ཧ་ཅང་མཛེས་པའི་འཆར་སྣང་ཇི་འདྲ་ཞིག་ཐོན་སྲིད་དམ། ལྷག་དོན་དུ་དཀར་ཡོལ་ལ་བོད་ཀྱི་རིག་གནས་ཀྱི་གཞི་རྒྱུའི་ཁྱད་ཆོས་ལྡན་པར་བྱས་ཚེ་གང་འདྲ་ཞིག་ཡོད་དམ་ཞེ་ན།

          རང་སྐྱོང་ལྗོངས་སྲིད་གཞུང་དང་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་འགོ་ཁྲིད་ཀྱིས་ཚན་རྩལ་དང་བོད་ཀྱི་རིག་གནས་མཉམ་འདྲེས་ཡོང་རྒྱུར་མཐོང་ཆེན་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུར་འདེགས་སྐྱོར་ཧུར་ཐག་བྱས་ཏེ་ཚན་རྩལ་དང་རིག་གནས་མཉམ་འདྲེས་ཡོང་བའི་རྣམ་གྲངས་རབ་དང་རིམ་པར་ཁྲིད་སྟོན་དང་། རོགས་རམ། འདེགས་སྐྱོར་བཅས་བྱས་ཤིང་། 2017ལོར་རང་སྐྱོང་ལྗོངས་ཚན་རྩལ་ཆ་འཕྲིན་ཞིབ་འཇུག་ཁང་གིས་འགན་འཁུར་ནས་གཉེར་བའི“བོད་ཀྱི་རིག་གནས་ཀྱི་གཞི་རྒྱུའི་ཁྱད་ཆོས་སྔོག་འདོན་དང་དཀར་ཡོལ་བཟོ་རྩལ་ཐོན་རྫས”ཞེས་པའི་ཞིབ་འཇུག་རྣམ་གྲངས་ནི་ཚབ་མཚོན་ཞིག་རེད། ངོ་མཚར་ཆེ་བའི་བོད་ཀྱི་རིག་གནས་ཀྱི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པས“བོད་ཀྱི་རིག་གནས་ཀྱི་གཞི་རྒྱུའི་ཁྱད་ཆོས་སྔོག་འདོན་དང་དཀར་ཡོལ་བཟོ་རྩལ་ཐོན་རྫས”ཞེས་པའི་ཞིབ་འཇུག་རྣམ་གྲངས་ལ་བོད་ཀྱི་དམངས་ཁྲོད་ཀྱི་བཟོས་རྫས་དང་། སྲོལ་རྒྱུན་གྱི་རྒྱན་གོས། བརྐོས་བཀྲོལ། ཐང་ག ལྡེབས་རིས་སོགས་ནས་ལེགས་ཆ་གཅིག་སྡུད་དང་ལེགས་སྒྲིག་བྱས་པའི་ཁར་བོད་ཀྱི་རིག་གནས་ཀྱི་གཞི་རྒྱུའི་ཁྱད་ཆོས་ལྡན་པ་ཁག་གཅིག་བདམས་ཏེ་བོད་ཀྱི་རིག་གནས་ཀྱི་གཞི་རྒྱུའི་གྲངས་གཞིའི་མཛོད་རིམ་བཞིན་བཙུགས་ཏེ་འཐུས་སྒོ་ཚང་དུ་བཏང་ཡོད།

          དཀར་ཡོལ་ལ་སོ་གཏོང་བའི་བརྒྱུད་རིམ་ནང་ཧྲེ་ཧྲི་ཏུའུ་1300ཡན་གྱི་དྲོད་ཚད་ནང་ཁ་དོག་མི་འགྱུར་བ་བྱ་རྒྱུ་ནི་དཀའ་གནད་ཅིག་ཡིན་པར་བརྟེན། ཚན་ཞིབ་ལས་དོན་པས་བོད་ཀྱི་རིག་གནས་ཀྱི་གཞི་རྒྱུའི་ཁྱད་ཆོས་ལྡན་པའི་རི་མོ་དང་ཡིག་གཟུགས་སོགས་དཀར་ཡོལ་སྟེང་བརྒྱབ་སྟེ་བོད་ཀྱི་རིག་གནས་ཀྱི་གཞི་རྒྱུ་དག་ལ་སྒྱུ་རྩལ་གྱི་མཚོན་ཐབས་གསར་པའི་ཐོག་ནས་འདམ་བག་གིས་དཀར་ཡོལ་གྱི་བཟོ་ལྟ་བཟོ་བ་དང་སོ་གཏོང་བའི་འདུ་བྱེད་ལས་དཀར་ཡོལ་གསར་རྐྱང་ཞིག་ཐོན་གྱི་ཡོད།

          དཀར་ཡོལ་འགྲེམས་སྟོན་ཁང་གི་སྒོ་འཛུལ་མ་ཐག་དེ་གའི་འགྲེམས་སྟེགས་སུ་བོད་ཀྱི་རིག་གནས་ཀྱི་གཞི་རྒྱུའི་ཁྱད་ཆོས་ལྡན་པའི་དཀར་ཡོལ་སྣ་ཚོགས་བྱུར་བུར་གཏམས་ཤིང་། ཐང་གའི་རི་མོས་བརྒྱན་པའི་གྱང་སྟེང་དུ་བསྒྲིག་རྒྱུའི་དཀར་ཡོལ་དག་འགྲེམས་སྟོན་ཁང་གི་གྱང་ལྡེབས་སུ་བཀལ་ཡོད་པ་དང་། དེའི་རྣམ་པར་བཀྲ་བའི་ཚོན་མདངས་དང་སྣ་ཁ་ཧ་ཅང་འཛོམས་པས་མི་རྣམས་ཀྱིས་ངོ་མཚར་ཆེ་བའི་བཟོ་བཀོད་ལ་བསྔགས་བརྗོད་ཀྱི་མེ་ཏོག་མི་སྟོར་ག་ལ་སྲིད། གྱང་སྟེང་དུ་བསྒྲིག་བྱའི་ལྡེབས་རིས་ཕུད། འདི་གར་ད་དུང་རྫ་ལས་བཟོས་པའི་སྒྲིག་ཆས་དང་། བཟའ་བཏུང་ཡོ་ཆས། འཚོ་བའི་མཁོ་ཆས་སོགས་སྣ་ཁ་བརྒྱ་ཡན་ཡོད་པ་མ་ཟད། བོད་ཀྱི་རིག་གནས་ཀྱི་གཞི་རྒྱུའི་ཁྱད་ཆོས་ལྡན་པའི་ཉི་གདུགས་དང་སེང་རས་སོགས་ཀྱང་ཡོད་པ་རེད།

          འཆར་འགོད་ལ་བོད་ཀྱི་རིག་གནས་ཀྱི་གཞི་རྒྱུའི་ཁྱད་ཆོས་ལྡན་པ་མ་ཟད། འཚོ་བའི་མཁོ་ཆས་ཁག་གཅིག་གི་ཕྱིའི་བཟོ་ལྟར་ཡང་སྲོལ་རྒྱུན་གྱི་དཀར་ཡོལ་བཟོ་རྩལ་གྱི་ཁྱད་ཆོས་ཀྱང་ལྡན་ཡོད། གསར་འགོད་པ་འགྲེམས་སྟོན་ཁང་ལ་ལྟ་བར་འཁྲིད་མཁན་རང་སྐྱོང་ལྗོངས་ཚན་རྩལ་ཆ་འཕྲིན་ཞིབ་འཇུག་ཁང་གི་ལས་དོན་པ་ཞིག་གིས་འགྲེམས་སྟེགས་སྟེང་བསྒྲིགས་པའི་ཆང་རྐྱན་འདྲ་བ་ཞིག་ལ་མཛུབ་མོ་བཙུགས་ནས་ཆང་རྐྱན་འདིའི་ཕྱིའི་དབྱིབས་བོད་ཀྱི་རྫའི་ཆང་རྐྱན་ལ་དཔེ་བལྟས་ནས་བཟོས་པ་ཞིག་རེད་ཅེས་ངོ་སྤྲོད་བྱས་བྱུང་། ཁོང་གིས་བོད་བཟོའི་ཆང་རྐྱན་ཕུད། ད་དུང་སྲོལ་རྒྱུན་གྱི་རྫ་མ་དང་། ཁོག་ལྡིར་སོགས་ཡོད་པ་དེ་དག་ཚང་མར་ཐོན་སྐྱེད་བྱེད་སྟངས་གསར་པ་སྤྱད་ཡོད། གོམ་སྟབས་རྗེས་མར་རྣམ་གྲངས་དེས་སྲོལ་རྒྱུན་གྱི་དཀར་ཡོལ་བཟོ་རྩལ་མུ་མཐུད་སྔོག་འདོག་བྱས་ནས་སྲོལ་རྒྱུན་གྱི་རིག་གནས་ཀྱི་གཞི་རྒྱུའི་ཁྱད་ཆོས་ལྡན་པའི་ཡིད་དབང་འཕྲོག་ཤུགས་ལྡན་པར་བྱ་རྒྱུ་ཡིན་ལ། མཐོང་སྣང་གི་ཁྱད་ཆོས་གསར་པའང་ལྡན་པའི་དཀར་ཡོལ་ཞིབ་བཟོ་བྱ་རྒྱུ་རེད་ཅེས་བཤད།
འབྲེལ་ཡོད་རྩོམ་ཡིག