ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

ཧེའེ་ཁྲོན་ཧྲིན་ལགས་ཀྱིས་ཉར་ཚགས་གནང་བའི་མི་རིགས་གནའ་དཔེའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་འཚོགས།

2018-04-17 བྱམས་པ། རིན་ཆེན།

          ཟླ་4པའི་ཚེས་14ཉིན། ཀྲུང་དབྱང་མི་རིགས་སློབ་ཆེན་སོག་ཡིག་རྩོམ་རིག་སློབ་གླིང་དང་། ཀྲུང་གོའི་སོག་རིགས་ལོ་རྒྱུས་རིག་ཚོགས། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པ་སློབ་གླིང་། ཧྥུ་ཤིན་གྲོང་ཁྱེར་སྲིད་གྲོས་རིག་གནས་ལོ་རྒྱུས་ཡིག་ཚགས་ཨུ་ཡོན་ལྷན་ཁང་། ཧྥུ་ཤིན་གྲོང་ཁྱེར་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་གནང་པའི་སྐུ་ཞབས་ཧེའེ་ཁྲོན་ཧྲིན་ལགས་ཀྱིས་ཉར་ཚགས་གནང་བའི་མི་རིགས་གནའ་དཔེའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་འཚོགས། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར། ཉི་ཧོང་བཅས་ནས་སླེབས་པའི་ཆེད་ལས་ཞིབ་འཇུག་པ་དང་ཞིབ་འཇུག་སློབ་མ་བཅས་མི་དྲུག་ཅུ་ལྷག་ཚོགས་འདུར་ཞུགས།

སྐུ་ཞབས་ཧེའེ་ཁྲོན་ཧྲིན་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།  

          བགྲོ་གླེང་ཚོགས་འདུའི་འགོ་ཚུགས་མཛད་སྒོའི་སྟེང་སྐུ་ཞབས་ཧེའེ་ཁྲོན་ཧྲིན་ལགས་ཀྱིས་རང་ཉིད་ཀྱི་རིག་དངོས་ཉར་ཚགས་ཕྱག་ལས་ལ་ཕྱོགས་བསྡོམས་དང་མི་རིགས་རིག་དངོས་མྱུར་སྐྱོར་།   ཞིབ་འཇུག་གི་གལ་ཆེའི་རང་བཞིན་བཅས་རང་ཉིད་ཀྱི་མྱོང་བ་དང་བསྒྲགས་ནས་བརྗོད་པ་དང་།   བགྲོ་གླེང་ཚོགས་འདུ་དེ་ཚོགས་ཆུང་བཞི་རུ་བགོས་ནས་འབྲེལ་ཡོད་ཆེད་ལས་མཁས་པ་13ཀྱིས་དཔྱད་རྩོམ་སྒྲོག་སྦྱངས་གནང་།

ཀྲུང་དབྱང་མི་རིགས་སློབ་ཆེན་སོག་ཡིག་རྩོམ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་ཡེའར་ཏས་ཚོགས་འདུ་གཙོ་སྐྱོང་གནང་།

མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གསོ་ཁྲུའུ་ཡི་འགོ་གཙོ་མ་ཎི་འབུམ་གྱིས་འགོ་ཚུགས་མཛད་སྒོའི་སྟེང་གཏམ་བཤད་གནང་།

བོད་རིག་པའི་ཞིབ་འཇུག་པ་ཆེན་མོ། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁ་སྒང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཚོགས་འདུ་མཇུག་བསྡོམས་ཀྱི་གཏམ་བཤད་སྤེལ་བཞིན་པ།

ཀྲུང་གོའི་མི་དམངས་སློབ་ཆེན་རྒྱའི་ཞིབ་འཇུག་གླིང་གི་གླིང་གཙོ་གཞོན་པ། དགེ་རྒན་ཆེན་མོ་ཝུའུ་ཡོན་པིས་ལི་ཀིས་གཏམ་བཤད་གནང་བཞིན་པ།

ཉི་ཧོང་ཤར་བྱང་སློབ་ཆེན་ཨེ་ཤ་ཡ་ཤར་བྱང་ཞིབ་འཇུག་ལྟེ་གནས་དགེ་རྒན་ཆེན་མོ་ལིས་ལིན་ཅོན་གྱིས་གཏམ་བཤད་གནང་བཞིན་པ།

བོད་རིག་པའི་ཞིབ་འཇུག་པ་ཆེན་མོ་འཇིགས་མེད་བསམ་འགྲུབ་ཀྱིས་དཔྱད་རྩོམ་སྒྲོག་སྦྱངས་གནང་བཞིན་པ།

བོད་ཡིག་གནའ་དཔེའི་ཞིབ་འཇུག་པ་བྱམས་པས་དཔྱད་རྩོམ་སྒྲོག་སྦྱངས་གནང་བཞིན་པ།

          ཤེས་རྟོགས་བྱུང་བ་ལྟར་ན།   སྐུ་ཞབས་ཧེའེ་ཁྲོན་ཧྲིན་ལགས་ཀྱིས་ཉར་ཚགས་གནང་བའི་མི་རིགས་ཀྱི་གནའ་དཔེའི་ཁྲོད་བོད་ཡིག་དང་སོག་ཡིག   མན་ཇུའི་ཡི་གེའི་གནའ་དཔེ་དང་ལོ་རྒྱུས་ཡིག་ཚགས་སོགས་རིག་དངོས་4000ལྷག་ཙམ་ཡོད་ཅིང་།   དེའི་ཁྲོད་བོད་ཡིག་གི་གནའ་དཔེས་བརྒྱ་ཆའི་དྲུག་ཅུ་ཟིན།
          བོད་ཡིག་གནའ་དཔེའི་ཁྲོད་པེ་ཅིན་པར་མ་དང་སོག་ཡུལ་གྱི་པར་མ།   བླ་བྲང་པར་མ།   ཞོལ་པར་མ།   སྐུ་འབུམ་གྱི་པར་མ་བཅས་ཕུན་སུམ་ཚོགས་པ་ཡོད།   དེ་བཞིན་རིན་ཆེན་སྣ་མང་གི་བྲིས་མ་དང་གསེར་བྲིས་མང་པོ་ཞིག་ཡོད།   ནང་དོན་ལ་གསོ་རིག་རྒྱུད་བཞི་དང་མན་ངག་ལྷན་ཐབས།   བཻཌཱུརྱ་སྔོན་པོ་གཙོ་བྱས་པའི་གསོ་རིག་གི་སྐོར།   ཏིང་འཕགས་བསྐལ་གསུམ།   ཁཱང་ཞིས་བཀའ་འགྱུར་པར་མ།   ཁཱང་ཞིས་དགུང་ལོ་དྲུག་ཅུར་སོན་པར་ཆེད་དུ་པར་ཏུ་བཏབ་པའི་གཟུངས་བསྡུས་པོད་ཆེན་བཅས་རྒྱལ་པོའི་བཀའ་གསུང་གི་སྐོར།   དེ་བཞིན་པེ་ཅིན་དུ་པར་ཏུ་བཏབ་པའི་ཀླུ་འབུམ་དཀར་པོ་དང་འབུམ་ ༼   བྲིས་མ་  ༽  གཙོ་བྱས་པའི་བོན་གྱི་སྐོར་ཡོད།   བྲིས་མ་ལ་ཚེ་མདོ་དང་རྡོ་རྗེ་གཅོད་པ།   ཐར་མདོ་གཙོ་བོ་རེད།   ཇོ་ནང་ཏཱ་ར་ན་ཐའི་གསུང་འབུམ་བྲིས་མ་པོད་རྙིང་གཉིས་ཡོད་པ་ཧ་ཅང་མཐོང་དཀོན་པོ་ཡིན།   དབྱངས་ཡིག་དང་སྐར་རྩིས་སྐོར།   དེ་བཞིན་ཆོས་སྤྱོད་འདོན་པའི་སྐོར་བཅས་ཡོད།   དཔེ་ཚུགས་ཀྱི་ངོས་ནས་སྣ་རིང་གཙོ་བོ་ཡིན་པ་དང་།   དབྱངས་ཡིག་དང་རྩིས་ཀྱི་དཔེ་ཆ་རེ་འགའ་མགོ་བཙེམ་གྱི་རྣམ་པ་ཆགས་ཡོད།   གཞན་གདུགས་དཀར་མཆོག་གྲུབ་མ་དང་འཇམ་དཔལ་མཚན་བརྗོད།   སྒྲོལ་བསྟོད།   རྟེན་ཐོ་སྣ་ཚོགས་བཅས་དཔེ་འགའ་ཆིན་རྒྱལ་རབས་སྐབས་པར་ཏུ་བཏབ་པའི་ལྟེབས་ཟུར་མའི་རྣམ་པ་རེད།

ཚོགས་འདུའི་སྟེང་བོད་ཡིག་དང་སོག་ཡིག་ལོ་རྒྱུས་ཡིག་ཚགས་དྲུག་ཅུ་ལྷག་འགྲེམས་སྟོན་བྱས།

ཚོགས་འདུའི་སྟེང་བོད་ཡིག་དང་སོག་ཡིག་ལོ་རྒྱུས་ཡིག་ཚགས་དྲུག་ཅུ་ལྷག་འགྲེམས་སྟོན་བྱས།

          སྐུ་ཞབས་ཧེའེ་ཁྲོན་ཧྲིན་ལགས་ནི་སོག་རིགས་ཞིག་ཡིན་ཞིང་།   1980ལོར་ལེའོ་ཉིང་ཞིང་ཆེན་ཧྥུ་ཤིན་སོག་རིགས་རང་སྐྱོང་རྫོང་དུ་སྐྱེས།   མི་རིགས་རིག་དངོས་དང་ཡིག་ཚགས་ཉར་ཚགས་མཁས་པ།   རིག་དངོས་གཟིགས་དཔྱད་མཁས་པ་གྲགས་ཅན་ཞིག་ཡིན།   ཁོང་གིས་སྔར་ཕྱིར་ཀྲུང་གོའི་བོད་རིག་པ་ལྟེ་གནས་དང་མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་དགེ་འོས་སློབ་གླིང་བཅས་ལ་གནའ་དཔེ་མང་པོ་རིན་མེད་པར་ཞལ་འདེབས་སུ་ཕུལ།   ཚོགས་ཞུགས་ཆེད་ལས་ཞིབ་འཇུག་པ་རྣམས་ཀྱིས།   ཁོང་ནི་མིག་སྔའི་ཀྲུང་གོའི་མི་རིགས་རིག་དངོས་ཉར་ཚགས་གནང་མང་ཤོས་ཀྱི་མཁས་དབང་དེ་རེད་ཅེས་བསྔགས་བརྗོད་བྱེད།   ད་ལྟ་ཧྥུ་ཤིན་གྲོང་ཁྱེར་སྲིད་གྲོས་རིག་གནས་ལོ་རྒྱུས་ཡིག་ཚགས་ཁང་གི་འགོ་འཛིན་དང་།   ཧྥུ་ཤིན་གྲོང་ཁྱེར་མཐོ་རིམ་ཆེད་སྦྱོང་སློབ་གྲྭའི་མི་རིགས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གི་འགོ་འཛིན།   ལེའོ་ཉིང་ཞིང་ཆེན་སོག་རིགས་སྨན་རྫས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གི་འགོ་འཛིན་སོགས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད།

ཚོགས་ཞུགས་ཆེད་ལས་མཁས་པ་ཡོངས་ཀྱི་མཉམ་པར།

 

འབྲེལ་ཡོད་རྩོམ་ཡིག