ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

སངས་རྒྱས་འབུམ་གྱི་ཐང་ག་འགྲེམས་སྟོན་དེ་ཀྲུང་གོའི་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་དུ་སྤེལ་བ།

2018-06-07 བཀྲ་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཀྲུང་གོའི་ནུབ་རྒྱུད་ཞིབ་འཇུག་དང་འཕེལ་རྒྱས་སྐུལ་སྤེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་གནང་བའི་སངས་རྒྱས་འབུམ་གྱི་ཐང་ག་འགྲེམས་སྟོན་དེ་ཀྲུང་གོའི་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་དུ་སྤེལ་བ་རེད། 

སངས་རྒྱས་འབུམ་གྱི་ཐང་ག་འགྲེམས་སྟོན། 
          སངས་རྒྱས་འབུམ་ནི་ད་ལྟ་རྒྱལ་ཁབ་མི་རིགས་མཛེས་རྩལ་གླིང་ཐང་གའི་སྒྱུ་རྩལ་ཞིབ་འཇུག་གླིང་གི་ལག་བསྟར་གླིང་གཙོ་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རི་མོ་མཁན་པོ་ཡིན།  ཁོང་ནི་རེབ་གོང་རིག་པ་འབྱུང་བའི་ཕ་ས་རུ་འབོད་པའི་མཚོ་སྔོན་ཞིང་ཆེན་རེབ་གོང་རྫོང་སེང་གེ་གཞོང་ནས་སྐྱེས་ཤིང་། ལོ་ན༡༦ཐོག་ནས་རེབ་གོང་ས་ཁུལ་དུ་རྒྱལ་ཆེན་བཞི་ཞེས་སྙན་པའི་གྲགས་པ་འབར་བའི་ལྷ་རིས་མཁན་པོ་རྒྱ་མཚོ་ལགས་ཀྱི་རྗེས་སུ་འབྲངས་ནས་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་རིས་འབྲི་དང་འབག་སྐུ་བརྐོས་རིས་ལ་སྦྱངས་པ་མཛད། 
          1984ལོ་ནས་1989ལོའི་བར་དུ་ཁོ་རང་བཀའ་དྲིན་གྱིས་བསྐྱངས་མཁན་དགེ་རྒན་རྒྱ་མཚོ་ལགས་ཀྱི་རྗེས་འབྲངས་ནས་རོང་བོ་དགོན་ཆེན་དང་། བླ་བྲང་བཀྲ་ཤིས་འཁྱིལ།  ལྷ་སའི་ཕོ་བྲང་པོ་ཏ་ལ། ཀུན་གཟིགས་པཎ་ཆེན་མཆོག་གི་ཕྱག་ཡུལ་བིས་མདོ་དགོན་པ་སོགས་ནང་བསྟན་གྱི་གདན་ས་ཁག་ཏུ་གོམ་ཁ་བསྒྱུར་ནས་ཐང་ག་དང་ལྡེབས་རིས100ལྷག་ཙམ་འབྲི་བཞེངས་མཛད། 1990ལོར་ཀྲུང་གོའི་བཟོ་རྩལ་རི་མོ་མཁས་ཅན་རྒན་ཤྭ་བོ་ཚེ་རིང་གི་རྗེས་འབྲངས་ནས་ལྡེབས་རིས36ལྷག་ཞིག་གསོ་མཛད། 1997ལོའི་སྔ་རྗེས་སུ་སྨི600ཡོད་པའི་༼ཀྲུང་གོའི་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོ  ༽འབྲི་བཞེངས་ཀྱི་ལས་ལ་ཞུགས་ཤིང་། བར་སྐབས་དེར༼ཀུན་འདུས་ཞལ་ཐང་ཆེན་མོ༽ཡི་སྤྱི་ཁྱབ་ཇུས་འགོད་པ་སྐུ་ཞབས་བརྩོན་འགྲུས་རབ་རྒྱས་ལགས་ཀྱི་བསྔགས་བརྗོད་ཚད་མེད་ཐོབ།  2007ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིས་འབྲི་མཁན་པོ་དང་།  རྒྱལ་ཁབ་ལས་རིགས་ལག་རྩལ་ཤན་འབྱེད་དཔྱད་འཇོག་ཆེད་མཁས་སུ་བདམས། ཁོང་གི་བརྩམས་ཆོས་ཐེངས་དུ་མར་རྒྱལ་ཁབ་ཕྱི་ནང་གི་འགྲེམས་ཚོགས་སུ་དམིགས་བསལ་གདན་ཞུ་བྱས་མྱོང་ལ།  མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཆེས་མཆོག་ཏུ་གྱུར་བའི་ལེགས་སྐྱེས་སུ་བརྩི་བའི་ངོས་ནས་བརྩམས་ཆོས་མང་པོ་ཞིག་རྒྱལ་ཁབ་མཛེས་རྩལ་ཁང་དུ་ཉར་ཚགས་བྱས་ཡོད། 2010ལོར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་བཟོ་རྩལ་རི་མོ་མཁན་པོའི་མཚན་སྙན་གནང་། 

སངས་རྒྱས་འབུམ་གྱིས་རི་མོ་འབྲི་བཞིན་པའི་ཚུལ། 
          ཐེངས་འདིའི་འགྲེམས་སྟོན་སྐོར་གླེང་ཡོང་དུས་སངས་རྒྱས་འབུམ་གྱིས་འདི་སྐད། ཐེངས་འདིའི་འགྲེམས་སྟོན་ཐོག་བརྒྱའི་ནང་ནས་བརྒྱད་འདེམས་ནས་ཐང་ག56བཤམས་ཡོད་ལ། དེ་ནི་མི་རིགས56ཁྱིམ་ཚང་གཅིག་བཞིན་མཐུན་པའི་མཚོན་དོན་ཡིན། དེ་མ་ཟད་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱས་ནས་མི་རིགས་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ལ་ཤུགས་རྒྱག་རོགས་བྱེད་ཅེས་པ་བརྗོད་བྱ་གཙོ་བོར་བཞག་ཡོད་པས། ཐང་ག་འབྲི་བཞེངས་ཀྱི་གོ་རིམ་ཁྲོད་དུ་ཐང་གའི་སྒྱུ་རྩལ་འབྲི་བཞེངས་དེ་དེང་རབས་རང་རྒྱལ་གྱི་སྲོལ་རྒྱུན་རི་མོ་འབྲི་ལུགས་དང་།  ནུབ་ཕྱོགས་ཀྱི་རི་མོ་འབྲི་ལུགས་ཟུང་འབྲེལ་ཐོག་བློ་ཞིབ་མོས་བཞེངས་པ་ཡིན་པས་ཁྱད་ཆོས་མི་འདྲ་བ་མང་པོ་ཞིག་འདུས་ཡོད་ཟེར།  ཁོང་གི་རི་མོ་འབྲི་བཞེངས་ལ་ཕྱི་རོལ་ཡུལ་གྱི་སྒྱུ་རྩལ་གྱི་ཆ་མང་པོ་ནང་འདྲེན་བྱས་ནས་རང་སྟེང་གི་སྒྱུ་རྩལ་ཁྱད་ཆོས་ལ་སྒྱུ་རྩལ་གཞན་དག་གི་ཁྱད་ཆོས་མཉམ་བསྲེས་བྱས་ནས་བཞེངས་ཡོད་པས། རང་ས་རང་ཡུལ་གྱི་ཁྱད་ཆོས་མངོན་གསལ་དོད་པོའི་རེབ་གོང་སྒྱུ་རྩལ་གྱི་མ་ལག་དེ་བས་མི་རིགས་ཅན་དུ་བསྒྱུར་ཡོད་པ་རེད། 

འགྲེམས་ཚོགས་ཡུལ་དངོས་སུ་འགྲེམས་སྟོན་བྱས་ཡོད་པའི་སྲོལ་རྒྱུན་ཐང་གའི་ཚོན་རྒྱུ། 
          2006ལོར་ཐང་ག་དེ་ཉིད་རང་རྒྱལ་གྱི་གཟུགས་མེད་ཤུལ་བཞག་རིག་གནས་སྐོར་དང་པོའི་མིང་ཐོར་བཞག  ཐང་ག་ནི་བོད་ཀྱི་རིག་གནས་ལས་ཐུན་མོང་མ་ཡིན་པའི་རིས་འབྲི་སྒྱུ་རྩལ་གྱི་རིགས་ཤིག་ཡིན་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཆ་ཤས་ཡིན། ཐང་ག་འབྲི་བཞེངས་ལ་རྒྱུ་ཆ་ཧ་ཅང་སྤུས་ལེགས་དགོས། མང་ཤོས་རས་གཞི་དང་། ཤོག་ངོས་སུ་འབྲི་ལ། ཚེམ་དྲུབས་དང་འཐག་དྲུབས་ལ་སོགས་ཀྱི་ཐང་ག་ཡང་ཡོད།  གཞན་དར་ཚོན་སྣ་ལྔའི་ཐོག་འབྲི་བ་ཡང་ཡོད། ཐེངས་འདིའི་འགྲེམས་སྟོན་དུ་བཤམས་པའི་ཐང་གའི་བརྩམས་ཆོས་ལ། ཚོན་ཐང་དང་། དམར་ཐང་། ནག་ཐང་། གསེར་ཐང་སོགས་ཐང་གའི་རིགས་དུ་མ་ཡོད་པ་རེད། སངས་རྒྱས་འབུམ་གྱིས་འདི་སྐད། ང་ཚོའི་ཐང་ག་འབྲི་བའི་ཚོན་རྒྱུ་རྣམས་བལ་བོ་དང་རྒྱ་གར། བོད་ལྗོངས། སི་ཁྲོན་སོགས་ས་ཁུལ་གྱི་བྲག་རྡོ་ལས་ཅུང་ཟད་རེ་དྲེད་ནས་བསགས་པ་ཡིན་ལ། དེ་རྡུང་བརྡར་བྱས་ནས་ཕྱེ་མར་བཏང་རྗེས་ཚོན་བྱུག་དགོས་པ་ཡིན། དེ་ནས་ད་གཟོད་ཐང་ག་འབྲི་བའི་འགོ་རྩོམ་པ་ཡིན།  ཚོན་རྒྱུ་ཁ་ཤས་ནང་དུག་ཡོད་པས། ང་ཚོས་དེ་ལ་སྲོལ་རྒྱུན་གྱི་དུག་སེལ་བྱེད་ཐབས་བཀོལ་གྱི་ཡོད། ཐང་ག་བེད་སྤྱོད་བྱེད་པའི་ཚོན་རྒྱུ་ཆ་ཚང་རང་བྱུང་གི་གཏེར་རྡོ་དང་། སྲོག་ཆགས། སྐྱེ་དངོས་བཅས་རིགས་གསུམ་ནས་བྱུང་བ་ཡིན་ཞེས་ཟེར།   ཐང་ག་ལ་གསེར་དང་། དངུལ། མུ་ཏིག   མ་ན་ཧོ(མཆོང)།  བྱུ་རུ།  གཡུ། རྡོ་མརྒད། མཚལ་བ་སོགས་རྩ་ཆེ་བའི་རིན་པོ་ཆེ་དང་། ཁ་ཆེ་གུར་གུམ་དང་། ལྕུམ་སོགས་སྐྱེ་དངོས་རིགས་ཀྱི་ཚོན་རྒྱུ་སོགས་ཡོད་པས།  ལོ་བརྒྱ་ཕྲག་དུ་མར་ཚོན་མདངས་མི་ཉམས་ཤིང་། ལོ་སྟོང་ཕྲག་འགོར་ཡང་ཚོན་མདོག་མི་ཡལ་བའི་ཁྱད་ཆོས་ངོ་མཚར་བ་ལྡན་པ་རེད།  

གཟིགས་མོ་བས་འགྲེམས་སྟོན་དུ་ཐང་ག་ལ་ཞིབ་ལྟ་བྱེད་པ། 
          ཀྲུང་དབྱང་མཛེས་རྩལ་སློབ་གླིང་གི་ལོ་རིམ་གསུམ་པ་ནས་ཡིན་པའི་སློབ་གྲོགས་ལི་ཡིས་ཐང་གའི་འགྲེམས་སྟོན་ལ་བལྟས་རྗེས་ཚོར་བ་ཟབ་མོའི་སྒོ་ནས་འདི་སྐད།  འདི་ལྟ་བུའི་མི་རིགས་སྒྱུ་རྩལ་ཡུལ་གཞན་དུ་མཐོང་མི་སྲིད།  ཐང་གའི་རིན་ཐང་ངོས་ནས་དེ་ལ་སྤྱོད་པའི་རིན་པོའི་ཆེ་སོགས་རྩ་ཆེའི་གཏེར་རིགས་དང་སྐྱེ་དངོས་རྒྱུ་བྱེད་པ་དེ་ཁོ་ན་ཙམ་མ་ཡིན་པར།  ཐང་ག་རེ་རེ་རྔུལ་ཁྲག་གིས་བཞེངས་པའི་གོ་རིམ་དེ་ཡིན། ཐང་ག་ཆེ་གྲས་གཅིག་འགྲུབ་དགོས་ན་ལོ་བཞི་ནས་ལྔ་དགོས་པ་དང་། སེན་མོའི་ཆེ་ཆུང་ལས་མེད་པའི་རས་གཞི་ཐོག་འབྲི་བར་ཆུ་ཚོད་གཅིག་ནས་གཉིས་དགོས་ཀྱི་ཡོད་པས། སྙིང་རིས་དང་བློ་བརྟན་པོ་འདི་འདྲ་ང་ཚོ་མི་སྤྱིར་བཏང་བ་ཞིག་གིས་སྒྲུབ་ཐུབ་བྲལ། ལྷ་རིས་མཁན་པོ་སངས་རྒྱས་འབུམ་གྱི་རིས་འབྲི་སྒྱུ་རྩལ་གྱིས་སྲ་ཞིང་བརྟན་པོའི་མི་རིགས་སྒྱུ་རྩལ་དང་ཕྱི་ནས་ཡོང་བའི་སྒྱུ་རྩལ་གཉིས་ཟུང་དུ་འབྲེལ་ཡོད་པས་དུས་རབས་ཀྱི་རྗེས་སུ་ཆོད་ཡོད་ཅེས་བརྗོད་ཆོག་ཆོག་རེད་ཟེར། 
          ཤེས་གསལ་ལྟར་ན། འགྲེམས་སྟོན་དེ་ཀྲུང་གོའི་རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་གི་འགྲེམས་ཁང་བྱང་མ11ནང་ཟླ6པའི་ཚེས7ཉིན་བར་ལ་འགྲེམས་སྟོན་བྱ་རྒྱུ་རེད། 
འབྲེལ་ཡོད་རྩོམ་ཡིག