ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

བོད་ཤོག་བཟོ་བའི་ལག་རྒྱུན།

2016-07-25

        ཤོག་བཟོའི་ལག་རྩལ་ནི་ཀྲུང་གོའི་གནའ་རབས་ཀྱི་གསར་གཏོད་ཆེན་པོ་བཞིའི་ཡ་གྱལ་ཞིག་ཡིན་ལ། མིའི་རིགས་ཀྱི་ཤེས་རིག་ལོ་རྒྱུས་ཐོག་གི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་རེད། ལྷག་དོན་བོད་མི་རིགས་ནི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལྡན་པའི་མི་རིགས་ཤིག་ཡིན་པས། གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་ཀྱི་སྐབས་ནས་བོད་ཤོག་ཡོད་པ་མ་ཟད་ད་དུང་སྣ་ཁའང་ཧ་ཅང་མང་པོ་ཡོད་པར་གྲགས།
        སྤྱི་ལོའི་དུས་རབས་བརྒྱད་པ་ནས་བཟུང་ཆོས་གཞུང་སྒྱུར་བའི་དགོས་མཁོ་དང་བསྟུན་ནས། བོད་དུ་རང་ཡུལ་གྱི་རྒྱུ་ཆ་བེད་སྤྱད་དེ་ཐུན་མོང་མ་ཡིན་པའི་བོད་ཤོག་ཐོན་སྐྱེད་བྱེད་ཤུགས་ཆེ་རུ་ཕྱིན་པ་རེད། དེ་རྗེས་ཀྱི་མི་ལོ་ཆིག་སྟོང་ལྷག་གི་རིང་ལ་བོད་ཀྱི་སྤྱི་ཚོགས་དཔལ་འབྱོར་དང་རིག་གནས་ཀྱི་དགོས་མཁོ་དང་བསྟུན་ནས་བོད་ཤོག་ཐོན་སྐྱེད་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ལྷག་དོན་བོད་ཤོག་ཀྱིས་བོད་ཀྱི་ཤེས་རིག་ལོ་རྒྱུས་ལ་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད་ལ། བོད་ཤོག་བཟོ་མཁན་ཚོས་བོད་ཀྱི་སྤྱི་ཚོགས་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་ལ་མཛད་རྗེས་རླབས་ཆེན་བཞག་ཡོད།
        བོད་ཤོག་བཟོ་བའི་རང་བྱུང་རྒྱུ་ཆ།
        དེ་སྔ་བོད་ཤོག་ལ་ཤོག་ལྡུམ་དུང་ལོ་མ་ཞེས་པའི་རྒྱུ་ཆ་རབ་དེ་ཕུད། སྟག་པ་ཤིང་དང་། ཨ་ག་རུ། རེ་ལྕག་སོགས་ཡིན་ལ། རྒྱུ་ཆ་མི་འདྲ་བས་སྤྱོད་སྒོ་དང་སྤུས་ཚད་མི་འདྲ་བའི་བོད་ཤོག་སྣ་ཚོགས་ཐོན་གྱི་ཡོད། དེ་ཡང་སྟག་པ་ཤིང་གིས་བོད་ཤོག་སྲབ་མཐུག་ཅི་རིགས་བཟོ་ཐུབ་པས་རྒྱུ་ཆ་ཡག་གྲས་སུ་བརྩི་བ་དང་། ཨ་ག་རུས་བཟོས་པའི་བོད་ཤོག་མཐུག་པས་རྒྱུ་ཆ་འབྲིང་ཡིན་རུང་ཆོས་གཞུང་འབྲི་ས་བྱས་ན་ལེགས་པོ་ཡོད། རེ་ལྕག་གིས་བོད་ཤོག་བཟོ་བའི་ཚེ་དུག་སེལ་དགོས་པས་རྒྱུ་ཆ་ཐ་མར་བགྲང་མོད། འབུས་མི་ཟ་བ་དང་ཡུན་རིང་ཉར་ཚགས་བྱེད་ཆོག་གི་ཡོད། བོད་ཤོག་བཟོ་རྩལ་ནི་རྒྱུ་ཆའི་པགས་པ་བཤུ་བ་དང་། འདུལ་བ། བཙོ་བ། སྦོང་བ། བཤལ་བ། དཀྲོག་པ། སྦྱོང་བ། བཀྲམས་པ་སོགས་ཀྱི་བརྒྱུད་རིམ་ལས་གྲུབ་ཡོད། བཟོ་རྩལ་དེ་ཉིད་བོད་ཡུལ་དུ་ཁྱབ་པ་མ་ཟད། རྒྱ་གར་དང་། བལ་ཡུལ། འབྲུག་ཡུལ་སོགས་སུའང་ཁྱབ་ཡོད།
        ཞིབ་ཕྲའི་བཟོ་ཐབས་ནི་ལྡུམ་བུ་ལེགས་པར་བཏུས་ནས་ས་རྡུལ་བཀྲུ་བཤལ་དང་ཕྱི་ཤུན་འཕྲལ་ནས་སྙིང་པོ་བླངས། དེ་རྗེས་ཆུ་གྲང་མོའི་ནང་དཀྲུགས་ལ་གར་སླ་དར་བ་ཙམ་ཆགས་ན། དེ་སྙིགས་མ་མེད་པའི་ཁུ་བའི་ནང་དུ་བཙོ་དགོས་ལ་ཚོས་ན་རྡོ་གཏུན་ནང་བརྡུངས་ཏེ་ཟན་ལྟར་གྱུར་ན་ཆུ་དང་བཅས་མདོང་མོའི་ནང་བསྲུབས་པ་དེ་ཤོག་ཁ་རེའི་ཚད་ལྟར་ཆ་མཉམ་པར་བགོས། དེ་ནས་རྫིང་བུ་སོགས་ཆུ་འཁྱིལ་གཙང་མའི་ནང་དུ་ཤོག་བྲེ་ཞེས་ཤོག་ཁ་ཆེ་ཆུང་གང་འདོད་པའི་ཚད་ཅན་སྒྲོམ་གྱི་ཕྱོགས་གཅིག་ཏུ་སིང་རས་སམ་དར་རས་སྲབ་ཅིང་འཇམ་པའི་ཚགས་ཀྱི་ནང་དུ་བླུགས་ལ་རྫིང་ཆུའི་སྟེང་དུ་བཙག་དཀྲུག་བྱས་ཟིན་པ་དག་སྐེམ་དགོས། འོན་ཀྱང་ཆུར་བཙག་དཀྲུག་བྱེད་སྐབས་ཤོག་བྲེ་ཡོ་ན་ཤོག་བུར་སྲབ་མཐུག་འགྲོ་ཉེན་ཆེ་བས་ཆ་སྙོམས་པར་དཀྲུག་དགོས་པ་དང་། ཆུ་ལས་ལེན་དུས་མ་གཟབ་ན་བུག་རྡོལ་འབྱུང་ཉེན་ཡོད་པ། མ་ཚོས་ན་འདུལ་དཀའ་བ། གཏུན་རྡུང་གིས་མ་ཞིབ་ན་འཇམ་པོ་མི་ཡོང་བ། རྡོ་གཏུན་སྲ་མཁྲེགས་དང་གཙང་མ་མེད་ན་ཤོག་མདོག་མི་གཙང་བ་སོགས་བྱུང་བས་དེ་དག་ལ་གཟབ་དགོས།
        རྒྱུ་ཆ་འབྲིང་པོ་ནི་ཨ་ག་རུའི་ཤུན་པ་སྟེ། སྔོ་བཤུས་བྱས་པའི་ཤུན་པའི་ནང་གི་བར་ཤུན་དེ་ཐོག་མར་ཡུད་ཙམ་བཙོས་ནས་ཁུ་བ་ཕོ། གཞན་བཙོ་རྡུང་དཀྲུག་བླུག་ཚང་མ་གོང་བཞིན་བྱ། ཤོག་བུ་དེའི་ཁྱད་ཆོས་ནི་མཐུག་ལ་ལེགས་པས་ཆོས་དཔེ་འབྲི་བར་ཆོག་ཏུ་བཤད།
        ཐ་མ་ནི་རེ་ལྕག་གི་རྩ་བ་ཡིན་ཞིང་། བྱེ་མ་དང་། ས་འབོལ་ས། ས་ནག་སོགས་སྙི་སར་སྐྱེས་པའི་རེ་ལྕག་གི་རྩ་བ་བརྐོས་ནས་ཕྱི་སྐོགས་དང་ནང་སྙིང་གཉིས་དོར་བའི་བར་ཤུན་རྒྱུས་པ་ལྟ་བུ་དེ་བཙོས་ན་བལ་ལྟར་ལྷོད་པར་འོང་། དེ་ལ་དུག་ཡོད་པས་དུག་འདོན་ཨ་རུ་ར་ཐུམ་གཅིག་འདེབས། ལྡུམ་དཀྲུག་བླུག་ཐམས་ཅད་གོང་ལྟར་ཡིན། འོན་ཀྱང་རྒྱུ་ཆའི་ངོས་ནས་གོང་གཉིས་ལས་ཞན་པར་བརྩི་རུང་། དུག་ཡོད་པས་འབུ་སྲིན་གྱི་གནོད་པས་མི་ཚུགས་པ་དང་ཡུན་རིང་ཉར་ཚགས་བྱེད་ཆོག་པའི་དགེ་མཚན་ཡོད།
        དེང་སང་བོད་ཤོག་བཟོ་བའི་མ་རྒྱུ་གཙོ་བོའང་མཚོ་བོད་ས་མཐོའི་ཐོག་གི་རྩི་ཤིང་ཡིན་ཞིང་། གཙོ་བོ་ནི་སྔོན་བུའི་ལོ་མ་དང་། རེ་ལྕག སོ་མ་རཱ་ཛཱ་སོགས་ཡིན་རུང་། རྒྱུ་ཆ་དེ་དག་ལའང་ཡག་ཉེས་ཀྱི་དབྱེ་བ་ཡོད་པའི་ཁྲོད་སྔོན་བུའི་ལོ་མ་ཡག་ཤོས་དང་དྲི་ལྡན་རེ་ལྕག་སྡུག་ཤོས་ཡིན་ལ། རྒྱུ་ཆ་ཁག་སོ་སོའི་སྦྱོར་རྟ་བྱེད་སྟངས་ཀྱང་འདྲ་གི་མེད། ལྷག་དོན་དུ་ཤོག་བཟོའི་ལག་རྩལ་གོང་འཕེལ་དང་ཁྱབ་གདལ་གྱི་བརྒྱུད་རིམ་ཁྲོད་མི་སྣ་གྲགས་ཅན་དུ་མ་བྱོན་ནས་བཟོ་རྩལ་སྤུས་ལེགས་ཀྱི་བོད་ཤོག་མང་པོ་ཐོན། ཁོང་ཚོས་བོད་ཤོག་ལས་སྣོན་གྱི་ལག་རྩལ་ལ་ཡུན་རིང་ཞུན་བརྡར་བྱས་མཐར་དངུལ་ལོར་དང་། སྦྲག་འཛིན། བཀའ་བསྟན་གསེར་བྲིས་དངུལ་བྲིས་ཀྱི་ཤོག་བུ་རྩེ་གྲ་དུ་མ་ཐོན་ཡོད།

        ས་གནས་མང་པོ་ནས་ཤོག་བུ་བཟོ་བ།
        ལོ་རྒྱུས་འཕེལ་རིམ་ཡུན་རིང་ནང་བོད་ཤོག་ལ་ཤར་གྱི་ཁམས་ཤོག་དང་། སྐྱིམས་སྟོང་ཤོག་བུ། ཀོང་པོའི་ཤོག་བུ། སྤོ་སྟོད་ཤོག་བུ། མོན་ཤོག སྙེ་ཤོག གཙང་ཤོག མངའ་རིས་ཀྱི་ཤོག་བུ་སོགས་བྱེ་བྲག་དུ་མ་ཐོན་མྱོང་ཡོད་ལ། ཐོན་ཡུལ་མི་འདྲ་བར་གཞིགས་ནས་སྤྱོད་སྒོ་ཡང་མི་འདྲ་བ་ཡོད་ཅིང་། དེ་སྔའི་བོད་ཤོག་བཟོ་གྲྭར་གཞུང་སྒེར་གཉིས་ཡོད་པའི་སྐྱིམས་སྟོང་བོད་ཤོག་བཟོ་གྲྭ་ནི་གཞུང་གིས་གཉེར་བ་ཞིག་ཡིན་ལ། དེ་ནས་ཐོན་པའི་ཤོག་བུ་རྩེ་གྲ་ཡིན་པས་ཆེད་དུ་དངུལ་ལོར་དང་། སྦྲག་འཛིན་བཟོ་བྱེད་དམ་བོད་ས་གནས་སྲིད་གཞུང་གི་ཡིག་ཤོག་བྱེད་ཀྱི་ཡོད། སྒེར་གཉེར་བཟོ་གྲྭ་ཕལ་ཆེར་དུད་ཚང་གཅིག་གམ་དུ་མ་མཉམ་འབྲེལ་གྱིས་བཙུགས་པ་ཞིག་རེད།
        མཚོ་སྣའི་ཤོག་བུ་ནི་ས་གནས་སྲིད་གཞུང་གི་ཡིག་ཤོག་ཡིན་པ་དང་། ཀོང་པོ་ཞོ་ཁ་ནས་ཐོན་པའི་ཤོག་བུ་ནི་འབྲི་ཤོག་དཀྱུས་མ་རེད། དྭགས་པོའི་ཤོག་བུ་ནི་ས་གནས་སྲིད་གཞུང་གི་བརྡ་ཁྱབ་དང་། ཁྲིམས་ཆོས། བཀའ་རྒྱ་སོགས་གལ་ཆེའི་ཡིག་ཆ་འབྲི་ས་རེད། གཙང་གི་ཤོག་བུ་ནི་གཙོ་བོ་བཀྲ་ཤིས་ལྷུན་པོ་དང་ས་སྐྱ་དགོན་པ་སོགས་ཀྱི་ཆོས་དཔེའི་དཔར་ཤོག་ལ་སྤྱོད་ཀྱི་ཡོད། ལྷོ་ཁའི་ཤོག་བུ་ནི་མཐུག་ལ་སྤུས་ཀ་ཅུང་ཞན་རུང་། སྣག་ཚ་ཐིམ་སླ་བས་བཀའ་བསྟན་འགྱུར་སོགས་ཆོས་དཔེའི་དཔར་ཤོག་དང་དགོན་སྡེ་ཁག་གི་ཐོ་ཡིག་འགོད་ས་སོགས་བྱེད་ཀྱི་ཡོད།
        སྤྱིར་ཤོག་བུ་ལེགས་པའི་ཚད་ནི་སྲབ་མཐུག་སྙོམས་ལ་བུག་རྡོལ་མེད་པ་དང་། ནག་དྲེག་དང་འཛར་འཛོར་མེད་པ་དབུར་རྡོས་བརྡར་ན་ས་རྡོའི་ར་རི་མེད་པ། འབོལ་ཞིང་དཀར་ཤས་ཆེ་བ་དེར་བརྩི་བ་དང་། ཤོག་བུའི་ཆ་ཚད་ནི་ཤོག་ལྷེབ་རེ་རེར་བྲེ་ཁ་དང་། ཤོག་ལྷེབ་བཅུ་སྡེབ་པ་ལ་བཅུ་སྡེབ་ཟེར། བོད་ཤོག་ལ་དཀར་པོ་དང་། དམར་པོ། སེར་པོ། སྔོན་པོ། ནག་པོ། སྨུག་པོ། ལྗང་ཁུ་སོགས་ཚོས་གཞི་མི་འདྲ་བ་ཁ་ཤས་ཡོད། ཚོས་གཞི་གཏོང་རྒྱུ་དེ་ཤོག་བཟོའི་ལག་རྩལ་གལ་ཆེན་ཞིག་རེད།

        བོད་ཤོག་གི་དམིགས་བསལ་ཁྱད་ཆོས།
        བོད་ཤོག་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་དམིགས་བསལ་ཐོན་ཟོག་ཅིག་ཡིན་ཞིང་། དེའི་ཁྱད་ཆོས་གཙོ་བོ་ནི་མཁའ་རླུང་སྐམ་ཤས་ཆེ་ཞིང་གསོ་རླུང་དཀོན་པའི་ཡུལ་ནས་ཐོན་པས་སྤྱིར་ན་བརླན་གཤེར་འགོག་ཐུབ་པ་དང་། ཤོག་བུའི་རྒྱུ་ཆར་དུག་གཡའ་ཡོད་པས་རུལ་དཀའ་ཞིང་འབུ་དང་བྱི་བ་སོགས་ཀྱིས་མི་ཟ་བ། སྐྱུར་གྱི་རང་བཞིན་མི་ལྡན་ཞིང་སྲ་ལ་མཉེན་པ་དང་ལྟེབས་རྩེག་རྒྱག་པ་དང་རེག་བརྡར་བྱས་རུང་རལ་དཀའ་བས་ཡུན་རིང་ཉར་ཚགས་བྱེད་ཐུབ། ཁྱད་པར་སྲོག་ཆགས་ཀྱི་པགས་པ་ལྟར་སྙི་ཞིང་རལ་དཀའ་བ་དེས་སོ་སོའི་དགོས་མཁོ་ལྟར་ཆ་ཚད་གང་བདེར་བཟོ་ཆོག ལྷག་དོན་ཚོན་ཤོག་ནི་མཛེས་རྒྱན་དང་། ལེགས་སྐྱེས་དངོས་རྫས། དེབ་ཀྱི་རྒྱབ་ཤོག་སོགས་བཟོ་བར་དམིགས་བསལ་ཁྱད་ཆོས་ལྡན་ཡོད་ལ། ཁ་ཞེང་ཆེ་བའི་བོད་ཤོག་ནི་དེ་བས་ཀྱང་ཡིག་གཟུགས་སྒྱུ་རྩལ་དང་མཛེས་རིས་འབྲི་རྒྱུར་དགའ་བའི་མི་ཚོའི་གདམ་ག་ལེགས་ཤོས་ཤིག་རེད། དེའི་ཐད་ཀྱི་རྒྱུན་འཛིན་པས་བོད་ཤོག་ལ་མ་མཐར་ཁྱད་ཆོས་དེ་དག་ཡོད་པའི་ངོས་འཛིན་བྱེད་པ་སྟེ། ཉར་ཚགས་ཀྱི་དུས་ཡུན་རིང་བ་དང་འབུ་མི་རྒྱག་ལ་ཙི་ཙི་སོགས་ཀྱིས་སོ་མི་རྒྱག་པ་དང་། དུས་ཚོད་རིང་པོ་ཕྱིན་རུང་འཕྲོ་བརླག་མི་འགྲོ་བ། ཡི་གེ་གསལ་ལ་མི་རལ་བ། སྤོ་བདེ་ལ་ཉར་ཚགས་བྱེད་བདེ་བ། མཉེན་ལ་འཇམ་པ། སྣག་རྫོབ་མི་ཐེབས་པ། ཤོག་བུར་ཡུན་རིང་བལྟས་རུང་མིག་ལ་མི་གནོད་པ། ལྟེབས་ཉེས་མི་ཤོར་བ་དང་ཚོས་མི་ལོག་པ། ཤོག་རོའང་ཚུར་བསྡུ་བྱས་ནས་བཟོ་རྩལ་ཐོན་རྫས་བཟོ་ཆོག་པ་བཅས་རེད། ལྷག་དོན་དེང་གི་རྒྱལ་ཁབ་ཕྱི་ནང་གི་མཁས་དབང་ཚོས་བོད་ཤོག་ནི་སྲ་ཚད་དང་། གཉེན་ཚད། ཞིབ་ཚད་ཀུན་ནས་སྐབས་དེའི་ཡོ་རོབ་གླིང་གི་ཤོག་བུ་ལས་ཞན་པ་མེད་པས་རྩོམ་ཡིག་དང་མཛེས་རིས་གང་བདེར་འབྲི་ཆོག་ལ་ཤོག་གུར་དང་སྒེའུ་ཁུང་གི་ཁྲ་རྒྱན་སོགས་ཀྱང་བྱས་ཆོག་པ་འདུག་ཅེས་དང་། ཡང་གནའ་བོའི་བོད་ཤོག་ནི་སྲ་ཞིང་མཉེན་ལ་མཐུག་ཅིང་འབུས་མི་ཟ་བས་ཤོག་བུའི་ནང་ནས་ཁྱད་དུ་འཕགས་ཅེས་བསྔགས་བརྗོད་བྱེད་བཞིན་ཡོད།
        བོད་ཤོག་ཐོན་རྫས་ལ་དམིགས་བསལ་གྱི་ཁྱད་ཆོས་དེ་དག་ཡོད་སྟབས་གྲུབ་མཐའ་ཁག་གི་ཆོས་གཞུང་པར་རྒྱག་ལ་མཁོ་བ་ཙམ་མ་ཟད། དངུལ་ལོར་དང་སྦྲག་འཛིན་བཟོ་ཆོག་པ་དང་། ཡིག་ཆ་སྣ་ཚོགས་འབྲི་ཆོག་པ། ཡིག་གཟུགས་སྒྱུ་རྩལ་དང་ཐང་ག་འབྲི་བྱེད་དུ་སྤྱོད་ཆོག་པ། འཕྲིན་ཡིག་འབྲི་ཤོག་དུ་སྤྱོད་པ། སློབ་སྦྱོང་བྱེད་པའི་སྤྱོད་ཤོག་སོགས་ཡིན། ད་ལྟ་གསར་དུ་ཐོན་པའི་བོད་ཤོག་ལ་ཀོ་ཤོག་དང་། ཚོན་ཤོག མེ་ཏོག་རིས་ཅན་གྱི་ཤོག་བུ། རྩྭ་ཤོག་སོགས་རིགས་མང་པོ་ཡོད་པ་དག སོ་སོའི་ཁྱད་ཆོས་ལ་བརྟེན་ནས་ཀོ་ཤོག་རི་མོ་དང་། ཤོག་བུའི་ལྒང་ཞུ། པར་དེབ། ཟིན་དེབ། ཤོག་ཁུག་སྤུས་ལེགས་སོགས་ཐོན་རྫས་གསར་པ་20ལྷག་ཙམ་བཟོ་ཆོག་གི་ཡོད།

        མཐིང་ཤོག་བཟོ་བའི་ལག་རྩལ།
        སྔ་མོའི་ལག་རྒྱུན་ལྟར་ན། གསེར་བྲིས་དངུལ་བྲིས་ཀྱི་གཞི་མཐིང་ཤོག་བཟོ་ཚུལ་ནི། ནག་མཚུར་གྲང་དུ་བཅུག་ནས་ས་རྡུལ་མ་སོང་བར་དྭངས་བསིང་ཕྱེ། ཐར་ནུའི་རླངས་པ་འདུས་པར་ཚྭ་ལ་བསྲེས་ཏེ་རས་ཚགས་ལ་བཙགས། དེ་གྲོ་ཆང་སྐྱུར་མོ་དང་བསྲེས་ཏེ་སྐོལ་དགོས་པ་དང་། ཚྭ་ལ་དང་ནག་མཚུར་ཉུང་ཞིང་གྲོ་ཆང་དང་ཐར་ནུ་མང་བ་དགོས། ཤོག་སྐྱ་ལ་བྱུགས་ནས་ཚོད་ལྟ་བྱས་ན། ཤོག་བུ་ནག་ལོག་གེར་སོང་ན་ཚོས་པའི་ཚད་ཡིན་པས་ཐབ་ལས་བླངས་ཏེ་ཅུང་ཞིག་བཞག་ནས་དྲོ་འཇམ་ཆགས་ན། དེའི་ནང་དུ་དེང་གི་ཤོག་བུ་སྣ་ཐུང་རིགས་མ་ཡིན་པའི་བོད་ཤོག་སྤུས་ལེགས་དྲངས་ཏེ་སྐམ་དུ་འཇུག དེ་ནས་ཨ་རུ་ར་འགའ་ཞིག་བརྡུངས་ཏེ་བཙོས་ནས་ཁུ་བ་རས་ཚགས་ལ་བཙགས་ཏེ་ཤོག་བུ་སླར་ཡང་དྲངས་ན་མཐིང་ཤོག་གྲུབ་ཅིང་། འདུལ་ཐབས་ནི་ཤོག་བུ་དཀྱུས་མའི་ལག་ལེན་ལྟར་བྱའོ། གཞན་དུ་ད་དུང་མགྲོན་བུ་བསྲེགས་པ་ཞིབ་བཏགས་བྱས་པ་ལས་གྲོ་ཆང་དང་ཛཱ་ཏི་གདུས་པའི་ཁུ་བར་ཤོག་བཟང་དྲངས་པས་མཐིང་ཤོག་འབྱུང་ཞིང་། ཨ་རུ་རའི་སྦྱོར་བ་གོང་ལྟར་ཡིན་ནོ།
        ད་དུང་མཐིང་ཤོག་བཟོ་བའི་བརྒྱུད་རིམ་ནང་ཤོག་བུ་སྦྱར་ག་རྒྱག་རྒྱུ་དང་། ཤོག་བུ་སྦྱོར་བྱེད་གྲོ་ཞིབ་ལ་ཆུ་བླུགས་ནས་ལྡིར་དགོས་པ། ཤོག་བུ་གཉེར་མ་མེད་པར་སྦྱར་ཚར་རྗེས་འགྲེམས་དགོས་པ་དང་འཕྱིད་རྒྱུ། དེ་རྗེས་ཤོག་བུ་གཅིག་ལ་འབང་རྒྱག་པ་དང་གཅིག་ལ་མ་བརྒྱབ་པར་ཤོག་པང་སྟེང་དུ་གྲལ་སྟར་བསྒྲིགས་ནས་བསྣེམ་རྒྱུ། སྒྲོན་མེ་ཤིང་ལས་བཟོས་པའི་སྣག་ཚར་གཡག་ལུག་གི་ཀླད་པ་བསྲེས་ནས་མཉེད་རྗེས་སྤྱིན་བླུགས་ནས་ཤོག་བུའི་སྦྱར་ཁར་སྔོན་ལ་ཐེངས་ཅིག་བྱུག་དགོས། དེ་རྗེས་གཟི་ཁྲས་དབུར་བའམ་བརྡར་རྗེས་ཡང་བསྐྱར་སྣག་ཚ་བྱུག་དགོས། དེ་རྗེས་སླར་ཡང་དབུར་བརྒྱབ་ན་མཐིང་ཤོག་ཆགས་པ་དེར་རིན་ཆེན་སྣ་ལྔ་གང་ཞིག་གིས་ཡི་གེ་བྲིས་ཀྱང་ཆོག་གི་ཡོད་པ་དེ་ནི་གནའ་བོའི་བོད་ཀྱི་ཤེས་རིག་གི་གྲུབ་ཆ་གལ་ཆེན་ཞིག་རེད།
        ཤོག་བཟོའི་ལག་རྩལ་རྒྱུན་འཛིན་པ།
        ད་ཆ་སྲོལ་རྒྱུན་གྱི་ཤོག་བཟོའི་ལག་རྩལ་རྒྱུན་འཛིན་པ་མང་པོ་ལྷག་མེད་ཅིང་། མངོན་མིན་རིག་གནས་ཤུལ་བཞག་ཁྱབ་ཁོངས་སུ་གདེང་འཇོག་ཆེན་པོ་བྱ་ཡུལ་ནི་སྙེ་ཤོག་གི་རྒྱུན་འཛིན་པ་ཚེ་བརྟན་རྡོ་རྗེ་ཡིན་ཞིང་། ཁོང་གི་སྐྱེ་ས་འཚར་ས་ནི་སྙེ་མོ་རྫོང་དར་གྲོང་ཤང་ཞོ་ལེགས་གྲོང་ཚོ་ཡིན་པ་དང་། ལོ་རྒྱུས་ཐོག་སྙེ་ཤོག་ཐོན་ཡུལ་གྱི་གྲོང་ཚོ་གཙོ་བོ་དེ་ཡང་ཡིན་པས། དེ་སྔ་དུད་ཚང་ཕལ་ཆེ་བས་སྙེ་ཤོག་བཟོ་གི་ཡོད་རུང་སྙེ་ཤོག་གི་རྒྱུ་ཆ་གཙོ་བོ་རེ་ལྕག་གི་ཐོན་ཁུངས་དཀོན་ལ། བར་སྐབས་ཤིག་རིང་བོད་ཤོག་བྲིན་ཁ་མི་རྒྱུག་པར་བརྟེན་དམངས་གཙོའི་བཅོས་སྒྱུར་གོང་དུད་ཚང་16ལས་མ་ལྷག་པ་དང་ད་ཆ་དུད་ཚང་གཅིག་ལས་མ་ལྷག་པ་དེ་ནི་ཚེ་བརྟན་རྡོ་རྗེའི་ཁྱིམ་ཚང་རེད། བོད་ཀྱི་གཏམ་དཔེར་དཀོན་པ་ཙམ་གྱིས་རིན་ཐང་ཞེས་པ་ལྟར་ད་ཆ་ཁོང་ལ་གོང་འོག་ཀུན་གྱི་ཐུགས་ཁུར་རྒྱབ་སྐྱོར་ཐོབ་ནས་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པར་གྱུར་པ་མ་ཟད། ཁོང་གི་རྒྱུན་འཁྱོངས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྙེ་ཤོག་བཟོ་བའི་ལག་རྒྱུན་འཛིན་ཐུབ་པ་བྱུང་ཡོད།
        བོད་ཤོག་གི་རྒྱུན་འཛིན་པ་གཞན་ཞིག་ནི་བྱམས་པ་བརྩོན་འགྲུས་ཡིན་ཞིང་། ཁོང་ནི་གྲགས་ཅན་བཟོ་རྩལ་མཛེས་རྩལ་ཆེ་མོ་བ་ཞིག་ཡིན་རུང་། དེར་བློ་ཡིད་ཚིམས་ནས་མ་བསྡད་པར་ལག་རྒྱུན་སྟོངས་ལ་ཉེ་བའི་བོད་ཀྱི་སྲོལ་རྒྱུན་བོད་ཤོག་བཟོ་རྩལ་སྦྱོང་བར་གཞོལ། 1990ལོ་ནས་བཟུང་བྱམས་པ་བརྩོན་འགྲུས་ཀྱིས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་དང་། ཉིང་ཁྲི་ས་ཁུལ་སྣང་རྫོང་། ཆབ་མདོ་ས་ཁུལ་སྨར་ཁམས་རྫོང་སོགས་སུ་དམངས་ཁྲོད་བོད་ཤོག་བཟོ་རྩལ་མཁས་ཅན་ལ་བཅར་འདྲི་བྱས་པ་དང་ཆབས་ཅིག ལག་རྩལ་སྦྱོང་འགོ་བཙུགས། དེས་མ་ཚད་ད་དུང་ལྗོངས་ཕྱི་དང་རྒྱལ་ཕྱིར་བསྐྱོད་དེ་བོད་ཤོག་བཟོ་རྩལ་བྱང་ཆུབ་པ་ཞིག་སྦྱངས་ཤིང་། ཁོང་གིས་སི་ཁྲོན་དཀར་མཛེས་སྡེ་དགེ་པར་ཁང་དུ་བསྐྱོད་དེ་ས་གནས་དེ་གའི་བོད་ཤོག་བཟོ་བའི་བརྒྱུད་རིམ་ལ་རྟོག་ཞིབ་ཞིབ་ཚགས་བྱས་པ་མ་ཟད། ད་དུང་ནེ་པ་ལར་བསྐྱོད་དེ་ས་གནས་དེ་གའི་ཤོག་བུ་བཟོ་མཁན་དང་ཉམས་མྱོང་སྤེལ་རེས་ཀྱང་བྱས།
        ཁོང་གིས་ད་དུང《བོད་ཤོག་བཟོ་རྩལ་མྱུར་སྐྱོབ་དང་འཕེལ་རྒྱས་ཀྱི་བརྒྱུད་རིམ》ཞེས་པའི་དེབ་ཅིག་བརྩམས་ཡོད། 2006ལོར་བྱམས་པ་བརྩོན་འགྲུས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་བོད་ཤོག་བཟོ་རྩལ་རྒྱུན་འཛིན་པར་གཏན་འཁེལ་བྱུང་བས་ཁོང་དགའ་ཚོར་ཆེན་པོ་བྱུང་།
        མིག་སྔར་ལྷ་ས་འཇའ་ཚོན་ཆུ་མིག་ཕན་བདེའི་མི་རིགས་ལག་ཤེས་བཟོ་ལས་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་འཇའ་ཚོན་ཆུ་མིག་རྟགས་ཅན་གྱི་བོད་ཤོག་སྣ་ཁ་100ལྷག་ཙམ་ཡོད་པའི་ནང་ཀོ་བ་དང་དར་ཚོན་འདྲ་བཟོ་བྱས་པ་ཡོད་ལ། ཚད་གཞི་དང་ལྗིད་ཚད་སྣ་ཚོགས་བྱས་པའང་ཡོད་རུང་བྱམས་པ་བརྩོན་འགྲུས་ཀྱིས་ད་ཆའི་གནས་བབ་དེར་བློ་ཡིད་དེ་ཙམ་ཚིམ་པོ་བྱེད་ཀྱི་མེད། བོད་ཤོག་བཟོ་བར་ད་དུང་གསར་གཏོད་ཀྱི་བར་མཐོངས་ཧ་ཅང་ཆེན་པོ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།
        བྱམས་པ་བརྩོན་འགྲུས་ནི་ལྷ་ས་གྲོང་ཁྱེར་ཆུ་མིག་ལམ་དུ་གནས་པའི་ལྷ་ས་འཇའ་ཚོན་ཆུ་མིག་ཕན་བདེ་དམིགས་བསལ་སློབ་གྲྭ་འཛུགས་མཁན་དེ་ཡིན་ཞིང་། ཁོང་ལ་གཞན་ཕན་གྱི་ཕུགས་འདུན་ཞིག་ཡོད་པ་ནི་གནམ་འོག་གི་དབང་པོ་སྐྱོན་ཅན་ཚང་མས་ལག་རྩལ་སྣ་གཅིག་ཤེས་ནས་རང་ཁ་རང་གསོ་ཐུབ་རེ་བྱེད་པ་དེ་རེད། 1993ལོར་ཁོང་གིས་ཆེད་མངགས་དབང་པོ་སྐྱོན་ཅན་གཞོན་ནུ་དང་དྭ་ཕྲུག་གི་སློབ་གྲྭ་སྟེ་ལྷ་ས་འཇའ་ཚོན་ཆུ་མིག་ཕན་བདེའི་དམིགས་བསལ་སློབ་གྲྭ་ཐོག་མ་དེ་བཙུགས་པ་རེད།
        1982ལོར་བྱམས་པ་བརྩོན་འགྲུས་ཀྱིས་ལྷ་ས་ཁྲེང་ཀོན་ཆུས་ལྷམ་བཟོ་གྲྭ་དང་པོའི་ཁྲང་ཀྲང་བྱས་ཙམ་ནས་བཟུང་སློབ་གྲྭ་འཛུགས་རྒྱུའི་བསམ་བློ་འཁོར་ཡོད་པས། ཁོང་གིས་1990ལོར་བཟོ་གྲྭའི་མིང་ཁྲེང་ཀོན་ཆུས་དབང་པོ་སྐྱོན་ཅན་ཕན་བདེའི་མི་རིགས་ལག་ཤེས་བཟོ་ལས་ཕྱོགས་བསྡུས་བཟོ་གྲྭ་ཞེས་པར་བསྒྱུར། སློབ་གྲྭ་འཛུགས་ཆེད་ཁོང་གིས་ལས་བཟོ་ཡོངས་སྐུལ་སློང་བྱས་ནས་ཟ་མཁས་སྤྱོད་མཁས་བྱས་པའི་གསོག་དངུལ་སྒོར་ཁྲི་40བཏོན་པ་རེད།
        བྱམས་པ་བརྩོན་འགྲུས་ཀྱིས་འཇའ་ཚོན་ཆུ་མིག་ཕན་བདེའི་དམིགས་བསལ་སློབ་གྲྭའི་སློབ་མ་མང་ཆེ་བ་བོད་ཀྱི་ས་ཕྱོགས་ཁག་ནས་ཡོང་བ་ཤ་སྟག་ཡིན་པ་མ་ཟད། ད་དུང་མཚོ་སྔོན་དང་སི་ཁྲོན་ནས་ཡོང་བའི་བོད་རྒྱ་ཧུའེ་རིགས་སོགས་ཀྱི་སློབ་མ་ཡོད་ཅེས་བཤད།
        བྱམས་པ་བརྩོན་འགྲུས་ཀྱིས་དགའ་ཚོར་ཆེན་པོའི་ངང“ད་ཆ་རང་ཉིད་དང་མཉམ་དུ་བོད་ཤོག་བཟོ་མཁན་8ཡོད་པ་མ་ཟད། ཁོང་ཚོའི་ཁྲོད་ཀྱི་ཁ་ཤས་བོད་ཤོག་བཟོ་ཧ་ཅང་མཁས་པོ་ཡོད”ཅེས་བཤད།
        བྱམས་པ་བརྩོན་འགྲུས་དགའ་ཚོར་བྱེད་འོས་པ་ཞིག་ནི་2012ལོར་ཁོང་གི་སློབ་མ་མིག་དམར་དང་བསྟན་འཛིན་འཕྲིན་ལས་ཐེན་ཅིང་དུ་རྒྱལ་ཡོངས་ཀྱི་ལས་རིགས་སློབ་གྲྭའི་རྩལ་ནུས་འགྲན་བསྡུར་ཆེ་མོའི་ནང་ཞུགས་སྐབས། མི་སྒེར་གྱི་གསེར་གྱི་རྟགས་མ་དང་། མཉམ་སྡེབ་ཀྱི་གསེར་གྱི་རྟགས་མ། བོད་ཤོག་གི་རྒྱུ་ཆའི་གསེར་གྱི་རྟགས་མ། བཀོལ་སྤྱོད་ལག་རྩལ་གྱི་གསེར་གྱི་རྟགས་མ་བཅས་བྱ་དགའ་ཁག་4ཐོབ་པ་རེད།
        བྱམས་པ་བརྩོན་འགྲུས་ཀྱིས་ས་ཕྱོགས་གང་སར་བསྐྱོད་ནས་སྲོལ་རྒྱུན་གྱི་བོད་ཤོག་བཟོ་རྩལ་སྦྱངས་པ་མ་ཟད། བོད་ཤོག་ལ་ཞིབ་འཇུག་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་སྦྲགས། ལག་རྩལ་རུ་ཁག་གི་སྣེ་ཁྲིད་དེ་གཅན་གཟན་རི་དྭགས་ཀྱི་པགས་པའི་རི་མོ་བཀོད་པའི་ཤོག་བུ་སོགས་ཐོན་རྫས་གསར་པ་ཞིབ་བཟོ་བྱས་པ་རེད།
        བྱམས་པ་བརྩོན་འགྲུས་ལ་གཞི་ཆེའི་རི་མོ་ཞིག་ཡོད་པ་དེར་མི་ཚང་མས་མ་གྲོས་གཅིག་མཐུན་གྱིས་རི་དྭགས་ཀྱི་པགས་པ་རེད་ཅེས་ཤོད་ཀྱི་ཡོད་རུང་། བྱམས་པ་བརྩོན་འགྲུས་ཀྱིས་གད་མོ་དགོད་བཞིན་དུ་རི་མོ་འདི་བོད་ཀྱི་ས་དབྱིབས་ཆགས་ལུགས་མཚོན་པའི་སྲིན་པོ་གན་རྐྱལ་གྱི་རི་མོ་རེད། རི་མོ་འདི་འདྲ་བོད་ཀྱི་དགོན་སྡེ་ཚང་མར་ཡོད། རི་མོ་འདི་རིགས་ནི་ལྡེབས་རིས་དང་སྤྱིར་སྲོག་ཆགས་ཀྱི་པགས་པའི་ལོགས་སུ་འབྲི་གི་ཡོད། བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་ཆེད། ང་ཚོས་བཟོས་པའི་བོད་ཤོག་ལ་ཚོད་ལྟ་བྱས་པས་ཧ་ཅང་ཡག་པོ་བྱུང་སྟེ་མིག་གིས་བལྟས་པ་ཙམ་གྱིས་དབྱེ་བ་ཕྱེ་ཐུབ་ཀྱི་མི་འདུག ལག་པ་ཐུག་ཚེ་གཞི་ནས་ཤོག་བུ་ཡིན་པ་ཤེས་ཐུབ་ཀྱི་ཡོད་ཅེས་བཤད།
        ད་ཆ་ཀུང་སིའི་ཐོན་རྫས་ལ་རྒྱལ་ནང་གི་འཛད་སྤྱོད་པས་དགའ་པོ་བྱེད་པ་མ་ཟད། ཐོན་རྫས་ཁག་གཅིག་ཨ་རི་དང་། འཇར་མན། རི་པིན་སོགས་རྒྱལ་ཁབ་ཏུ་ཕྱིར་ཚོང་བྱེད་ཀྱི་ཡོད། འོན་ཀྱང་བྱམས་པ་བརྩོན་འགྲུས་ཀྱིས་དེར་བློ་ཡིད་དེ་ཙམ་ཚིམ་པོ་བྱེད་ཀྱི་མེད། ཁོང་ཚོས་ཐོན་སྐྱེད་བྱས་པའི་བོད་ཤོག་སྣ་ཁ་མང་ལ་སྤུས་ཚད་ཀྱང་ཡག་པོ་ཡོད་རུང་། མ་གནས་མཐོ་བས་ཕྱིར་ཚོང་བྱེད་བདེ་པོ་མེད།
འབྲེལ་ཡོད་རྩོམ་ཡིག