ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

ཆེས་མཐའ་མཇུག་གི་སྒོ་ང་།

2017-01-11

ཧའེ་ནན་ཞིང་ཆེན་སན་ཡཱ་གྲོང་ཁྱེར་དུ། (སྒྱུར་བ་པོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་རྒྱ་ཡིག་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་གཞོན་པ། རྣམ་རྒྱལ།)

 

  ཁྱིམ་བྱ་རྣམས་རང་ཉིད་ཀྱི་འཛམ་པོ་གླིང་གི་གནས་བབ་སྟེ་མིའི་རིགས་ཀྱིས་གང་དགར་གསོད་པ་དང་ཟས་སུ་སྤྱོད་པ་ལ་ཡིད་མ་མགུ་པས། ཁྱིམ་བྱའི་རྒྱལ་པོས་ད་ལྟའི་གནས་བབ་འདི་བསྒྱུར་བཅོས་བྱ་ཆེད་རང་གི་བྱ་བློན་ཀུན་བསྡུས་ཏེ་གྲོས་བྱས།

  "མིའི་རིགས་ཀྱིས་བྱ་ཤ་གཅོད་རྒྱུ་ནི་ཧ་ཅང་ཁག་པོ་རེད"ཅེས་བྱ་བློན་ཞིག་གིས་ལབ་བྱུང་། རྒྱུ་མཚན་ནི་ཁོས་ཉེ་སྔོན་གསར་འགྱུར་འབྲི་མཁན་ཞིག་ལ་བྱ་སྒོང་རྒྱ་མ་བཅུའི་ལྐོག་རྔན་སྤྲད་དེ་བྱ་ཤ་ཟས་ཚེ་བཅའ་ཐབས་མེད་པའི་ནད་གཞི་འགོ་ཚུལ་གསར་འགྱུར་དུ་བཀོད་མོད། མིའི་རིགས་ཀྱིས་དེ་ལ་ཁ་ཡ་མི་བྱེད་པར་སྔར་ལྟར་ཟ་བཞིན་འདུག

  ཡང་བྱ་བློན་རྒན་པ་ཞིག་གིས"ངས་བལྟས་ན། མིའི་རིགས་ཀྱིས་འུ་ཅག་ཟ་བ་ནི་འུ་ཅག་ལ་སྡང་བ་མ་ཡིན་པར་ཁོ་ཚོ་འུ་ཅག་དང་འབྲལ་ཐབས་མེད་པས་རེད། དེ་བས་རྒྱལ་པོས་ད་ནས་བཟུང་བྱ་མོ་དག་གིས་སྒོ་ང་གཏོང་མི་ཆོག་པའི་བཀའ་བསྒྲགས་ན་མིའི་རིགས་ཀྱིས་འུ་ཅག་ལ་འཛིན་པའི་ལྟ་སྟངས་འགྱུར་སྲིད"ཅེས་བཤད།

  སྒོ་ང་མི་གཏོང?"ཁྱིམ་བྱའི་རྒྱལ་པོ་ཧ་ལས་པའི་རྣམ་འགྱུར་དང་བཅས་དྲིས།

  "རེད་ལགས། སྒོ་ང་མི་གཏོང་བར་ཞུ། སྒོ་ང་མེད་ཚེ་བྱ་ཕྲུག་སྐྱེ་མི་སྲིད་པས། གནད་དོན་འདི་ཁོ་ནས་མིའི་རིགས་ལ་མགོ་ན་རུ་འཇུག་ངེས"ཞེས་བྱ་རྒན་དེས་ལབ།

  སྐར་ཆ་ལྔ་འགོར་རྗེས། བྱ་རྒྱལ་གྱིས་ཁྱིམ་བྱ་ཡོངས་ལ་སྒོ་ང་གཏོང་མི་ཆོག་པའི་བཀའ་རྒྱ་བསྒྲགས།

  མིའི་རིགས་ཀྱིས་འཛམ་པོ་གླིང་གི་བྱ་མོ་ཡོངས་ཀྱིས་སྒོ་ང་མི་གཏོང་བ་ཚོར་དུས་སའི་གོ་ལ་འདིའི་སྟེང་དུ་སྒོ་ང་གཅིག་ལས་ལྷག་མེད་པ་རེད།

  མིའི་རིགས་ཀྱིས་གནད་དོན་འདི་ཚབས་ཆེན་ཡིན་པ་རྟོགས་པ་དང་། ཁྱིམ་བྱ་གཅིག་ཟས་སུ་སྤྱད་ཚེ་འཛམ་གླིང་ཐོག་ཁྱིམ་བྱ་གཅིག་ཉུང་ངུར་འགྲོ་བ་དང་། འདི་ལྟར་མུ་མཐུད་དུ་ཕྱིན་ཚེ་ནམ་ཞིག་ཁྱིམ་བྱའི་རྒྱུད་འདི་འཇིག་སྲིད་པར་སྙམ། གནད་དོན་དེའི་ཆེད་དུ་མིའི་རིགས་ཀྱིས་ཚོགས་འདུ་བསྡུས་ཏེ་ཇི་ལྟར་འདབ་ཆགས་དཀོན་པོ"ཁྱིམ་བྱ"སྲུང་སྐྱོབ་བྱ་ཐབས་སྐོར་གྱི་ཁྲིམས་ལུགས་ཞིག་གཏན་འབེབས་བྱས། དེ་ནས་བཟུང་ཁྱིམ་བྱའི་ཡིད་སྐྱོ་བའི་གནས་བབ་ལ་འགྱུར་ལྡོག་བྱུང་སྟེ་འདབ་ཆགས་དཀོན་པོའི་གྲས་སུ་ཚུད།   

  མི་རྣམས་ཀྱིས་རང་ཉིད་ལ་ཁྱིམ་བྱ་ཞིག་ཡོད་ན་གཟི་བརྗིད་ཅིག་ཏུ་འདོད་ལ། དུས་མཚུངས་སུ་སྒོ་ཁྱི་དང་བྱི་ལའི་གོ་བབ་སྔར་དང་མི་འདྲ་བར་མི་རྣམས་ཀྱིས་སྣང་ཆུང་བྱེད། ནམ་རྒྱུན་སྤྱི་གླིང་དུ་དཔོན་རིགས་སྐུ་དྲག་དག་གིས་ཁྱིམ་བྱ་རེར་འཁྲིད་དེ་འཆམ་འཆམ་དུ་འགྲོ་ལ། ཁྱིམ་བྱའི་རིན་གོང་ཡང་ཨ་སྒོར་ཆིག་སྟོང་ལྷག་ཏུ་འཕར།  

  དེ་ལས་ཀྱང་འཛམ་པོ་གླིང་གི་ཆེས་མཐའ་མཇུག་གི་སྒོ་ང་དེའི་རིན་གོང་ནི་དཔག་དཀའ་བ་ཞིག་ཏུ་ཆགས་ལ། སྒོ་ང་དེ་སྲུང་བའི་དམག་མི་ཁོ་ན་ཁྲི་ལ་ཉེ་བ་ཡོད། སྒོ་ང་འདིའི་ཨ་མ་ནི་བྱ་རྒྱལ་གྱི་བཀའ་རྒྱ་ཐོས་པའི་བྱ་མོ་ཆེས་རྗེས་མ་ཡིན་པས། འཛམ་པོ་གླིང་གི་སྒོ་ང་གཅིག་པུའི་ཨ་མར་གྱུར། མི་རྣམས་ཀྱིས་ཁྱིམ་བྱའི་རིགས་རྒྱུད་སྤེལ་བའི་རེ་བ་ཡོད་ཚད་བྱ་མོ་དེ་ལ་བཅོལ་ཡོད་པས། བྱ་མོ་དེར་ཟས་གང་ལེགས་དང་སྡོད་ཁང་གང་བཟང་མཁོ་སྤྲོད་བྱེད་པར་མ་ཟད། རྟག་ཏུ་ཚགས་པར་དང་བརྙན་འཕྲིན་སྟེང་གཏོང་གིན་ཡོད།   

  བྱ་མོ་དེའི་གོ་གནས་མཐོན་པོར་ཆགས་པ་དེར་རིམ་གྱིས་ཁྱིམ་བྱ་གཞན་དག་གིས་ཕྲག་དོག་བྱས་ཏེ། སེམས་སུ་ཚང་མ་ཁྱིམ་བྱ་ཡིན་པ་འདྲ་བ་ལ་མོས་ཅི་ཞིག་ལ་ཟས་ཡག་པོ་ཟ་བ་དང་གནས་ཡག་པོ་འདུག་པར་མ་ཟད། བརྙན་འཕྲིན་ནང་དུའང་ནམ་རྒྱུན་གཏོང་བ་ནི་ཅི་ཡིན། དེ་ནི་མོས་འཛམ་གླིང་ཐོག་གི་ཆེས་མཐའ་མཇུག་གི་སྒོ་ང་བཏང་བས་མ་ཡིན་ནམ་སྙམ། 

  དེ་ནས་ཉིན་ཞིག་གི་སྔ་དྲོ་བྱ་མོ་ཞིག་གིས་བྱ་རྒྱལ་གྱི་བཀའ་མ་བརྩིས་པར་སྒོ་ང་ཞིག་བཏང་སོང་བས། བྱ་མོ་དེ་ནི་འཛམ་གླིང་གི་གསར་འགྱུར་གལ་ཆེན་དུ་གྱུར་ལ། བྱ་མོ་དེའི་ཐོབ་ཐང་ཡང་བྱ་མོ་སྔ་མ་དེ་ལས་བརྒལ།

  གནས་ཚུལ་དེས་ཁྱིམ་བྱ་ཡོངས་ལ་གཡོ་འགུལ་ཆེན་པོ་ཐེབས། ཅང་མ་འགོར་བར་སྒོ་ང་གསུམ་པ་དེ་བྱུང་བ་དང་། དེ་ནས་རིམ་བཞིན་སྒོ་ང་བཞི་པ་དང་། ལྔ་བ། དྲུག་པ་སོགས་བྱུང་།……  

  ཁྱིམ་བྱའི་རྒྱལ་པོས་གནས་ཚུལ་མི་ལེགས་པ་ཚོར་ནས་ཡང་བསྐྱར་སྒོ་ང་གཏང་མི་ཆོག་པའི་བཀའ་བསྒྲགས་མོད། བྱ་འབངས་རྣམས་ཚོད་འཛིན་བྱེད་ཐབས་བྲལ། བྱ་མོ་ཡོངས་ཀྱིས་རང་ཉིད་བྱ་མོ་གཞན་ལས་འཚོ་བ་ཡག་པོ་རོལ་རྒྱུར་བསམ་ནས་ཧུར་ཐག་གིས་སྒོ་ང་བཏང་།དེ་ནས་མིའི་རིགས་ཀྱིས་ཁྱིམ་བྱ་སྲུང་སྐྱོབ་བྱེད་པའི་ཁྲིམས་ལུགས་མེད་པར་བཟོས་པ་དང་། མི་རྣམས་ཀྱིས་ཀྱང་ཁྱིམ་བྱ་འཁྲིད་དེ་སྤྱི་གླིང་དུ་མི་འགྲོ་བ་དང་། བྱ་ཤ་ཡང་བསྐྱར་མི་རྣམས་ཀྱི་སྡེར་མའི་ནང་དུ་མཐོང་བར་གྱུར།    

  ཁྱིམ་བྱའི་རྒྱལ་པོས་ཕངས་སེམས་དང་བཅས་ཡང་བསྐྱར་སྒོ་ང་གཏོང་མི་ཆོག་པའི་བཀའ་སྒྲོག་རྩིས་བྱས་པ་ན། བྱ་བློན་རྒན་པ་དེས་ཞུ་རྒྱུར། "རྒྱལ་པོ་ལགས། ད་ནི་བཀའ་རྒྱ་དེ་སྒྲོག་པའི་དགོས་པ་མི་འདུག་སྟེ། མིའི་རིགས་ཀྱིས་ཁྱིམ་བྱའི་སྒོ་ང་མི་གཏོང་བ་ལ་བྱ་ཐབས་གང་སྤྱོད་དགོས་པ་ཤེས་འདུག་ལགས"ཞེས་བཤད།

༢༠༡༦.༥.༣༠ཉིན་རྣམ་རྒྱལ་ཚེ་རིང་གིས་རྒྱ་ཡིག་ནས་བསྒྱུར།

 

(རྩོམ་སྒྲིག་འགན་འཁུར་པ། འཇམ་དཔལ།)

འབྲེལ་ཡོད་རྩོམ་ཡིག