ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

རིག་གནས་དུས་ཆེན་འགོ་ཚུགས་པ།ཚངས་དབྱངས་རྒྱ་མཚོ་སྐུ་འཁྲུངས་ནས་ལོ335འཁོར་བར་དྲན་གསོ་ཞུ་བ།

2018-04-17 བཀྲ་རྒྱལ་གྱིས་བསྒྱུར།
 
བོད་ཀྱི་ཡིག་བྲིས་པ་གྲགས་ཅན་ལྷག་པ་ཚེ་རིང་གིས་སློབ་མ་ཚོར་ཡིག་གཟུགས་རོལ་མྱོང་གི་རྩ་གནད་འགྲེལ་བཤད་གནང་བཞིན་པ།
          ཀྲུང་གོའི་བོད་ལྗོངས་དྲ་བར་གནས་ཚུལ་འབྱོར་གསལ། སྤྱི་ཟླ4པའི་ཚེས16ཉིན་ཏེ་བོད་ཟླ་གསུམ་པའི་ཚེས་གཅིག་ཉིན་ནི། ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་སྐུ་འཁྲུངས་ནས་ལོ335འཁོར་བའི་དྲན་གསོའི་ཉིན་མོ་རེད་ལ། ལོ་ལྟར་བོད་ཟླ་གསུམ་པའི་ཚེས་གཅིག་ཉིན་ནི་ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་འགོ་ཚུགས་པའི་ཉིན་མོའང་རེད།

ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་གྱི་ཡིག་གཟུགས་འགྲེམས་སྟོན་བྱ་ཡུལ་དངོས།
          ཚེས16ཉིན་གྱི་སྔ་དྲོར། ཚངས་དབྱངས་རྒྱ་མཚོའི་སྙན་ངག་བརྗོད་བྱར་བྱས་པའི་ཡིག་གཟུགས་བརྩམས་ཆོས་དང་ཐང་ག་འགྲེམས་སྟོན་དེ་བོད་རང་སྐྱོང་ལྗོངས་མང་ཚོགས་རིག་གནས་སྒྱུ་རྩལ་ཁང་དུ་གཟབ་རྒྱས་ངང་སྤེལ་ཞིང་། བོད་རྒྱའི་ཡིག་གཟུགས་བརྩམས་ཆོས་ལེགས་གྲས100ལྷག་ཙམ་འགྲེམས་སྟོན་ཐོག་མངོན་ཡོད་པ་རེད། ད་རེས་ཀྱི་འགྲེམས་སྟོན་གྱི་དམིགས་ཡུལ་ནི་མང་ཚོགས་ལ་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཀྱི་ནང་དོན་དང་དོན་སྙིང་གལ་ཆེན་གསལ་འགྲེལ་གནང་པ་བརྒྱུད། ལྷན་རྒྱས་ཡོངས་ནས་ཡིག་གཟུགས་དང་ཐང་གའི་བརྩམས་ཆོས་ཀྱི་ལམ་ནས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཀྱི་སྒྱུ་རྩལ་མཚར་སྡུག་དང་རིག་གནས་རིན་ཐང་ཤེས་རྟོགས་བྱུང་རྒྱུ་དེ་རེད།

ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་གྱི་ཡིག་གཟུགས་འགྲེམས་སྟོན་ལ་གཟིགས་མཁན་ལྟད་མོ་བ།
          ཏཱ་ལའི་བླ་མ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་ནི་བློ་རིག་རྣོ་ཞིང་ཤེས་ཡོན་ལ་ཐོགས་པ་མེད་པའི་རླབས་ཆེན་གྱི་སྙན་ངག་པ་ཞིག་ཡིན་ཏེ། ལོ་ངོ་སུམ་བརྒྱ་ལྷག་གི་རིང་ལ། ཚངས་དབྱངས་རྒྱ་མཚོའི་སྙན་ངག་དང་ངག་རྒྱུན་ལ་རྒྱ་ཆེའི་བོད་རིགས་མི་དམངས་ཀྱི་དགའ་པོ་བྱེད་ཀྱི་ཡོད་པ་མ་ཟད། རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ཡོངས་སུ་དར་ཁྱབ་ཆེན་པོ་བྱུང་ནས་ད་ལྟའང་སྔར་བཞིན་འཛམ་གླིང་གི་ས་གནས་ཁག་ཏུ་མཚན་སྙན་རྒྱས་ཡོད་ཅིང་། ད་ལྟའི་བར་དུ། ཚངས་དབྱངས་རྒྱ་མཚོའི་སྙན་ངག་དང་དེ་བཞིན་འབྲེལ་ཡོད་རིག་གནས་ལ་ཞིབ་འཇུག་རོལ་མྱོང་བྱ་རྒྱུ་དེ་ནི་དར་སྲོལ་ཞིག་ཏུ་གྱུར་ཡོད་པ་དང་། ཚངས་དབྱངས་རྒྱ་མཚོ་ཡང་རྒྱལ་སྤྱིའི་རང་བཞིན་གྱི་རིག་གནས་མཚོན་རྟགས་ཤིག་ཏུ་གྱུར་ཡོད་པ་རེད།

ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་གྱི་ཡིག་གཟུགས་འགྲེམས་སྟོན་བྱ་ཡུལ་དངོས།
          བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་འབྲེལ་ཡོད་འགན་འཁུར་པས། “ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་བཙུགས་པ་ནས་བཟུང་། ཐོག་མཐའ་བར་གསུམ་དུ་ཕྱོགས་ཡོངས་དང་ཕྱོགས་མང་པོའི་ལམ་ནས་ཚངས་དབྱངས་རྒྱ་མཚོའི་ཕུལ་བྱུང་རིག་གནས་ཞིབ་འཇུག་དང་སྲུང་སྐྱོང་། རྒྱུན་འཛིན་བཅས་ཀྱི་ལས་དོན་རང་འགན་དུ་བླངས་པ་ཡིན་ལ། དུས་རབས་གསར་པའི་རྒྱབ་ལྗོངས་འོག ཚངས་དབྱངས་རྒྱ་མཚོའི་རིག་གནས་ཁྱབ་སྤེལ་དང་ཞིབ་འཇུག་ལའང་རྣམ་པ་སྣ་མང་ཅན་གྱི་མཐོང་སྣེ་མངོན་ཡོད་དེ། སྙན་ངག་རིག་པ་དང་མཛེས་རྟོག་རིག་པ། སྒོམ་སྒྲུབ་བརྒྱུད་རིམ། ཕལ་བའི་འཚོ་བ་སོགས་ཀྱི་བརྒྱུད་རིམ་སོགས་སྟབས་བདེའི་ངོས་ནས་ལོ་རྒྱུས་རིག་པ་དང་ཆོས་ལུགས་རིག་པ། ཚད་ལྡན་ཡིག་ཆའི་རིག་པ། མིའི་རིགས་རིག་གནས་རིག་པའི་སྐོར་གྱི་ཞིབ་འཇུག་བར་ཚང་མ་གྲུབ་འབྲས་ཆེན་པོ་ཞིག་བླངས་ཡོད་པ་རེད། དེ་དང་དུས་མཚུངས་སུ། མཐུན་ཚོགས་ཀྱིས་ཀྱང་སྣ་མང་ཅན་གྱི་སྒྱུ་རྩལ་བྱེད་ཐབས་སྤྱད་ནས་རོལ་དབྱངས་དང་བྲོ་གར། ཐང་ཀ ཡིག་གཟུགས་སོགས་ཀྱི་རྣམ་པའི་ཐོག་ནས། མཐོང་སྣེ་མང་ལ་རྒྱུ་མང་ཅན། ཕྱོགས་མང་པོ་ནས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཀྱི་གཏིང་ཟབ་པའི་རིག་གནས་ཀྱི་རིན་ཐང་མངོན་པར་བྱས་ཡོད”ཅེས་ཟེར།

ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་གྱི་ཡིག་གཟུགས་འགྲེམས་སྟོན་བྱ་ཡུལ་དངོས།
          ཚངས་དབྱངས་རྒྱ་མཚོའི་རིག་གནས་ཀྱི་རིན་ཐང་ཆེན་པོ་དང་དེ་བཞིན་ཁྱབ་ཆེ་བའི་ཤུགས་རྐྱེན་གྱིས་ཞིབ་འཇུག་ལས་དོན་ལའང་དཀའ་ཁག་ངེས་ཅན་སྤྲད་ཡོད་དེ། ལྷག་པར་དུ་བརྒྱུད་སྒྲོག་གི་སྙན་ངག་བརྩམས་ཆོས་ནི་ཞིབ་འཇུག་མི་སྣ་དག་གིས་གང་ནུས་ཀྱིས་བདེན་དཔང་བྱས་ནས་བདེན་རྫུན་དབྱེ་འབྱེད་བྱེད་དགོས་ལ། ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་དབང་ཕྱུག་གིས། “2017ལོར་ང་ཚོས་རྨི་ལམ་དུའང་ཐོབ་རེ་བྱེད་པའི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་གི་ལྷ་སའི་ཐོག་མའི་པར་ཤིང་ལག་སོན་བྱུང་པ་དང་། དེ་ཡང་ཐོག་མའི་ཚོད་དཔག་བྱས་ན1915ལོ་ནས1916ལོའི་བར་ཡིན་ལ།པར་ཤིང་དུ་ཚངས་དབྱངས་རྒྱ་མཚོའི་སྙན་ངག་ཚན་པ58བརྐོས་ཡོད་ཅིང་། དཔྱད་སོན་རྩ་ཆེན་འདིས་ནི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་ལ་རྩ་བའི་ཐོག་རྒྱུས་ལོན་བྱེད་པར་དངོས་ཡོད་ཀྱི་གཞི་འཛིན་ས་འདོན་སྤྲོད་བྱས་པ་ཡིན་ལ། མིག་སྔར། སྙན་ངག་ཚན་པ58ཡིག་སྒྱུར་གྱི་ལས་དོན་ལེགས་འགྲུབ་ཟིན་པ་དང་། དཔེ་སྐྲུན་ཁང་ལ་རྩིས་སྤྲོད་བྱས་རྗེས་མི་འགྱངས་བར་དཔེ་སྐྲུན་བྱེད་ཐུབ”ཅེས་བརྗོད་བྱུང་།
          རྒྱུས་ལོན་བྱུང་པ་ལྟར་ན། ད་རེས་ཀྱི་ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་གྱི་བྱེད་སྒོ་རབ་དང་རིམ་པར་ད་དུང་ཚངས་དབྱངས་རྒྱ་མཚོའི་སྙན་ངག་གི་མ་རྩོམ་རོལ་དབྱངས་འདུ་ཚོགས་དང་། ཚངས་དབྱངས་རྒྱ་མཚོའི་རིག་གནས་མུ་འབྲེལ་འཆད་ཁྲིད་དང་སྐབས་གཉིས་པའི་ཚངས་དབྱངས་རྒྱ་མཚོའི་རིག་གཞུང་བགྲོ་གླེང་ཚོགས་འདུ་བཅས་ཀྱང་སྤེལ་རྒྱུ་རེད།

ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་ཡིག་གཟུགས་འགྲེམས་སྟོན་གྱི་བརྩམས་ཆོས།

ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་གྱི་ཡིག་གཟུགས་འགྲེམས་སྟོན་བྱ་ཡུལ་དངོས།
འབྲེལ་ཡོད་རྩོམ་ཡིག