ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

ནོར་བུ་ཚེ་རིང་གིས་གནད་དོན་སྟོན་ཕྱོགས་རྒྱུན་འཁྱོངས་བྱས་ནས་དེང་རབས་ཀྱི་རིག་གནས་ཐོན་ལས་མ་ལག་འཐུས་ཚང་དུ་གཏོང་དགོས་པར་གསུངས།

2018-05-10 པདྨ་ཚེ་རིང་གིས་བསྒྱུར།
              ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་། རིག་གནས་ཀྱི་གདེང་ཚོད་བསྐྱེད་དེ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ཆེན་པོ་གཏོང་དགོས་ཞེས་བསྟན་ཡོད། མིག་སྔར། རང་ལྗོངས་ཀྱི་དེང་རབས་ཀྱི་རིག་གནས་ཐོན་ལས་མ་ལག་ཇི་ལྟར་འཐུས་ཚང་དུ་གཏོང་བ་དང་། རིག་གནས་ཐོན་ལས་དེ་རྒྱལ་དམངས་དཔལ་འབྱོར་གྱི་ཀ་རྟེན་རང་བཞིན་གསར་པའི་ཐོན་ལས་སུ་གསོ་སྐྱོང་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ། མི་དམངས་མང་ཚོགས་ཀྱིས་བདེ་སྐྱིད་འཚོ་བའི་རེ་སྨོན་བྱེད་པ་རྒྱུན་ཆད་མེད་པར་རེ་འདོད་སྐོང་ཐུབ་པ། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ་གལ་ཆེན་འཛུགས་སྐྱོང་བྱ་ཆེད་ལེགས་སྐྱེས་འབུལ་བ་བཅས་ཀྱི་ཐད། གསར་འགོད་པས་ཆེད་དུ་རང་སྐྱོང་ལྗོངས་རིག་གནས་ཐིང་གི་རིག་གནས་ཐོན་ལས་ཁྲུའུ་ཡི་ཁྲུའུ་ཀྲང་ནོར་བུ་ཚེ་རིང་ལ་བཅར་འདྲི་བྱས་པ་རེད། 
              ནོར་བུ་ཚེ་རིང་གིས་བཤད་རྒྱུར། རང་ཁུལ་གྱི་དེང་རབས་རིག་གནས་ཐོན་ལས་མ་ལག་འཐུས་ཚང་དུ་གཏོང་དགོས་ཚེ། བོད་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་སྡེ་ཚན་གྱི་མཉམ་འབྲེལ་གྲོས་ཚོགས་ཀྱི་ནུས་པ་འདོན་སྤེལ་དང་། སྲིད་ཇུས་ཀྱི་མ་ལག་ལས་སྟེགས་དང་། ཚོགས་འགྲེམ་ཉོ་ཚོང་ལས་སྟེགས། རྣམ་གྲངས་འདེགས་སྐྱོར་ལས་སྟེགས། མ་དངུལ་བསྡུ་སྒྲིལ་ལས་སྟེགས། གསར་གཏོད་དང་ཞིབ་འཇུག་གསར་སྤེལ་ལས་སྟེགས། ཤེས་ལྡན་མི་སྣ་དང་རིག་སྟོབས་ལས་སྟེགས་སོགས་རིག་གནས་ཐོན་ལས་སྤྱི་པའི་ཞབས་ཞུའི་ལས་སྟེགས་ཆེན་པོ་དྲུག་འཛུགས་སྐྲུན་བྱེད་དགོས།
              《“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་ཆེད་དོན་འཆར་འགོད》ལ་ཟུང་འབྲེལ་བྱས་ཏེ། ད་ལོར་གཤམ་གསལ་ཕྱོགས་དྲུག་ལ་ཞིབ་ཅིང་ཕྲ་བའི་སྒོ་ནས་དམ་འཛིན་ཡག་པོ་བྱེད་དགོས། བོད་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་མཉམ་འབྲེལ་གསར་གཏོད་ཞབས་ཞུའི་ལྟེ་གནས་འཛུགས་དགོས། དེ་ཡང་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་བྱེད་སྒོ་གཙོ་སྐྱོང་དང་། རྐང་འཛིན་ཁེ་ལས་ཀྱིས་མ་གཞི་བྱེད་པ། མཐོ་རིམ་སློབ་གྲྭ་དང་ཚན་ཞིབ་ཁང་ལ་མཉམ་འབྲེལ། ཆེད་ལས་ཞབས་ཞུའི་ལས་ཁུངས་སྐོར་ཞིག་ནང་འདྲེན་བཅས་བྱས་ཏེ། སྡོམ་རྩིས་རྟོག་དཔྱོད་དང་། ལས་གཞི་ཞིབ་འཇུག ཞིབ་འཇུག་གསར་སྤེལ། ཚོང་རྟགས་ངོས་འཛིན། ཚད་གཞི་གཏན་འབེབས། ཉོ་ཚོང་འགྲེམ་སྟོན། ཤེས་ཡོན་ཅན་གསོ་སྐྱོང་། བརྗེ་རེས་མཉམ་འབྲེལ་བཅས་གཞི་གཅིག་ཏུ་འདུས་པའི་རང་སྐྱོང་ལྗོངས་རིམ་པའི་ཁྱད་ལྡན་རིག་གནས་ཐོན་ལས་མཉམ་འབྲེལ་གསར་གཏོད་ཞབས་ཞུའི་ལྟེ་གནས་བཙུགས་ནས་སྤྱི་བའི་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོད་དགོས། བོད་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཉོ་ཚོང་ཞབས་ཞུའི་སྒེའུ་ཁུང་ཕྱེ་དགོས། དེ་ཡང་བོད་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཉོ་ཚོང་སྒེའུ་ཁུང་འཛུགས་སྐྲུན་བྱེད་པའི་འཆར་གཞི་དང་འབྲེལ་ཡོད་བྱེད་ཐབས་ཞིབ་འཇུག་གཏན་འབེབས་བྱས་ནས། བོད་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་རྫས་ཚོང་རྟགས་ངོས་འཛིན་དང་། ཁྱབ་བསྒྲགས། འཁོར་སྐྱོད་ཀྱི་ལམ་སྲོལ་བཅས་འཛུགས་དགོས། ཁྱད་ལྡན་རིག་གནས་ཐོན་རྫས་ཀྱི་འགྲེམ་ཚོང་མ་ལག་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ། ཁྱད་ལྡན་རིག་གནས་ཞབས་ཞུ་དང་ཐོན་རྫས་ལྗོངས་ཕྱིའི་ཁྲོམ་རར་བཀྲམས་ནས་བོད་ལྗོངས་ཀྱི་རིག་གནས་ཐོན་ལས"ཕྱི་རུ་བསྐྱོད་པའི"གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། བོད་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་གཙོ་གནད་རྣམ་གྲངས་མཛོད་འཐུས་ཚང་བཟོ་དགོས། གོམ་གང་མདུན་སྤོས་ཀྱིས་《བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་ཐོན་ལས་རྣམ་གྲངས་མཛོད་ཀྱི་དོ་དམ་བྱ་ཐབས་(ཚོད་ལྟའི་ལག་བསྟར)》དང་འབྲེལ་ཡོད་ཆ་འགྲིག་ཚད་ལྡན་ཡིག་ཆ་ཞིབ་ཚགས་སུ་བཏང་སྟེ།  ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་དཔེ་སྟོན་གླིང་ཁུལ་འཛུགས་སྐྲུན་དང་། བོད་ཆང་དབྱི་རིགས་རིག་གནས་ཐོན་ལས་ཁྱམས་ར་འཛུགས་སྐྲུན། བོད་ལྗོངས་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བཅས་ཀྱི་རྣམ་གྲངས་ཆེན་པོ་གསུམ་ལེགས་པར་འགྲུབ་དགོས། བོད་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཉོ་ཚོང་ཞབས་ཞུའི་སྒེའུ་ཁུང་བཙུགས་ཏེ། བོད་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འཁྲིད་ནུས་པའི་མ་རྩ་འཚོལ་ཞིབ་བྱེད་དགོས། ཞིབ་འཇུག་བྱས་ཏེ་《རིག་གནས་དང་དངུལ་རྩའི་ཟུང་འབྲེལ་གྱི་ལས་ཀའི་ལག་བསྟར་བསམ་འཆར》ཞེས་པ་བཏོན་ནས། ནོར་ཁྲལ་དངུལ་རྩའི་ཕྱོགས་བསྡུས་བྱེད་ཐབས་ལ་བརྟེན་ནས་རིག་གནས་ཐོན་ལས་འཕེལ་རྒྱས་བཏང་སྟེ། རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་མ་རྩ་གཏོང་བའི་དཀའ་ངལ་བྱེད་ཐབས་སྣ་མང་སྤྱད་དེ་སེལ་དགོས། རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་གསར་སྤེལ་གྱི་ལས་ཚད་ཇེ་མགྱོགས་སུ་གཏོང་དགོས་པ་དང་། རང་སྐྱོང་ལྗོངས་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་རབས་བཞི་པ་དང་རང་སྐྱོང་ལྗོངས་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་གླིང་ཁུལ་རབས་གསུམ་པའི་དཔྱད་འདེམས་མིང་འདོགས་ཀྱི་ལས་ཀ་ལེགས་པོར་བསྒྲུབ་དགོས། 《བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་དཔྱད་འདེམས་མིང་འདོགས་ཀྱི་གནས་སྐབས་དོ་དམ་བྱ་ཐབས》བཟོ་བཅོས་གཏན་འབེབས་བྱས་ཏེ། རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞིའི་རིམ་པ་བཞི་པའི་མིང་འདོགས་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ་དང་། གདེང་འཇོག་སྐོར་ཞིབ་དང་འགུལ་རྣམ་དོ་དམ་ལ་ཤུགས་བསྣན་ནས། གོང་འཕེལ་འགྲོ་བ་ལ་ངེས་པ་དོན་གྱིས་དཔེ་སྟོན་པའི་ནུས་པ་ལྡན་དགོས། རིག་གནས་ཐོན་ལས་དཔེ་སྟོན་གླིང་ཁུལ་གྱི་ཕྱོགས་སྒྱུར་རིམ་སྤོར་ལས་གྲྭ་ལག་བསྟར་བྱས་ཏེ། ཐོན་ལས་ཀྱི་གྲུབ་སྟངས་ལེགས་སྒྱུར་དང་། གླིང་ཁུལ་གྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། རིག་གནས་ཐོན་ལས་གཉིས་གཏོད་ཀྱི་ཞབས་ཞུའི་མ་ལག་བཙུགས་ཏེ། རིག་གནས་ཐོན་ལས་ཀུན་གྱིས་གསར་གཏོད་དང་གཉིས་གཏོད་ཞབས་ཞུའི་ལས་སྟེགས་ཤིག་བསྐྲུན་དགོས།  རབས་གཉིས་པའི་རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་གླིང་ཁུལ་དང་རབས་གསར་པའི་རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་གསར་འཛུགས་ལ་ཤུགས་ཆེན་པོས་རེ་འདུན་ཞུ་དགོས། རིག་གནས་ཐོན་ལས་གཉེར་པའི་དོ་དམ་མི་སྣའི་ཤེས་ཡོན་ཅན་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་གཏོང་དགོས། མུ་མཐུད་ནས་བོད་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་དོ་དམ་མི་སྣ་ཤེས་ཡོན་ཅན་གསོ་སྦྱོང་འཛིན་གྲྭ་དང་། བོད་ལྗོངས་ཁྱད་ལྡན་རིག་གནས་ཐོན་ལས་མ་རྩ་གཏོང་བའི་གསོ་སྦྱོང་འཛིན་གྲྭ། རིག་གནས་ཐོན་ལས་གཉིས་གཏོད་སྣེ་ཁྲིད་ཤེས་ཡོན་ཅན་མཐོ་རིམ་ཞིབ་འཇུག་གསོ་སྦྱོང་འཛིན་གྲྭ་སོགས་གསོ་སྦྱོང་འཛིན་གྲྭ་གལ་ཆེན་མང་པོ་བསྒྲུབས་ནས། རང་ལྗོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ལ་མྱུར་དུ་མཁོ་བའི་སྣ་འཛོམས་རང་བཞིན་གྱི་ཤེས་ཡོན་ཅན་གྱི་རུ་དཔུང་ཞིག་སྐྱེད་སྲིང་བྱེད་དགོས། མུ་མཐུད་དུ་ལྗོངས་ཕྱིར་བདམས་མངག་དང་། ལས་གནས་ལ་གཞིགས་ནས་ཚབ་སྦྱོང་། ལས་ཁུངས་ནང་ཁུལ་ནས་ལས་གནས་འཁུར་བ་སོགས་ཀྱི་རྣམ་པའི་ཐོག་ནས། གཞི་རིམ་དང་ཁེ་ལས་རིག་གནས་ཐོན་ལས་གཉེར་བའི་དོ་དམ་པ་ཁག་ཅིག་སྐྱེད་སྲིང་བྱེད་དགོས། དེ་ཡང་མ་དངུལ་གྱིས་རོགས་སྐྱོར་དང་། དགེ་རྒན་གྱིས་རྒྱབ་སྐྱོར་སོགས་རྣམ་པ་སྣ་ཚོགས་ལ་བརྟེན་ནས། གྲོང་ཁྱེར་དང་ཁུལ་སོ་སོ་ནས་ཁྱད་ལྡན་རིག་གནས་ཐོན་ལས་ཁེ་ལས་པའི་ཤེས་ཡོན་ཅན་གསོ་སྦྱོང་བྱེད་དགོས། ཆེད་ལས་སློབ་གླིང་དང་། ཚན་རིག་ཞིབ་འཇུག་ལས་ཁུངས། གསོ་སྦྱོང་ལས་ཁུངས་ལེགས་པོ་བཅས་ལ་མཉམ་འབྲེལ་སྒོས་ཤེས་ཡོན་ཅན་སྐྱེད་སྲིང་བྱེད་པའི་ལམ་སྲོལ་ཡང་འཚོལ་ཞིབ་བྱེད་དགོས།
              གསར་འགྱུར། དཔྱད་གཏམ། རྩོམ་རིག མི་སྣ། རོལ་དབྱངས། པར་མཛོད། ཚན་རྩལ། དམངས་སྲོལ། ཆོས་ལུགས། སློབ་གསོ། གསོ་རིག ཁྲིམས་ལུགས། བོད་སྐྱོར།
འབྲེལ་ཡོད་རྩོམ་ཡིག