ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ཕྱིར་དྲན། དགོན་སེར་ནུབ་མའི་རྟེན་རྫས་བཤམས་མཛོད་ཁང་དངོས་སུ་སྒོ་ཕྱེ་བ།

2018-05-24 བྱམས་པས་བསྒྱུར།
 
          ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འཕྲིན། ཉིན་ཤས་གོང་དགོན་སེར་ནུབ་མའི་རྟེན་རྫས་བཤམས་མཛོད་ཁང་གི་སྒོ་ཕྱེ་བའི་འགྲེམས་ཆེན་སྟེ།《ཇོ་བོ་ཤཱཀྱ་མུ་ནེ་དང་རྗེ་ཙོང་ཁ་པ། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྣམ་པར་ཐར་བའི་ཐང་ག་འགྲེམས་སྟོན》ཞེས་པ་འགྲེམ་སྟོན་བྱས། འགྲེམས་སྟོན་གྱིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བ་འགན་འཁྲིར་བཟུང་ནས། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་ཕྱག་རྗེས་ཀྱི་ཐང་གའི་རི་མོ་ལེགས་པར་བདམས་ཏེ། འབྲི་ལུགས་མི་གཅིག་པའི་ཐང་གའི་བརྩམས་ཆོས་སྤུས་ལེགས་ས་གཅིག་བསྡུས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་མཚན་གནས་མ་ལག་གསར་པའི་ལོ་རྒྱུས་ཀྱི་འབྱུང་རྩ་དང་འོད་སྟོང་འཕྲོ་བའི་མདུན་ལྗོངས་མངོན་ཡོད་པ་རེད།
          ནག་ཐང་《ཤཱཀྱ་ཐུབ་པ་དང་དགྲ་བཅོམ་པ་བཅོ་བརྒྱད།》 ལྷ་རིས་པ་བློ་བཟང་བསྟན་པ། ནང་བསྟན་རིག་གནས་རྒྱ་གར་ནས་ཀྲུང་གོར་དར་བ་དང་བསྟུན། སྣ་མང་གཅིག་སྡུད་ཀྱི་ཐང་གའི་སྒྱུ་རྩལ་གྱི་མེ་ཏོག་ཀྲུང་ཧྭའི་ས་གཞིར་ཁྲ་ཆིལ་ལེར་སྐྱེས། བོད་བརྒྱུད་ནང་བསྟན་གྱི་མཁས་དབང་སྐྱེས་ཆེན་རིམ་བྱོན་གྱིས་དད་པ་བརྟན་པོ་དང་སྙིང་སྟོབས་ཆེན་པོས་ཁྱད་ཆོས་ཐུན་མོང་མ་ཡིན་པའི་ཐང་ཀའི་སྒྱུ་རྩལ་དེ་ལོ་ངོ་ཆིག་སྟོང་ལྷག་ཙམ་གྱི་འཕེལ་རྒྱས་ཁྲོད་མུ་མཐུད་དུ་ལེའུ་གསར་བ་བརྩམས།
          དམར་ཐང་《ཤཱཀྱ་ཐུབ་པ་དང་མགོན་པོ་བྱམས་པ། འཇམ་པའི་དབྱངས་》 ལྷ་རིས་པ་བློ་བཟང་བསྟན་པ། ཐང་གའི་གཙོ་སྐུ་ནི་སངས་རྒྱས་ཤཱཀྱ་ཐུབ་པ་དང་། གཡོན་དུ་འཇམ་པའི་དབྱངས་དང་གཡས་སུ་བྱམས་པ་མགོན་པོ་ཡིན།
          ཚོན་ཐང་《པཎ་ཆེན་སྐུ་ཕྲེང་དང་པོ་མཁས་གྲུབ་རྗེ་དགེ་ལེགས་དཔལ་བཟང་།》 བཀྲ་ཤིས་ལྷུན་པོ་དགོན་པས་མཁོ་འདོན་བྱས། པཎ་ཆེན་སྐུ་ཕྲེང་དང་པོ་མཁས་གྲུབ་རྗེ་དགེ་ལེགས་དཔལ་བཟང་(1385-1438)ནི་གཙང་ལ་སྟོད་བྱང་དུ་སྐྱེས། ཆུང་དུས་ནས་ས་སྐྱ་དགོན་པར་རབ་ཏུ་བྱུང་། དཔལ་ས་སྐྱ་བ་སེང་གེ་རྒྱལ་མཚན་ཡོངས་འཛིན་དུ་བསྟེན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། 1403ལོར་དབུས་སུ་ཕེབས་ནས་རྗེ་ཙོང་ཁ་པར་ཞལ་འཛོམས་བྱུང་། མི་རིང་པར་ཙོང་ཁ་པ་དགེ་རྒན་དུ་བསྟེན་ནས་དགེ་ལུགས་པའི་ཐུགས་སྲས་གཙོ་བོར་གྱུར། 1432ལོར་དགའ་ལྡན་ཁྲི་ཐོག་གསུམ་པར་བཞུགས།
          ཚོན་ཐང་《པཎ་ཆེན་སྐུ་ཕྲེང་གཉིས་པ་བསོད་ནམས་ཕྱོགས་གླང་།》 བཀྲ་ཤིས་ལྷུན་པོ་དགོན་པས་མཁོ་འདོན་བྱས། པཎ་ཆེན་སྐུ་ཕྲེང་གཉིས་པ་བསོད་ནམས་ཕྱོགས་གླང་(1439-1504)ནི་གཙང་གཞིས་ཀ་རྩེ་ལ་ལྡང་དབེན་སའི་མི་ཡིན། ཆུང་དུས་ནས་དགའ་ལྡན་དགོན་པར་རབ་ཏུ་བྱུང་སྟེ་ལོ་དུ་མའི་རིང་ཐོས་བསམ་གནང་། མདོ་སྔགས་གཉིས་ལ་བྱང་ཆུབ། རྩོད་པའི་དབང་པོ་གྱུར་བས་སྙན་པའི་གྲགས་པ་འབར། མཁས་གྲུབ་རྗེའི་ཡང་སྲིད་དུ་ངོས་འཛིན་བྱས།
          ཚོན་ཐང་《པཎ་ཆེན་སྐུ་ཕྲེང་གསུམ་པ་བློ་བཟང་དོན་གྲུབ།》 བཀྲ་ཤིས་ལྷུན་པོ་དགོན་པས་མཁོ་འདོན་བྱས། པཎ་ཆེན་སྐུ་ཕྲེང་གསུམ་པ་བློ་བཟང་དོན་གྲུབ་(1505-1566)ནི་གཙང་གཞིས་ཀ་རྩེ་ལ་ལྡང་དབེན་སའི་མི་ཡིན། ཆུང་དུས་ནས་ནང་བསྟན་མདོ་ཕྱོགས་ལ་སྦྱངས་བ་ཆེར་བསྐྱེད་གནང་། རྗེས་སུ་དགེ་ལུགས་པའི་དགོན་སྡེ་ བཀྲ་ཤིས་ལྷུན་པོ་དགོན་པར་ཡོངས་འཛིན་དུ་མའི་མདུན་དུ་ཐོས་བསམ་བྱས། ལྷུང་བཟེད་བསྣམས་ནས་གཙང་གི་ས་གནས་ཁག་ཏུ་མྱུལ་ནས་དགེ་ལུགས་པའི་ལྟ་བའི་འཆད་ཁྲིད་གནང་། སློབ་མ་མང་པོ་བསྐྱངས། ཚེ་མཇུག་ཏུ་ཕྱིར་ཕ་ཡུལ་དུ་ལོག་སྟེ་དབེན་ས་ཆོས་ཀྱི་ཕོ་བྲང་དུ་མཚམས་བཅད་སྒོམ་སྒྲུབ་མཛད། གསུང་རྩོམ་མང་པོ་བརྩམས། དགུང་ལོ་61ཐོག་དབེན་ས་ཆོས་ཀྱི་ཕོ་བྲང་དུ་དགོངས་པ་རྫོགས། རྗེས་སུ་པཎ་ཆེན་སྐུ་ཕྲེང་གསུམ་པར་ངོས་འཛིན་གནང་།
          ཚོན་ཐང་《པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན།》 བཀྲ་ཤིས་ལྷུན་པོ་དགོན་པས་མཁོ་འདོན་བྱས། པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་(1570-1662)ནི་གཙང་གཞིས་ཀ་རྩེའི་མི་ཡིན། ལོ་13ཐོག་དབེན་ས་ཆོས་ཀྱི་ཕོ་བྲང་དུ་རབ་ཏུ་བྱུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། 1583ལོའི་ཟླ་2ཚེས་2ཉིན་ཁྲིར་མངའ་གསོལ་གྱི་མཛད་སྒོ་བསྡུས། དགུང་ལོ་བཅུ་བཞིར་སོན་པའི་བློ་བཟང་ཆོས་ཀྱི་རྒྱལ་མཚན་དབེན་ས་ཆོས་ཀྱི་ཕོ་བྲང་གི་ཆོས་རྒྱལ་ཕོ་བྲང་ཆེན་མོའི་ཁྲིར་བཞུགས།
          ཚོན་ཐང་《པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས།》 བཀྲ་ཤིས་ལྷུན་པོ་དགོན་པས་མཁོ་འདོན་བྱས། པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་(1663-1737)ནི་གཙང་ཐོབ་རྒྱལ་དུ་སྐུ་བལྟམས། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་བཀའ་ཤོག་ལྟར། བཀྲ་ཤིས་ལྷུན་པོ་དགོན་པས་བློ་བཟང་ཡེ་ཤེས་ནི་པཎ་ཆེན་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ཡང་སྲིད་དུ་ངོས་འཛིན་བྱས་ཏེ་དགོན་པར་གདན་དྲངས། ཁྲིར་མངའ་གསོལ་གྱི་མཛད་སྒོ་གཟབ་རྒྱས་བསྡུས། དེ་ནས་བཟུང་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ལམ་ལུགས་ཀྱི་འགོ་བརྩམས། 1713ལོར་ཆིན་གོང་མ་བདེ་སྐྱིད་རྒྱལ་པོས་པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ལ་“པཎ་ཆེན་ཨེར་ཏེ་ནི་”ཞེས་པའི་ཆོ་ལོ་དང་གསེར་གྱི་འཇའ་ས་གནང་།
          ཚོན་ཐང་《པཎ་ཆེན་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཡེ་ཤེས།》བཀྲ་ཤིས་ལྷུན་པོ་དགོན་པས་མཁོ་འདོན་བྱས། པཎ་ཆེན་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཡེ་ཤེས་(1738-1780)ནི་གཙང་རྣམ་གླིང་བཀྲ་ཤིས་རྩེ་རུ་སྐུ་བལྟམས། 1741ལོར། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པས་པཎ་ཆེན་སྐུ་ཕྲེང་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་། བཀྲས་ལྷུན་དགོན་དུ་གདན་དྲངས་ཏེ་ཁྲིར་མངའ་གསོལ་གྱི་མཛད་སྒོ་གཟབ་རྒྱས་ངང་འཚོགས། 1779ལོར་པཎ་ཆེན་སྐུ་ཕྲེང་དྲུག་པ་མཆོག་ཆིན་གོང་མ་ལྷ་སྐྱོང་རྒྱལ་པོ་དགུང་ལོ་བདུན་ཅུ་བཞེས་པའི་དགྱེས་སྟོན་དུ་གདན་ཞུ་གནང་བ་ལྟར་པེ་ཅིང་དུ་ཆིབས་བསྒྱུར་གནང་། པེ་ཅིང་དུ་བཞུགས་རིང་དགའ་ལྡན་བྱིན་ཆགས་གླིང་དུ་འཆད་ཁྲིད་ཀྱི་མཛད་པ་བསྐྱངས། 1780ལོའི་ཟླ་11པར པཎ་ཆེན་སྐུ་ཕྲེང་དྲུག་པ་མཆོག་པེ་ཅིང་དགོན་སེར་ནུབ་མར་དགོངས་པ་ཆོས་དབྱིངས་སུ་འཐིམས། གོང་མ་ལྷ་སྐྱོང་རྒྱལ་པོས་དྭངས་གསལ་འཕྲུལ་གྱི་ཕོ་བྲང་གི་མཆོད་རྟེན་བརྩིགས་ནས་དྲན་གསོ་ཞུས།
          ཚོན་ཐང་《པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ།》 བཀྲ་ཤིས་ལྷུན་པོ་དགོན་པས་མཁོ་འདོན་བྱས། པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ་(1782-1853)ནི་གཙང་པ་སྣམ་རྫོང་སྐྱིད་གཤོང་དུ་སྐུ་བལྟམས། ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པས་ངོས་འཛིན་དང་། ཆིན་གོང་མ་ལྷ་སྐྱོང་རྒྱལ་པོས་ཆོག་མཆན་གནང་བ་བརྒྱུད་བསྟན་པའི་ཉི་མ་མཆོག་པཎ་ཆེན་སྐུ་ཕྲེང་དྲུག་པའི་ཡང་སྲིད་དུ་ངོས་འཛིན་བྱས། 1784ལོའི་བོད་ཟླ་8ཚེས་11ཉིན་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ་རྒྱ་ཆེར་སྤེལ། ལོ་དེའི་ཟླ་9པར་དགེ་ཚུལ་གྱི་སྡོམ་པ་བཞེས།
          ཚོན་ཐང་《པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག》བཀྲ་ཤིས་ལྷུན་པོ་དགོན་པས་མཁོ་འདོན་བྱས། པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་(1855-1882)གཙང་ཐོབ་རྒྱལ་ཞེས་པའི་ནང་ཚན་བྲུལ་ཚང་དུ་སྐུ་བལྟམས། བླ་ལྷ་ཁག་གི་ལུང་རྟགས་བརྟག་བསྒྲིལ་ནས་པཎ་ཆེན་སྐུ་ཕྲེང་བདུན་པའི་ཡང་སྲིད་དུ་ངོས་འཛིན་བྱས། 1858ལོར་བཀྲས་ལྷུན་དགོན་དུ་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ་སྤེལ། དགེ་ཚུལ་གྱི་སྡོམ་པ་བཞེས། 1875ལོར་དགེ་བསྙེན་སྡོམ་པ་བཞེས། 1878ལོར་པཎ་ཆེན་སྐུ་ཕྲེང་བརྒྱད་པ་ལྷ་སར་གདན་འདྲེན་ཞུས་པ་ལྟར་ཕེབས་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་སྐྲ་ཕུད་བཞེས། རྭ་སྒྲེང་དགོན་པར་ཕེབས་ནས་འཆད་ཁྲིད་གནང་།
          ཚོན་ཐང་《པཎ་ཆེན་སྐུ་ཕྲེང་དགུ་བ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ།》 བཀྲ་ཤིས་ལྷུན་པོ་དགོན་པས་མཁོ་འདོན་བྱས། པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་(1883-1937)ནི་ཡུལ་དབུས་དྭགས་བྲུམ་ས་ཆའི་བཀའ་ཤག་གྲོང་ཚོར་སྐུ་བལྟམས། “གསེར་བུམ་དཀྲུག་འདོན་”བྱས་པ་བརྒྱུད་པཎ་ཆེན་སྐུ་ཕྲེང་དགུ་པར་ངོས་འཛིན་བྱས། པཎ་ཆེན་སྐུ་ཕྲེང་དགུ་པས་དུས་སྐབས་ནི་བོད་ཀྱི་ལོ་རྒྱུས་ཐོག་ཕྱི་རྒྱལ་གྱི་བཙན་འཛུལ་ཆེ་ཤོས་ཀྱི་དུས་སྐབས་ཤིག་ཡིན། མི་རིགས་དང་ཆོས་ལུགས་ཆགས་འཇིག་ཆེ་བའི་གནད་འགག་གི་སྐབས་ཤིག་ཀྱང་ཡིན། པཎ་ཆེན་སྐུ་ཕྲེང་དགུ་པས་ཐོག་མཐའ་བར་གསུམ་དུ་བོད་ས་གནས་སྲིད་གཞུང་དང་ལངས་ཕྱོགས་གཅིག་ཏུ་བཟུང་ནས། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་དང་མཉམ་དུ་བོད་ཀྱི་ཉེ་རབས་ལོ་རྒྱུས་སྟེང་ཆེས་རླབས་ཆེ་བའི་དབྱིན་འགོག་དམག་འཁྲུག་ལ་འགོ་ཁྲིད་དང་བཀོད་འདོམས་གནང་།
          ཚོན་ཐང་《པཎ་ཆེན་སྐུ་ཕྲེང་བཅུ་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན།》བཀྲ་ཤིས་ལྷུན་པོ་དགོན་པས་མཁོ་འདོན་བྱས། པཎ་ཆེན་སྐུ་ཕྲེང་བཅུ་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་(1938-1989)ནི་ཨ་མདོའི་བོད་རིགས་ས་ཁུལ་སྟེ་ད་ལྟའི་མཚོ་སྔོན་ཞིང་ཆེན་ཞུན་ཧྭ་རྫོང་བིས་མདོ་ཤང་དུ་སྐུ་བལྟམས། ལོ་གསུམ་ཐོག་བླ་ལྷ་ཁག་གི་ལུང་རྟགས་བརྟག་བསྒྲིལ་ནས་པཎ་ཆེན་སྐུ་ཕྲེང་དགུ་པའི་ཡང་སྲིད་དུ་ངོས་འཛིན་བྱས། 1949ལོའི་ཟླ་9པར་རྒྱལ་དམངས་སྲིད་གཞུང་གི་ཙུང་ཐུང་ལས་ཚབ་པ་ལི་ཙུང་རེན་གྱིས་ཆོག་མཆན་གནང་སྟེ། པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་པར་ངོས་འཛིན་བྱས། གསེར་བུམ་དཀྲུག་མི་དགོས་པ་བྱས། ལོ་དེར་གདན་སར་འཁོད་པའི་མཛད་སྒོ་སྤེལ། པཎ་ཆེན་སྐུ་ཕྲེང་བཅུ་པ་ནི་རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ་དང་། བོད་བརྒྱུད་ནང་བསྟན་གྱི་ཕུལ་བྱུང་དབུ་འཛིན་པ་ཞིག་ཡིན།
          ཚོན་ཐང་《པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ།》བཀྲ་ཤིས་ལྷུན་པོ་དགོན་པས་མཁོ་འདོན་བྱས། སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་ནི་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་ལྷ་རི་རྫོང་གི་མི་ཡིན། ལོ་5ལ་སོན་པའི་སྐབས་ཆོས་ལུགས་ཀྱི་ཆོ་ག་དང་ལོ་རྒྱུས་ཀྱི་གཏན་འཁེལ་སྒྲིག་སྲོལ་ལྟར་གསེར་བུམ་དཀྲུག་འདོན་བྱས་པ་བརྒྱུད། པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པར་ཀྲུང་དབྱང་སྲིད་གཞུང་གིས་ངོས་འཛིན་ཆོག་མཆན་བཀོད། 1995ལོའི་ཟླ་11པར། གཞིས་རྩེ་བཀྲས་ལྷུན་དགོན་དུ་ཁྲིར་མངའ་གསོལ་གྱི་མཛད་སྒོ་སྤེལ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་སྐུ་ཆུང་ངུའི་དུས་ནས་བཟུང་སྙིང་རུས་ཆེན་པོས་ཐོས་བསམ་གནང་པས། ནང་བསྟན་གྱི་ཡོན་ཚད་ཉིན་བཞིན་ཆེ་རུ་ཕྱིན། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་ཉམས་བཟང་པོ་ལྷུར་ལེན་བྱས་པས་སེར་སྐྱ་དད་ལྡན་མང་ཚོགས་ཀྱིས་མོས་དད་ཚད་མེད་བྱེད།
          ཤེས་རྟོགས་བྱུང་བར་གཞིགས་ན། དགོན་སེར་ནུབ་མའི་རྟེན་རྫས་བཤམས་མཛོད་ཁང་གི་སྒོ་བྱང་འགེལ་བའི་མཛད་སྒོ་ཟླ་5ཚེས་18ཉིན་འཚོགས་ཏེ་ཕྱི་ཕྱོགས་སུ་དངོས་སུ་སྒོ་ཕྱེ་ཡོད། སྒོ་ཕྱེ་བའི་དུས་ཚོད་ནི་གཟའ་འཁོར་རེའི་གཟའ་སྤེན་པ་དང་གཟའ་ཉི་མར་སྒོ་ཕྱེ་བ་དང་། (9:00སྟེང་སྒོ་ཕྱེ་བ་དང་། 16:00འཛུལ་མཚམས་འཇོག 16:30སྒོ་རྒྱག་རྒྱུ་རེད།) གཟའ་ཟླ་བ་ནས་གཟའ་པ་སངས་བར་སྒོ་རྒྱག་རྒྱུ་རེད།
འབྲེལ་ཡོད་རྩོམ་ཡིག