ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

ཁམས་པའི་རིག་གནས་དངོས་མང་ལྟེ་གནས་ལྡུམ་ར་གཉེར་འགོ་ཚུགས།

2018-07-10 རྡོ་རྗེས་བསྒྲིགས།
          2018ལོའི་ཟླ7ཚེས8ཉིན་གྱི་སྔ་དྲོར། སྡེ་དགེ་རྫོང་དགོན་ཆེན་གྲོང་རྡལ་དུ་སྡེ་དགེ་རྫོང་གི་ལས་གཞི་ཆེ་བའི་གྲས་ཀྱི༼ཁམས་པའི་རིག་གནས་དངོས་མང་ལྟེ་གནས༽ཀྱི་རྨང་འདིང་མཛད་སྒོ་སྤེལ་ཡོད་པ་རེད།
          ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཅང་དང་ཁུལ་ཨུའི་རྒྱུན་ཨུ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་བྱམས་བློ་སོགས་འབྲེལ་ཡོད་མགོ་ཁྲིད་དག་མཛད་སྒོར་ཞུགས། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྒྲིག་ཨུའི་ཧྲུའུ་ཅི། ཁུལ་རྟོག་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཐཱིན་ཤབ་ཀྲེན་བྱེད་སྒོར་ཞུགས་པར་མ་ཟད་ལས་གཞི་འདི་གོ་བརྩམས་པའི་ཁྱབ་བསྒྲགས་བྱས། ཁུལ་ཞིབ་དཔྱོད་ཁང་གི་འགོ་ཁྲིད་ལིང་ཕིན་ཧྥེན་མཛད་སྒོར་ཞུགས་ཤིང་ཤིས་ཚིག་ཕུལ།
          ལས་གཞི་འདིའི་འཛུགས་སྐྲུན་བྱ་ཡུལ་ནི་སྡེ་དགེ་རྫོང་མཁར་གྱི་ལྷོ་ཕྱོགས་སུ་ཡིན་ལ།  སྤྱི་ཡི་རྒྱ་ཁྱོན་ལ་མུའུ650ཡོད་ལ། འཛུགས་སྐྲུན་རྒྱ་ཁྱོན་ལ་མུའུ405ཡོད། སྔོན་རྩིས་བྱས་པ་ལྟར་ན་མ་དངུལ་སྒོར་དུང་ཕྱུར6ལྷག་གཏང་རྒྱུ་ཡིན་ཞིང་། སྤྱི་ལོ2019ལོར་འཛུགས་སྐྲུན་ཁྱོན་ཡོངས་ནས་ལེགས་འགྲུབ་འབྱུང་རྒྱུའི་འཆར་གཞི་ཡོད་པ་རེད།
          ཁམས་པའི་རིག་གནས་དངོས་མང་ལྟེ་གནས་ནི་སྡེ་དགེ་པར་ཁང་གཙོ་བོར་བྱས་ནས་སྡེ་དགེ་རྫོང་གི་གཏིང་ཟབ་པའི་རིག་གནས་དང་རང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྲོལ་སོགས་སྲོག་སྙིང་དུ་བཟུང་ནས༼རིག་གནས་ཡུལ་སྐོར་ཟུང་འབྲེལ༽གྱི་ཁྱད་ཆོས་ལྡན་པ་གསར་འཛུགས་བྱས་ཏེ་རྫོང་འདི་གའི་ཡུལ་ཤོག་དང་གྲོང་སྡེ་དར་སྤེལ་གཏང་བའི་འཐབ་ཇུས་ལ་ཐོན་ལས་ཀྱིས་ཞོགས་འདེགས་བྱེད་ཡོད་པ་རེད།
           ཁམས་པའི་རིག་གནས་དངོས་མང་ལྟེ་གནས་སུ་གཙོ་བོ་ནི་ཡུལ་སྐོར་བསྡུ་འགྲེམ་ལྟེ་གནས་དང་། ཁྱད་ལྡན་ཐོན་རྫས་བཤམ་སྟོན་ལྟེ་གནས། ཚོང་དོན་ལྟེ་གནས། ཁམས་པའི་ཡུལ་སྲོལ་གྱི་རྐང་ཁྲོམ། ཁྱད་ལྡན་རིག་གནས་ཀྱི་བཤམ་སྟོན་ཁུལ། བོད་ཁང་གི་མགྲོན་མཁར་ཁུལ། དུང་དཀར་འཁྲབ་སྟོན་ལྟེ་གནས། རིག་གནས་གསར་གཏོད་ལྟེ་གནས། བོད་ཀྱི་རིག་གནས་ཞིབ་འཇུག་དང་སྦྱོང་བརྡར་ལྟེ་གནས་སོགས་ཀྱི་སྡེ་ཚན་ཆེན་མོ9ཡིས་གྲུབ་ཅིང་། ཇུས་འགོད་དང་འཆར་གཞི་ལྟར་ན་རིག་གནས་ལྡུམ་ར་འདི་ནི༼ཁམས་པའི་རིག་གནས་ལྟེ་བའི་ཡུལ་སྐོར་གྱི་དམིགས་ས༽ཡི་སྲོག་སྙིང་ལྡུམ་ར་དང་གྲོང་གསར་ཁུལ་གྱི་རྣམ་པའི་སྟེང་ནས་རིག་གནས་ཡུལ་སྐོར་ཕྱོགས་འདུས་ཀྱི་རིག་གནས་ཐོན་ལས་ལྡུམ་ཁུལ་ཞིག་ཡིན་ལ། རིག་གནས་ཀྱི་ངོས་ནས་གཙོ་བོ་ཁམས་པའི་ཁྱད་ཆོས་ལྡན་པའི་རིག་གནས་མངོན་པར་གསལ་ཞིང་། སྐྱེ་ཁམས་ཀྱི་ངོས་ནས་གཙོ་བོ་ཁོར་ཡུག་གི་མཛེས་སྡུག་མངོན་པར་གསལ་བའི་མེ་ཏོག་ལུང་གཞུང་ཞིག་ཏུ་འགྱུར་རྒྱུ་དེའོ།།
           ཁམས་པའི་རིག་གནས་དངོས་མང་ལྟེ་གནས་འདི་ཉིད་འཛུགས་སྐྲུན་གྲུབ་རྗེས་དེ་ནི་མི་རིགས་རིག་གནས་བརྒྱུད་འཛིན་གྱི༼བོད་ཁུལ་གྱི་ཚད་ལྡན་ལྡུམ་ཁུལ༽དུ་བརྩི་ཆོག་ལ། ཁམས་པའི་རིག་གནས་བརྒྱུད་འཛིན་དང་མི་རིགས་ལག་ཤེས་བཟོ་རྩལ། ཟུར་ལུགས་བོད་ལུགས་གསོ་རིག་སོགས་ཁམས་ཀྱི་སྣ་མང་གི་རིག་གནས་འདི་དག་བརྒྱུད་འཛིན་དང་འཕེལ་རྒྱས་ལ་བླ་ན་མེད་པའི་རམ་འདེགས་ཤིག་འཐོབ་ཐུབ་པ་ཡིན་ནོ།།
 
          སྡེ་དགེ་པར་ཁང་གི་པར་ཤིང་རྙིང་གྲས་ལོ་གསུམ་རྗེས་ནས་པར་མཚམས་གཞག་རྒྱུ།
          སྡེ་དགེ་པར་ཁང་གི་པར་ཤིང་རྙིང་གྲས་ལོ་གསུམ་རྗེས་ནས་པར་མཚམས་གཞག་རྒྱུའི་དྲིལ་བསྒྲགས་དང་ངོ་སྤྲོད་བྱེད་པའི་མཛད་སྒོ་རྫོང་དེར་སྤེལ་བ་དང་སྡེ་དགེ་རྫོང་སྡེ་དགེ་པར་ཁང་གི་རིག་དངོས་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། སྡེ་དགེ་པར་ཁང་ནང་ཉར་ཚགས་བྱེད་པའི་པར་ཤིང་རྙིང་པ228438དང་རི་མོའི་པར་གཞི་རྙིང་པ376ནི་བོད་མི་རིགས་ལོ་རྒྱུས་རིག་གནས་ཀྱི་རྟེན་གཞི་གལ་ཆེན་ཡིན་པ་དང་། ལོ་རྒྱུས་ཀྱི་རྩ་ཆེའི་རིག་གནས་ཤུལ་བཞག་ཀྱང་ཡིན། དེའི་རྐྱེན་གྱིས་སྡེ་དགེ་རྫོང་ཨུ་དང་རྫོང་སྲིད་གཞུང་། སྡེ་དགེ་པར་ཁང་གིས་རིག་རྫས་རྩ་ཆེན་སྲུང་སྐྱོང་བྱེད་པའི་ཕྱོགས་སུ་ལངས་ཏེ། རིག་དངོས་དོ་དམ་བྱ་རྒྱུའི་འབྲེལ་ཡོད་གཏན་འབེབས་དང་ཟུང་འབྲེལ་བྱས་ནས་ལོ་གསུམ་འགོར་རྗེས་པར་ཁང་ཡོངས་ཀྱིས་པར་ཤིང་རྙིང་པ་ཉར་ཚགས་དང་སྲུང་སྐྱོང་བྱ་རྒྱུའི་ཐག་བཅད་པར་མ་ཟད། སྡེ་དགེ་པར་ཁང་གི་པར་ཤིང་རྙིང་པ་ཆེས་མཐའ་མའི་པར་འདེབས་མཚམས་བཞག་པར་འདེབས་ཀྱིས་སྡེ་དགེ་པར་ཁང་ཚུར་གདན་དྲངས་པ་རེད། 
         སྡེ་དགེ་པར་ཁང་གི་པར་ཤིང་རྙིང་པ་འདི་ལོ་རྒྱུས་ཤུལ་བཞག་གི་དམངས་ཕན་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད། སྡེ་དགེ་པར་ཁང་གི་པར་ཤིང་རྙིང་པའི་པར་འདེབས་ཆོས་དཔེ་ཡི་ཡོང་འབབ་ཡོངས་རྫོགས་རྫོང་དེའི་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ལ་སྤྱད་ནས་ཁམས་པའི་རིག་གནས་ལྟེ་གནས་ལྡུམ་ར་དང་ཨ་ཕྱུག་གེ་སར་རིག་གནས་རྣམ་འབྱེད་ལྡུམ་ར། སྨད་ཤོད་མི་རིགས་ལག་རྩལ་རྩེ་གྲ་གདན་རབས་ལྡུམ་ར། མ་ཎི་གད་མགོ་འབྲོག་པའི་ཡུལ་སྐོར་ཚོང་ཟོག་དང་ཟུང་འབྲེལ་བྱེད་པའི་ཐོན་ལས་ལྡུམ་ར་བསྐྲུན་པར་བེད་སྤྱོད་བཏང་བ་རེད།
          སྡེ་དགེ་པར་ཁང་གི་པར་གཞི་པར་སྐྲུན་ཡིག་རིགས་ཀྱིས་བདེན་ཐུབ་རང་བཞིན་དང་གཅིག་པུ་རང་བཞིན། རིན་ཐང་རང་བཞིན་བཅས་ཁག་ཐེག་བྱེད་ཆེད།   པར་ཁང་དེའི་ད་ལོའི་ཟླ་བ7པར་ནས་བཟུང་། པར་སྐྲུན་བྱེད་པའི་ཆོས་དཔེ་ཚང་མར་སྡེ་དགེ་པར་ཁང་གི་རིག་དངོས་དོ་དམ་ཅུས་ཀྱི་བརྟག་བཟོ་དང་སྡེ་དགེ་པར་ཁང་གི་པར་གཞི། སྡེ་དགེ་སྡིག་ཐམ་བཅས་ཐམ་ཀ་གསུམ་གོང་བུ་གཅིག་གྱུར་གྱི་ཆེད་སྤྱོད་ཐེལ་ཙེ་གཅིག་ལ་འགྱུར་ནས་རྒྱག་པར་མ་ཟད། པར་འདེབས་ཆོས་དཔེ་ཚང་མར་གཅིག་གྱུར་གྱི་ཨང་གྲངས་དང་གཅིག་གྱུར་གྱི་ཐམ་ཀ། གཅིག་གྱུར་གྱི་བསྡུ་ཉར་དཔང་ཡིག་སྤྲད་པར་ལག་བསྟར་བྱས་པ་རེད།
          སྡེ་དགེ་པར་ཁང་ནི་སྤྱི་ལོ1729ལོར་གསར་བཞེངས་བྱས་པ་དང་། དེ་ནི་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་གཙོ་བོ་ཞིག་ཡིན་པས། མིའི་རིགས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་ཚུད་པ་དང་། དེ་ནི་འཛམ་གླིང་སྟེང་རྣམ་གྲངས་སྣ་འཛོམས་དང་པར་ཤིང་གི་རྣམ་པར་ཐུན་མིན་གྱི་ཁྱད་ཆོས་ལྡན་པ། བརྐོས་པར་ཆེས་ལེགས་པ་དང་ཡིག་གཟུགས་ཤིན་ཏུ་མཛེས་པ། ཞིབ་དཔྱད་ནན་ཏན་དང་སྲུང་སྐྱོང་ཆེས་ལེགས་པའི་བོད་ཡིག་གི་སྲོལ་རྒྱུན་གྱི་ཤིང་པར་ཁང་ཞིག་ཡིན། ནང་དོན་གྱི་ཐད་ནས་ཆོས་ལུགས་དང་ལོ་རྒྱུས། ཚན་རྩལ། གསོ་རིག  གྲངས་རིག  རྩོམ་རིག   གནམ་དཔྱད། ས་ཁམས། རོལ་དབྱངས། བོད་ཀྱི་རིག་གནས་ཆེ་ཆུང་བཅུ་སོགས་འདུས་ཡོད་པས། སྡེ་དགེ་པར་ཁང་ལ་འཛམ་གླིང་བོད་ཀྱི་རིག་གནས་ཀྱི་ཤེས་བྱ་ཀུན་བཏུས་ཆེན་མོ་དང་། བོད་ཁུལ་གྱི་འོད་སྟོང་འབར་བའི་རིག་གནས་མུ་ཏིག་ཕྲེང་བ། གངས་རི་འོག་གི་བོད་ཀྱི་རིག་གནས་བང་མཛོད་ཅེས་མིང་གྲགས་དུ་མ་ལྡན། པར་འདེབས་ཆོས་དཔེ་དག་བྱུང་རིམ་གྱི་རྣམ་པ18བརྒྱུད་དགོས་ཏེ། པར་འདེབས་ལག་རྩལ་དུས་རབས13པའི་ཚུན་གྱི་ཆེས་སྲོལ་རྒྱུན་གྱི་ལག་རྩལ་དང་ཐོན་སྐྱེད་བྱེད་སྟངས་ལྟར་རྒྱུན་འཁྱོངས་བྱས་ཡོད་ལ། ཡོད་ཚད་སྲོལ་རྒྱུན་ལྟར་ལག་བཟོས་རྐྱང་རྐྱང་ལས་བྱུང་བ་ཡིན་ནོ།།
འབྲེལ་ཡོད་རྩོམ་ཡིག