ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

བོད་ཀྱི་རིག་གནས་ཀུན་འདུས་ཀྱི་བང་མཛོད་ཆེན་མོ། ——སྡེ་དགེ་པར་ཁང་།

2018-12-17 ལྷ་མོ་ཚེ་རིང་།
       ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། སྡེ་དགེ་ནི་ཁམས་ཀྱི་རིག་གནས་ཀྱི་ལྟེ་བར་གྲགས་ཤིང་། གླིང་གེ་སར་རྒྱལ་པོའི་ཕ་ས་རུའང་ངོས་འཛིན་བྱེད་བཞིན་མཆིས། ཐེངས་འདིར་ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་གི་གསར་འགོད་པ་དང་འཕྲིན་གཏོང་བ་འགའ་དང་ལྷན་དུ་སྡེ་དགེ་ཡུལ་ལ་བསྐྱོད་པའི་གོ་སྐབས་ཤིག་ཐོབ་པས་ཁྲོ་ལའི་གཞུང་ལམ་ནི་ཇི་འདྲའི་ཀྱག་ཀྱོག་ཆེ་ཞིང་ལམ་ཐག་ནི་ཇི་འདྲའི་རིང་ནའང་། སེམས་པ་སྔར་བཞིན་དགའ་བ་དང་སྤྲོ་བས་ཀུན་ནས་བརྟས་ཤིང་། སྡེ་དགེ་ཡུལ་དང་མཇལ་འདོད་ཀྱི་འདུན་པ་ནི་སྐོམ་པ་ཆུ་འདོད་ལྟར་ཤིན་ཏུ་དྲག
སྡེ་དགེ་པར་ཁང་གི་ཕྱིའི་རྣམ་པ།
        སྡེ་དགེ་ཡུལ་ནས་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་དང་སི་ཏུ་ཆོས་ཀྱི་འབྱུང་གནས་སོགས་གནམ་གྱིས་ས་བཀབ་པ་ལྟ་བུའི་སྐྱེས་ཆེན་དམ་པ་མང་དུ་འཁྲུངས་མྱོང་ཞིང་། རྫོགས་ཆེན་དགོན་དང་དཔལ་སྤུངས་དགོན་སོགས་སྙན་པའི་གྲགས་པ་གང་སར་ཁྱབ་པའི་དགོན་སྡེ་ཡང་མང་པོ་ཞིག་གནས་འདིར་ཡོད་མོད། འོན་ཏེ། ཁམས་སྡེ་དགེ་ཡུལ་དུ་སླེབས་པ་ན། མ་གླེང་ཐབས་མེད་དུ་གྱུར་པ་ནི་བོད་ཀྱི་པར་ཁང་ཆེན་མོ་བཞིའི་ཡ་གྱལ་དུ་གྲགས་པའི་སྡེ་དགེ་པར་ཁང་རེད།
        སྡེ་དགེ་པར་ཁང་ཆེན་མོ་ནི་སྡེ་དགེ་རྫོང་གི་རྫོང་མཁར་གནས་སའི་དགོན་ཆེན་གྲོང་རྡལ་དུ་ཆགས་ཤིང་། འགྲེལ་བཤད་པ་འགྱུར་མེད་དབང་མོ་ལགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། སྡེ་དགེ་པར་ཁང་ནི་སྤྱི་ལོ་1729ལོར་སྡེ་དགེ་རྒྱལ་པོའི་རྒྱལ་རབས་བཅུ་གཉིས་པ་ཆོས་རྒྱལ་བསྟན་པ་ཚེ་རིང་གི་སྐབས་སུ་བཞེངས་འགོ་བརྩམས་ཤིང་། དེའི་རྗེས་ཀྱི་རྒྱལ་རབས་གསུམ་གྱི་རིང་དུ་བསྡོམས་པས་ལོ་27ལ་རྒྱ་བསྐྱེད་མཛད་མཐར་ད་ལྟའི་སྡེ་དགེ་པར་ཁང་གི་གཞི་ཁྱོན་གཞི་ནས་གྲུབ། ད་ལྟའི་བར་དུ་ཧ་ལམ་མི་ལོ་300ལ་ཉེ་བའི་ལོ་རྒྱུས་ལྡན། པར་ཁང་འདིར་ད་ལྟ་བསྡོམས་པས་པར་ཤིང་ཁྲི་32ཉར་ཚགས་བྱས་ཡོད་པ་དང་། དེའི་ཁྲོད་དུ་པར་ཤིང་ཁྲི་22ལྷག་ནི་པར་ཤིང་རྙིང་པ་རྐྱང་རྐྱང་ཡིན་པར་བཤད། རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུའང་སྡེ་དགེ་པར་ཁང་ལ་བལྟོས་བཅས་ཀྱིས་གཏོར་བརླག་ཆེན་པོ་ཐེབས་མེད་སྟབས། རིན་ཐང་བྲལ་བའི་པར་ཤིང་རྩ་ཆེན་གང་མང་ཞིག་སྔར་བཞིན་ཉར་ཚགས་བྱེད་ཐུབ་ཡོད།
པར་ཤིང་དུ་བརྐོས་པའི་ཡི་གེ
        བཀའ་བསྟན་གཉིས་དང་ནང་སྒོས་སུ་རྒྱལ་བའི་བཀའ་འགྱུར་གྱི་ཚད་ལྡན་པར་གཞི་རུ་སྡེ་དགེ་པར་མ་འཛིན་པའི་རྒྱུ་མཚན་ནི་སི་ཏུ་ཆོས་ཀྱི་འབྱུང་གནས་མཆོག་གིས་ཐེངས་གང་མང་ལ་ཞུ་དག་གནང་བས་འཁྲུལ་མེད་དུ་འཛིན། སྡེ་དགེ་པར་ཤིང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གང་ཡིན་ཞེ་ན། པར་ཤིང་གི་རྒྱུ་ཆ་ནི་བརླན་གཤེར་སེལ་ནུས་པའི་མཁྲིས་ཤིང་ཡིན་པ་དང་། པར་ཤིང་གི་ཡིག་གཟུགས་སྡེ་བྲིས་ཡིན་ལ། པར་བརྐོས་ལག་རྩལ་དང་ཞུ་དག པར་སྐྲུན་སོགས་གྱི་གོ་རིམ་ལ་ཧ་ཅང་ཞིབ་ཚགས་ལྡན་ཞིང་། གཞན་ཡི་གེ་འབྲི་བྱེད་ཀྱི་སྣག་ཚ་དང་ཤོག་བུ་སོགས་ཀྱི་སྤུས་ཀ་ཤིན་ཏུ་ལེགས་པའི་ཆ་ན་ཡོད།
རི་རབ་བཞིན་དུ་སྤུངས་པའི་པར་ཤིང་།
        སྡེ་དགེ་པར་ཤིང་དུ་བརྐོས་པའི་བརྗོད་བྱ་ལ་ནང་ཆོས་ཀྱི་གསུང་རབ་ལས་གཞན་གསོ་བ་རིག་པ་དང་སྐར་རྩིས་རིག་པ། ཐ་ན་ཆོས་ཉིད་མ་ཞེས་པའི་དབྱངས་རྟགས་ཐིག་ལྔའི་རོལ་དབྱངས་སྐོར་གྱི་པར་ཤིང་ཡང་ཡོད་པས། བོད་ཀྱི་རིག་གནས་ཆེ་ཆུང་བཅུའི་བརྗོད་བྱ་ཆ་ཚང་འདུས་ཡོད་ཅེས་བཤད་ཆོག དེར་མ་ཟད། སྡེ་དགེ་པར་ཁང་ལ་ཆོས་ལུགས་གྲུབ་མཐའི་དབྱེ་བ་དང་ཕྱོགས་ཞེན་ཅི་ཡང་མེད་པར། འདིར་བོད་ཀྱི་གྲུབ་མཐའ་ལྔའི་བཀའ་འབུམ་གྱི་པར་ཤིང་ཚང་མ་ཉར་ཚགས་བྱས་ཡོད། པར་ཤིང་གི་མང་ཉུང་དང་རིགས་མང་པོའི་ཆ་ནས་བོད་ཀྱི་པར་ཁང་གཞན་ལས་ཡང་རྩེར་བགྲང་ཆོག
        པཎ་ཆེན་སྐུ་ཕྲེང་བཅུ་པ་ལྷུན་འགྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་སྤྱི་ལོ་1986ལོའི་ཟླ་9པའི་ཚེས་3ཉིན་སྡེ་དགེ་པར་ཁང་དུ་ཕེབས་སྐབས། ཁོང་གིས་སྡེ་དགེ་པར་ཁང་ལ“གངས་རིའི་འདབས་ཀྱི་རིག་གནས་ཀྱི་བང་མཛོད”ཅེས་པའི་མཚན་སྙན་གནང་ཞིང་། “འཇིག་རྟེན་མིག་འབྱེད་གསུང་རབ་སྡེ།། ལེགས་ཉེས་གསལ་བའི་མེ་ལོང་ཡིན།། རིག་བརྒྱ་འདུས་པའི་གཏེར་མཛོད་ཆེ།། སྐྱེ་རྒུར་ཕན་པའི་སྨན་གྱི་མཚོ།། སྡེ་དགེ་པར་ཁང་ཆེན་མོ་ཞེས།། ཡངས་པའི་ཁྱོན་ལ་ལྷང་ངེར་གྲགས།། སྔོན་རྗེས་བཟང་པོའི་གཞི་ཐོག་ནས།། ཕྱི་རྗེས་ཆེན་པོ་འཇོག་པར་འཚལ།།”ཞེས་པའི་བསྟོད་ཚིག་ཅིག་ཀྱང་ཕུལ་འདུག   སྡེ་དགེ་པར་ཁང་དུ་སོང་སྟེ་དངོས་སུ་རི་བཞིན་སྤུངས་པའི་པར་ཤིང་དང་སྒྱུ་རྩལ་གྱིས་ཕྱུག་པའི་ལྡེབས་རིས་སོགས་མིག་གི་མཐོང་ཡུལ་དུ་གྱུར་པ་ན། རིན་པོ་ཆེ་མཆོག་གིས་གནང་བའི་བསྟོད་ཚིག་ནི་དངོས་གནས་མིང་དོན་མཚུངས་པ་ཞིག་ཡིན་པ་ཚོར་ཐུབ་ལ། སྡེ་དགེ་པར་ཁང་ཆེན་མོ་ནི་བོད་ཀྱི་རིག་གནས་ཀུན་འདུས་ཀྱི་བང་མཛོད་ཆེན་མོ་ཞིག་དང་གཏེར་བུམ་ཆེན་པོ་ཞིག་ཡིན་པའང་ཤེས་ཐུབ་བོ། །
སྡེ་དགེ་པར་ཁང་གི་མདུན་ཕྱོགས་ཀྱི་ཡུལ་ལྗོངས།
འབྲེལ་ཡོད་རྩོམ་ཡིག