ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

འཛམ་གླིང་གི་ཟིན་ཐོ་བརྒལ་བའི་གླིང་སྒྲུང་པོད་300པར་དུ་བསྐྲུན་འདུག

2019-09-06 སྣང་རྡོས་བསྒྲིགས།
         ཧི་མ་ལའི་རིག་མཛོད་ཁང་གིས་བསྒྲིགས་པའི་པོད་ཕྲེང་༣༠༠ཡི་བདག་ཉིད་ཅན་གྱི་《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ》ཉེ་ཆར་ལེགས་འགྲུབ་བྱུང་ཞིང་པར་དུ་བསྐྲུན་ཡོད།

        《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ》འདིའི་མ་ཕྱི་ནི་བོད་ལྗོངས་ཀྱི་ས་ཁུལ་དང་། ལྷ་སའི་སྤྱི་ཚོགས་ཚན་རིག་ཁང་། དཔེ་རྙིང་པར་སྐྲུན་ཁང་། བོད་ལྗོངས་སློབ་གྲྭ་ཆེན་མོ། ནུབ་བྱང་སློབ་ཆེན། པེ་ཅིང་། མཚོ་སྔོན། ཀན་སུའུ། སི་ཁྲོན་སོགས་ཞིང་ལྗོངས་སོ་སོའི་དཔེ་སྐྲུན་ཁང་དང་གེ་སར་ཞིབ་འཇུག་ལྟེ་གནས། གེ་སར་ཆེད་ཞིབ་སྡེ་ཁག ཡུལ་ཤུལ་དང་མགོ་ལོག་ཁུལ་སྤྱི་ཚོགས་ཚན་རིག་ཁང་། པེ་ཅིང་རྒྱལ་ཡོངས་གེ་སར་ཞིབ་འཇུག་ཁང་། གཞན་འབྲུག་ཡུལ་དང་ལ་དྭགས་སོགས་ཕྱི་ཕྱོགས་ནས་ཐོན་པའི་སྒྲུང་ཡིག་ཉུང་ཙམ་བཅས་ཡིན་ཞིང་། དེ་མིན་རོང་འབྲོག་མང་ཚོགས་ཀྱི་ཁྱིམ་ཕུགས་སུ་ཉར་ཚགས་སྦས་བསྐུངས་བྱས་པའི་ལག་བྲིས་མའི་སྐོར་དང་། དགོན་པའི་དགེ་འདུན་པའི་སྡེས་གྲྭ་ཤག་སོ་སོར་རྒྱུན་པར་དཔེ་ཀློག་གནང་ཞིང་ཉར་ཡོད་པའི་སྣ་རིང་དང་ཤིང་དཔར་ཟིན་བྲིས་མའི་སྐོར་སོགས་དཔེ་རྙིང་རིན་ཐང་དང་བྲལ་བ་གང་མང་འཚོལ་བསྡུ་བྱུང་ཡོད་པ་དང་། རྒྱལ་ཡོངས་ཀྱི་གེ་སར་ཞིབ་འཇུག་པ་ཆེད་མཁས་པ། སྒྲུང་བ་སོ་སོས་ཀྱང་ལས་གཞི་འདིར་ཡི་རང་དང་རྒྱབ་སྐྱོར་བྱས་ཏེ་སོ་སོས་ཕབ་པའི་སྒྲུང་ཡིག་ཕོན་ཆེན་པོ་གནང་ཡོད་པ་སོགས་མ་ཕྱིའི་ཐད་ནས་གསར་རྙིང་ཀུན་འདུས་ཏེ་སྒྲུང་གི་མ་ལག་ཆ་ཚང་གི་རྣམ་པར་གྲུབ་ཡོད།

        སྤྱིར་རྒྱལ་ཁབ་གཞུང་ནས་ཀྱང་གེ་སར་གྱི་ལས་རིགས་འདི་ལ་རྒྱབ་སྐྱོར་ཤུགས་ཆེན་དང་གདེང་འཇོག་བླ་མེད་གནང་བཞིན་པས་ཕྱིའི་མཐུན་རྐྱེན་དང་། འབྲེལ་ཡོད་ལས་ཁུངས་ཀྱི་ཆེས་མཐོའི་དབུ་ཁྲིད་དག་གིས་རྒྱབ་སྐྱོར་དང་བཀའ་འཁྲོལ་ལེགས་པོ་བྱུང་བས་ནང་གི་ཆ་རྐྱེན་འཛོམས་པའི་རྨང་གཞིའི་སྟེང་སི་ཁྲོན་དཔེ་སྐྲུན་ཚོགས་པ་ཡི་དངུལ་བཏང་ཞིང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སི་ཁྲོན་མཛེས་རྩལ་དཔེ་སྐྲུན་ཁང་སོགས་ཀྱིས་རམ་འདེགས་གནང་བར་བརྟེན་ཧི་མ་ལ་ཡའི་རིག་མཛོད་ཁང་གིས་ལོ་འགའ་ཞིག་རིང་ལ་འབད་བརྩོན་ལྷོད་མེད་ཀྱིས་གླིང་སྒྲུང་འདི་འཚོལ་བསྡུ་ལེགས་སྒྲིག་བགྱིས་ཏེ་ད་ལྟ་ཡོངས་སུ་ལེགས་འགྲུབ་བྱུང་བ་ཡིན་འདུག

        《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ》འདིའི་སྒྲིག་རིམ་ནི་སྒྲུང་གི་དཔེ་ཚོགས་གཞན་དང་མི་འདྲ་བར་གླིང་སེང་ཆེན་རྒྱལ་པོ་ཁོང་གི་རྣམ་ཐར་གྱི་བྱུང་རིམ་དང་སྦྱར་ནས་བསྒྲིགས་ཡོད་དེ། གེ་སར་ལྷ་ཡུལ་དུ་བཞུགས་པ་ནས། མི་ཡུལ་དུ་སྐུ་འཁྲུངས་པ། མི་ཡུལ་ནས་ས་བཟུང་སྟེ་མངའ་ཐང་རྒྱས་པ། བདུད་ཆེན་བཞི་དང་། རྫོང་ཆེན་བཅོ་བརྒྱད། རྫོང་ཆུང་གྲངས་མང་ཕབ་སྟེ་མཐར་མཁའ་སྤྱོད་དུ་ཕེབ་པའི་བར་གོ་རིམ་ཇི་བཞིན་བསྒྲིགས་ཡོད་པས་ལོ་རྒྱུས་ཞིབ་འཇུག་དང་ལོ་རྒྱུས་དངོས་ཀྱི་རིན་ཐང་མངོན་པར་བྱས་ཡོད། དཔེ་ཚོགས་ཆེན་མོ་འདི་ལ་སྤྱིའི་སྡེ་ཚན་གསུམ་དུ་ཕྱེ་ཡོད་དེ། གཅིག སྒྲུང་རྙིང་ལ་པོད་104 གཉིས། སྒྲུང་གསར་ལ་པོད་184 གསུམ། ཟུར་བཀོད་ལ་པོད་12 ཕབ་བྱའི་རྫོང་གཅིག་འདྲ་ཡིན་རུང་བརྗོད་བྱ་རྗོད་བྱེད་གཉིས་ཆར་གྱི་གཅིག་མཚུངས་མ་ཡིན་པའི་སྒྲུང་གི་སྐོར་ལས་དཔེར་ན། 《ཧོར་གླིང་གཡུལ་འགྱེད》དང་《ཧོར་འདུལ་བསམ་པའི་དོན་གྲུབ》《ཧོར་འདུལ་གཡུལ་རྒྱལ་ལྷའི་རྔ་སྒྲ》ལྟ་བུ་སོགས་སྒྲུང་གི་རིགས་ཚན་གཅིག་ལ་མཚོན་ནའང་བོད་ཀྱི་ཡུལ་ལུང་མི་འདྲ་བའི་མང་ཚོགས་ཁྲོད་དུ་བཤད་རྒྱུན་མི་འདྲ་བ་དང་སྒྲུང་བ་མི་འདྲ་བས་ནང་དོན་གྱི་ཆ་དང་བརྗོད་ཚུལ་ལ་མི་མཐུན་པ་མང་ཙམ་བྱུང་ཡོད། དེ་བཞིན་སྒྲུང་མིང་གཅིག་ལ་ནང་དོན་མི་འདྲ་བ། སྒྲུང་མིང་མི་འདྲ་བ་ནང་དོན་འདྲ་བ། བཤད་ཚུལ་དང་གོ་རིམ་མི་སྣ་སོགས་ཀྱང་མི་འདྲ་བ་ཡོད། དེ་བས་འདིར་སྒྲུང་མིང་གཅིག་ཡིན་མིན་གང་ཡིན་ཡང་ནང་དོན་དང་བཤད་ཚུལ་ལ་བརྒྱ་ཆའི་བཞི་བཅུ་མི་འདྲ་བའི་བར་ཁྱད་ཡོད་པ་དག་བསྡུ་སྒྲིག་བྱས་ཡོད་པ་དང་། དེ་མིན་བརྒྱ་ཆའི་བདུན་ཅུ་ཙམ་འདྲ་མཚུངས་ཡིན་པའི་སྒྲུང་གི་སྐོར་ཟློས་སྐྱོན་འོང་བར་དོགས་ནས་བསྡུ་སྒྲིག་བྱས་མེད།
འབྲེལ་ཡོད་རྩོམ་ཡིག