ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་མོང་གོལ་རྒྱལ་ཁབ་ལ་འཚམས་འདྲི་བྱས་པ།

2016-08-24


        ཚེས་21ནས་23ཉིན་བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་སྒྲིག་འཛུགས་བྱས་པའི་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་མོང་གོལ་རྒྱལ་ཁབ་ཏུ་འཚམས་འདྲིར་བསྐྱོད་པ་རེད།
        འཚམས་འདྲི་བྱེད་རིང་།  སྤེལ་རེས་ཚོགས་པས་མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ས་ཨུ་ལན་དཔའ་ཐུལ་དུ་མོང་གོལ་རྒྱལ་ཁབ་ཀྱི་སྨྱན་སྦྱོར་འཐུས་མི་དང་།  རྒྱལ་བཙུགས་སློབ་ཆེན་དང་ཚན་རིག་ཁང་གི་རིགས་གཅིག་མཁས་པ།  དེ་གའི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་བཅས་དབར་སྤེལ་རེས་ཟབ་མོ་བྱས་ནས་ཀྲུང་གོའི་བོད་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ལ་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་། མི་རིགས་ཆོས་ལུགས་སྲིད་ཇུས།  རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་གལ་ཆེན།  ཀྲུང་གོས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལ་གཞིགས་ནས། བོད་ཀྱི་རིག་གནས་གྲུབ་འབྲས་ལྡན་པའི་ངང་སྲུང་སྐྱོང་དང་རྒྱུན་འཛིན་བྱས་ཚུལ་བཅས་ཁོང་ཚོར་ངོ་སྤྲོད་བྱས་པ་དང་འབྲེལ་འགྲེལ་བཤད་ཡང་བརྒྱབ་པ་རེད། 
        མོང་གོལ་ཕྱོགས་ཀྱིས། སྤེལ་རེས་ཚོགས་པས་ངོ་སྤྲོད་བྱས་པར་སྤྲོ་སྣང་ཆེན་པོ་བྱས་པ་དང་འབྲེལ། མུ་མཐུད་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་འདོད་འདུན་མཚོན་པ་བྱས་པ་མ་ཟད། གོ་སྐབས་བྱུང་ཚེ་བོད་ལ་འཚམས་འདྲི་བྱེད་པར་ཡོང་འདོད་ཡོད་ཚུལ་ཡང་བསྟན་པ་རེད།
        སྤེལ་རེས་ཚོགས་པའི་ཚོགས་གཙོ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རིག་པ་དང་མིའི་རིགས་རིག་པའི་ཞིབ་འཇུག་ཁང་གི་འགན་འཛིན་ཝང་ཡན་ཀྲུང་གིས།  མོང་གོལ་རྒྱལ་ཁབ་ནི“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པས། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་ཀྱི་རིག་གནས་དང་ཆོས་ལུགས་སོགས་ཁྱབ་ཁོངས་ཁག་དབར་འབྲེལ་བ་ཆེན་པོ་ལྡན་སྟབས་ཆོས་ལུགས་སོགས་མི་གཤིས་ཁྱབ་ཁོངས་ནང་མུ་མཐུད་སྤེལ་རེས་བྱས་ཚེ།  ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་ཕྱོགས་གཉིས་དབར་ཕན་ཚུན་ཤེས་རྟོགས་དང་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་འབྲེལ་བ་ཟབ་ཏུ་འགྲོ་རྒྱུར་ཕན་ཐོགས་ཡོད་ཅེས་གསུངས་པ་རེད།  
        མོང་གོལ་རྒྱལ་ཁབ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ན་ཚེ་ཁེ་ཏའོར་ཅི་ཡིས།  མོང་གོལ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ནང་བསྟན་ཆོས་ལུགས་རིག་གནས་ལ་མཐུན་པའི་ཆ་མང་བས་རྒྱལ་ཁབ་གཉིས་པོས་ནང་བསྟན་ཆོས་ལུགས་ཁྱབ་ཁོངས་ནང་སྤེལ་རེས་དང་མཉམ་ལས་བྱེད་རིན་ཆེན་པོ་ཡོད། མི་ལ་ལས་སྒེར་ཕན་འགྲུབ་ཕྱིར་ཆོས་ལུགས་ཀྱི་མིང་འཁྱེར་ནས་ཆབ་སྲིད་ལ་ཐེ་ཇུས་བྱེད་པ་དང་ཞི་བདེར་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ལ་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
        མོང་གོལ་རྒྱལ་ཁབ་ཀྱི་བཀྲ་ཤིས་ཆོས་གླིང་གི་མཁན་པོ། འཛམ་གླིང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བསྟན་པ་སྐྱབས་ཀྱིས་རང་ཉིད་བོད་ལ་འགྲོ་མྱོང་ཡོད་པས་བོད་ཀྱི་ཆོས་ལུགས་སྲིད་ཇུས་ལ་རྒྱུས་མངའ་ཡོད།  སྲིད་ཇུས་དེ་དག་ཡོངས་སུ་ལུགས་དང་མཐུན་པ་ཞིག་རེད། རྒྱལ་ཁབ་གཉིས་པོས་ངེས་པར་དུ་ཕན་ཚུན་བརྩི་འཇོག་བྱས་ནས་ནུབ་ཕྱོགས་རྒྱལ་ཁབ་འགས། བོད་འབྲེལ་གནད་དོན་ཐད་འགན་མི་འཁུར་བའི་གཏམ་འཆལ་སྤེལ་བར་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།  
        མོང་གོལ་རྒྱལ་ཁབ་ཏུ་འཚམས་འདྲི་མཇུག་འགྲིལ་རྗེས་ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པ་ཧན་གོ་རུ་འཚམས་འདྲིར་བསྐྱོད་རྒྱུ་ཡིན་པ་རེད།
འབྲེལ་ཡོད་རྩོམ་ཡིག