ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

༢༠༡༧ལོའི་རྒྱལ་ཡོངས་བོད་ཀྱི་སྙན་རྩོམ་འགྲན་བསྡུར་གྱི་རྩོམ་ཡིག་བསྡུ་བའི་བརྡ་སྦྱོར།

2017-05-15
          ཕུལ་བྱུང་སྙན་རྩོམ་ནི་མིའི་རིགས་ཀྱི་སེམས་ཁོང་གི་འབོད་སྒྲ་དང་དུས་རབས་མདུན་སྐྱོད་བགྱིད་པའི་སྒྲ་དབྱངས་ཡིན་ལ། དེ་ནི་མི་རིགས་རང་ཉིད་ཀྱི་སྲོལ་རྒྱུན་སྙན་ངག་གི་དགེ་མཚན་རྒྱུད་འཛིན་དང་དེང་རབས་སྙན་ངག་དར་སྤེལ་བྱེད་པའི་ཉམས་མྱོང་བརྒྱུད་སྤེལ་གྱི་གྲུབ་འབྲས་ཡིན་ནོ།། མི་རིགས་མི་འདྲ་བའི་སྙན་ངག་པས་མི་རིགས་ཀྱི་ཁྱད་ཆོས་དང་དུས་རབས་ཀྱི་སྙིང་སྟོབས་མཚོན་པའི་ཕུལ་བྱུང་སྙན་རྩོམ་གང་མང་གསར་རྩོམ་མཛད་ཅིང་། དེས་ཀྲུང་གོའི་རྩོམ་རིག་གོང་འཕེལ་ལ་མེ་ཏོག་མཉམ་བཞད་ཀྱི་བཀྲགས་མདངས་བསྣན། བོད་ཀྱི་སྙན་ངག་ནི་བོད་གངས་ཅན་གྱི་སྲོལ་རྒྱུན་རིག་གནས་བཅུའི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བང་མཛོད་ཆེན་པོའི་ནང་གི་བོད་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིན་ཆེན་ནོར་བུ་ཞིག་ཀྱང་ཡིན། བསྒྱུར་བཅོས་སྒོ་འབྱེད་བྱེད་ཚུན་བོད་ཀྱི་སྙན་ངག་ལ་དུས་རབས་གསར་བའི་སྲོག་དབང་ཞུགས་ཏེ་གོང་འཕེལ་ཆེན་པོ་བྱུང་ཞིང་། དེས་བོད་ཀྱི་དེང་རབས་རྩོམ་རིག་གི་འཕེལ་རིམ་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིན་གྱི་ཀྲུང་གོའི་རིག་རྩལ་ལྷན་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་བ་དང་། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་བའི་ཐོག་གི་གསུང་བཤད་ཀྱི་དགོངས་དོན་སྔར་ལས་གཏིང་ཟབ་སྒོས་ལག་ལེན་མཐའ་འཁྱོངས་བྱེད་ཅིང་། སྤྲོ་བ་འབུམ་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བར་བསུ་མ་བྱེད་ཆེད་དང་མི་རིགས་གྲངས་ཉུང་གི་རྩོམ་རིག་དར་རྒྱས་ཕུན་སུམ་ཚོགས་པར་འགྲོ་བར་སྐུལ་མ་གཏོང་ཞིང་། བོད་ཀྱི་སྙན་ངག་གསར་རྩོམ་གྱི་ཆུ་ཚད་སྔར་ལས་གོང་འཕེལ་ཡོང་བ་བཅས་ཀྱི་ཆེད་དུ། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས《མི་རིགས་རྩོམ་རིག》(བོད་ཡིག་པར་གཞི)དུས་དེབ་ཁང་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་རྩལ་ལྷན་ཚོགས་ཀྱིས་མཉམ་དུ་“རྒྱལ་ཡོངས་བོད་ཀྱི་སྙན་རྩོམ་འགྲན་བསྡུར་”གྱི་རྩོམ་བསྡུའི་བྱ་འགུལ་འདི་སྤེལ་བ་ཡིན། དེར་བོད་ཀྱི་སྐད་ཡིག་གི་ལམ་ནས་སྙན་རྩོམ་འབྲི་བའི་རྒྱ་ཆེའི་སྙན་ངག་པར་ཁ་གཏད་དེ་རྩོམ་ཡིག་བསྡུ་རྒྱུ་ཡིན།
          གཅིག  གཙོ་སྒྲུབ་སྡེ་ཁག
          ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་《མི་རིགས་རྩོམ་རིག》(བོད་ཡིག་པར་གཞི)དུས་དེབ་ཁང་དང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་རྩལ་ལྷན་ཚོགས།
          འགན་ལེན་སྡེ་ཁག
          ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་པ་པོའི་མཐུན་ཚོགས་དང་《ཟླ་ཟེར་》རྩོམ་སྒྲིག་ཁང་།
          གཉིས། རྩོམ་བསྡུའི་ནང་དོན་དང་རེ་འདུན། རྩོམ་བསྡུ་ཡུལ།
          ནང་དོན་ནི་བོད་ཀྱི་སྐད་ཡིག་གི་ལམ་ནས་གསར་རྩོམ་བྱེད་པའི་སྙན་ངག་ཡིན་དགོས་ལ། རྩོམ་ལུས་ལ་ཚིགས་བཅད་དང་རང་མོས་གང་ཡང་ཆོག ཤོ་ལོ་ཀ་༢༠དང་ཡང་ན་ཚིག་རྐང་༡༠༠ནང་དུ་ཚོད་འཛིན་བྱ་རྒྱུ། རྩོམ་བསྡུ་ཡུལ་ནི་རྒྱལ་ཡོངས་ཀྱི་བོད་སྐད་ཡིག་གི་ལམ་ནས་སྙན་ངག་གསར་རྩོམ་བྱེད་པའི་སྙན་ངག་པ་ཚང་མ་ཡིན།
          གསུམ། རྩོམ་བསྡུའི་དུས་ཚོད།
          ༢༠༡༧ལོའི་ཟླ་༥བའི་ཚེས་༡༥ནས་༢༠༡༧ལོའི་ཟླ་༦པའི་ཚེས་༡༥བར།
          བཞི། རྩོམ་བསྐུར་ཐབས།
          ༡. འགྲན་བསྡུར་ལ་ཞུགས་པའི་བརྩམས་ཆོས་ཡོད་ཚད་གཏན་འཁེལ་བྱས་པའི་ཡིག་སྒམ་འདིའི་ནང་དུ་བསྐུར་རྒྱུ། zlazer@163.com
          ༢. འགྲན་བསྡུར་ལ་ཞུགས་པའི་བརྩམས་ཆོས་ཚང་མ་ཧི་གཟུགས་ཡིན་དགོས་ཤིང་། ཡིག་ཚགས་ཀྱི་ཚད་གཞི་ལྟར་ཚན་པ་སོགས་ལེགས་པར་བསྒྲིགས་དགོས་པ་མ་ཟད། ཁ་བྱང་དུ་“རྒྱལ་ཡོངས་བོད་ཀྱི་སྙན་རྩོམ་འགྲན་བསྡུར་ཞེས་གསལ་བོར་འགོད་དགོས།
          ལྔ། དོ་སྣང་བྱ་ཡུལ།
          ༡. འགྲན་ཞུགས་བརྩམས་ཆོས་ཚང་མ་གསར་དུ་བརྩམས་པའི་སྙན་རྩོམ་ཡིན་དགོས་ཤིང་། གསར་རྩོམ་ཡིན་མིན་དང་ཁྲིམས་མཐུན་དབང་ཆ་ཚང་མ་རྩོམ་པ་པོ་རང་ཉིད་ཀྱིས་འགན་འཁུར་དགོས།
          ༢. སྙན་རྩོམ་གྱི་ནང་དོན་ཐད་ཡར་ཐོན་གྱི་བསམ་བློ་ལྡན་དགོས་ཤིང་། ཆབ་སྲིད་དང་མི་རིགས། ཆོས་ལུགས་སོགས་ཀྱི་གནད་དོན་ཐད་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་དང་འགལ་མི་ཆོག
          ༣. འགྲན་ཞུགས་བརྩམས་ཆོས་ཀྱི་མཇུག་ཏུ་རྩོམ་པ་པོ་ཉིད་ཀྱི་མིང་དང་། མི་རིགས་ཀྱི་དབྱེ་བ། པུར་མིང་། ཕོ་མོའི་ཁྱད་པར། འབྲེལ་གཏུགས་སྡོད་གནས་དང་སྦྲགས་སྲིད་ཨང་གྲངས། ཁ་པར་ཨང་གྲངས་བཅས་གསལ་བོར་འགོད་དགོས།
          དྲུག བྱ་དགའི་རིམ་པ་བཀོད་སྒྲིག
          བྱ་དགའ་རིམ་པ་དང་པོ་མི་གཅིག་དང་དེ་ལ་བྱ་དགའ་སྒོར་༡༠༠༠༠དང་། རིམ་པ་གཉིས་པ་མི་གཉིས་དང་དེར་བྱ་དགའ་སྒོར་༥༠༠༠དང་། རིམ་པ་གསུམ་པ་མི་གསུམ་དང་དེར་བྱ་དགའ་སྒོར་༣༠༠༠རེ། དེ་མིན་མཚན་སྙན་བྱ་དགའ་མི་བཞི་དང་ཕུལ་བྱུང་བྱ་དགའ་མི་དྲུག་བཅས་གདམ་རྒྱུ།
          གོང་གི་བྱ་དགའ་ཐོབ་མཁན་ཚང་མར་བྱ་དགའི་གཟི་བརྗིད་དཔང་ཡིག་སྟེར་རྒྱུ། བྱ་དགའ་ཐོབ་མཁན་སྐོར་ཞིག་བྱ་དགའ་སྟེར་བའི་མཛད་སྒོར་གདན་འདྲེན་ཞུ་རྒྱུ་ཡིན་ནོ།།
ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་《མི་རིགས་རྩོམ་རིག》(བོད་ཡིག་པར་གཞི)དུས་དེབ་ཁང་།ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་རྩལ་ལྷན་ཚོགས།
༢༠༡༧ལོའི་ཟླ་༥བའི་ཚེས་༡༥ལ།
འབྲེལ་ཡོད་རྩོམ་ཡིག