ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

སི་ཁྲོན་ཞིང་ཆེན་གྱི་བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་ཀྱི་གཞོན་ནུ་འཐུས་མིས་པེ་ཅིང་དུ་ལུས་ཕུང་བརྟག་དཔྱད་བྱས་པ།

2017-05-23
          ཟླ5ཚེས22ཉིན།“སེམས་པ་གཅིག་མཐུན་སྒོས་ཀྲུང་གོའི་ཕུགས་འདུན་བསྐྲུན”ཞེས་པའི་རྩ་འཛུགས་ཨུ་ལྷན་གྱིས་སི་ཁྲོན་ནས་ཕེབས་པའི་བོད་བརྒྱུད་ནང་བསྟན་གྱི་གྲྭ་དམངས་ལས་གཞོན་ནུ་འཐུས་མི30བཀོད་སྒྲིག་བྱས་ཏེ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྨན་ཁང་ཨང309དུ་ལུས་ཕུང་ལ་བརྟག་དཔྱད་གནང་བ་རེད།
          ཟླ་འདིའི་ཟླ་འགོར། སི་ཁྲོན་ཞིང་ཆེན་གྱིས་རྔ་བ་བོད་རིགས་རང་སྐྱོང་ཁུལ་ནས་ཡིན་པའི་བོད་བརྒྱུད་ནང་བསྟན་གྱི་ན་གཞོན་དང་དར་མ་འཐུས་མི30འདེམས་སྒྲུག་བྱས་ཏེ། ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་དུ་སྦྱོང་བརྡར་ལ་ཞུགས་པ་རེད། ཁོང་ཅག་ཚོ་རྒྱུན་རིང་བོད་ཁུལ་གྱི་ས་མཐོར་འཚོ་བར་རོལ་ཞིང་། དེ་གའི་ས་བབ་ཆེས་མཐོ་བ་དང་། མཁའ་དབུགས་མི་འདིང་བ། ས་གནས་ཀྱི་སྨན་བཅོས་ཆ་རྐྱེན་བལྟོས་བཅས་ཀྱིས་ཞན་པའི་དབང་གིས། “སེམས་པ་གཅིག་མཐུན་སྒོས་ཀྲུང་གོའི་ཕུགས་འདུན་བསྐྲུན”ཞེས་པའི་རྩ་འཛུགས་ཨུ་ལྷན་གྱིས་པེ་ཅིང་དུ་ཁོང་ཚོའི་གཟུགས་ཕུང་ལ་བརྟག་དཔྱད་བྱ་རྒྱུའི་ལས་འགུལ་སྤེལ་བ་རེད།
          ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྨན་ཁང་ཨང309ཡིས་འདས་པའི་ལོ་ངོ་མང་པོའི་ནང་དུ་ཧུར་བརྩོན་ཆེན་པོས་སྤྱི་ཚོགས་ཀྱི་སྤྱི་ཕན་བྱེད་སྒོ་མང་པོར་ཞུགས་མྱོང་ཞིང་། ལྷག་པར་དུ་ཆེད་དུ་མི་སྣ་མངག་གཏོང་གིས“སེམས་པ་གཅིག་མཐུན་སྒོས་ཀྲུང་གོའི་ཕུགས་འདུན་བསྐྲུན་”ཞེས་པའི་བརྗོད་གཞིའི་ཐོག་ནས་བོད་ཁུལ་དུ་དང་བླངས་སྨན་བཅོས་དང་། སྐོར་སྐྱོར་སྨན་བཅོས་ཀྱི་དགེ་རྩའི་བྱ་གཞག་རབས་དང་རིམ་པ་སྤེལ་ཞིང་། སྨན་ཁང་ནས་ཐེངས་འདིར་གྲྭ་པའི་ལུས་ཕུང་བརྟག་དཔྱད་ཀྱི་ལས་དོན་ལ་མཐོང་ཤིན་ཏུ་ཆེན་པོ་གནང་བ་དང་། སྔོན་ཚུད་ནས་གྲ་སྒྲིག་དང་བཀོད་སྒྲིག་ཨང་གསར་བྱས་ཤིང་། སྨན་ཁང་གི་དབུ་ཁྲིད་གཙོ་བོ་དག་གིས་ཀྱང་སྐུ་ངོ་མས་ལུས་ཕུང་བརྟག་དཔྱད་ཀྱི་ཇུས་གཞི་གཏན་འཁེལ་གནང་བ་དང་། དེ་བཞིན་ལག་རྩལ་ཕུལ་དུ་བྱུང་བ་དང་། ལས་སྒོ་ལེགས་པོ་གཉེར་ནུས་པའི་རྐང་འཛིན་མི་སྣ་ཆེད་གཏོང་གིས། ནན་ཏན་ངང་ནས་བོད་ཁུལ་མང་ཚོགས་ཀྱི་འཚོ་བའི་ཁྱད་གཤིས་ལ་ཞིབ་འཇུག་དབྱེ་ཞིབ་གནང་སྟེ། འོས་ཤིང་འཚམས་ལ་ཚགས་སུ་ཚུད་པའི་བརྟག་དཔྱད་ཇུས་གཞི་གཏན་འཁེལ་གནང་བ་མ་ཟད། རིན་པ་ཡོད་ཚད་རྩ་བཅག་བཏང་བ་རེད།
བརྟག་དཔྱད་བྱེད་པའི་ཡུལ་དངོས།
བརྟག་དཔྱད་བྱེད་པའི་ཡུལ་དངོས།
          ཚེས22ཉིན་གྱི་ཞོགས་པར། བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་ཀྱི་གཞོན་དར་འཐུས་མི30སྨན་ཁང་དུ་སླེབས་མ་ཐག སྨན་ཁང་གི་དབུ་ཁྲིད་སྐུ་ངོ་མ་ནས་ཕེབས་བསུ་དང་བཀོད་སྒྲིག་གནང་ཞིང་། སྨན་བཅོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པའི་ཆེད་མཁས་ཁག་ཅིག་གིས་གཅིག་རྗེས་གཉིས་མཐུད་དུ་གཟུགས་པོའི་བདེ་ཐང་གི་གནས་སྟངས་ལ་བརྟག་དཔྱད་དང་། འགའ་རེའི་རང་སོའི་ལུས་ཕུང་གི་གནས་སྟངས་དམིགས་བསལ་བའི་དབང་གིས་སྐབས་འཕྲལ་བརྟག་དཔྱད་རྣམ་གྲངས་འགའ་ལའང་འགྱུར་བ་འོས་འཚམས་བཏང་ཞིང་། ནན་ཏན་ངང་ནས་བརྟག་དཔྱད་གཞི་གྲངས་ལ་དབྱེ་ཞིབ་དང་། ཞིབ་ཕྲའི་བདེ་ཐང་གི་མཛུབ་སྟོན་གྲོས་འཆར་སོགས་གསུངས་པ་རེད། བརྟག་དཔྱད་གྲུབ་རྗེས། སྨན་ཁང་ནས་བོད་ཁུལ་གྱི་བཟའ་བཅའི་གོམས་གཤིས་ལ་གཞིགས་ཏེ། འཚོ་བཅུད་ཕུན་སུམ་ཚོགས་ལ། བདེ་ཐང་ལ་ཕན་པ་ཆེ་བའི་ཞོགས་ཟས་མཁོ་འདོན་བྱས་ཤིང་། གཟུགས་པོར་བརྟག་དཔྱད་བྱེད་པའི་གོ་རིམ་ཧྲིལ་པོ་སྟབས་བདེ་ལ་ཚགས་སུ་ཚུད་པར་གྲུབ། བྱེད་ཐབས་འདིས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་ནས་བོད་ཁུལ་ལ་བཅངས་པའི་ཐུགས་ཁུར་དང་རྒྱབ་སྐྱོར་གསལ་པོར་མཚོན་ཞིང་། མི་རིགས་མཐུན་སྒྲིལ་གོང་སྤེལ་དང་། སྤྱི་ཕན་དགེ་སེམས་ཐད་ནས་ཀྱང་ལེ་ཚན་གསར་པ་ཞིག་བྲིས་ཡོད་ཅེས་བརྗོད་ཆོག
འཛུམ་མདངས་དང་བཅས་བརྟག་དཔྱད་གནང་བར་ཕེབས་བཞིན་པ།
          “སེམས་པ་གཅིག་མཐུན་སྒོས་ཀྲུང་གོའི་ཕུགས་འདུན་བསྐྲུན”ཞེས་པའི་ལས་འགུལ་འདི་ཉིད་ནི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱི་སྡོད་ཀྲུང་གོ་བའི་གཞུང་ལས་ཁང་གིས་མཛུབ་སྟོན་འོག་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཨུ་ལྷན། ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་སྲུང་སྤེལ་མཐུན་ཚོགས། པེ་ཅིང་གྲོང་ཁྱེར་རྒྱ་གྲམ་དམར་པོའི་ཐེབས་རྩ་ཚོགས་པ། ཀྲུང་གོའི་རྒྱ་གྲམ་དམར་པོའི་ཐེབས་རྩ་ཚོགས་པ་བཅས་ནས་མཉམ་འབྲེལ་ཐོག་སྤེལ་བའི་སྤྱི་ཕན་གྱི་ལས་གཞི་ཆེ་གྲས་ཤིག་ཡིན་ཞིང་། སྤྱི་ལོ2008ལོ་ནས་བཟུང་། རྩ་འཛུགས་འདི་ཉིད་ཀྱིས་རྒྱལ་སའི་སྨན་བཅོས་ཆེད་མཁས་གཙོ་བོར་བྱས་པའི་དང་བླངས་པའི་དཔུང་ཁག་གིས་སྔ་ཕྱིར་བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། ཡུན་ནན། སི་ཁྲོན་སོགས་བོད་ཁུལ་དང་། ཉིང་ཞ་དང་ཧྲན་ཏུང་། ནང་སོག་སོགས་ཞིང་ཆེན་གྱི་དབུལ་ཕོངས་ས་ཁུལ་དུ་གཞི་ཁྱོན་ཆེ་བའི་བདེ་ཐང་སྐོར་གྱི་དང་བླངས་ཞབས་ཞུ་བསྒྲུབ་པ་རེད། ལས་བྱའི་ནང་དོན་གྲས་སུ་ས་ཁུལ་རང་བཞིན་གྱི་ནད་གཞི་རྟོག་ཞིབ་དང་། དང་བླངས་སྨན་བཅོས་དང་སྐོར་སྐྱོད་སྨན་བཅོས་བྱེད་པ། བརྩེ་སེམས་ཞལ་འདེབས་འབུལ་བ། སྨན་བཅོས་སྦྱོང་བརྡར་བྱེད་པ། བདེ་ཐང་འཆད་ཁྲིད་བྱེད་པ། བྱིས་པའི་ལྷན་སྐྱེས་སྙིང་ནད་དང་ཀླད་ནད། ལིང་གྲིབ་སོགས་ནད་གཞིའི་བརྟག་དཔྱད་དང་སྨན་བཅོས་སོགས་ཚུད་ཡོད། སྤྱི་ལོ2010ལོ་ནས་བཟུང་ལས་གཞི་འདི་ཉིད་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས“སེམས་མཐུན་ལས་གཞི”ཡི་གྲས་སུ་བཅུག་པ་དང་། མིང་གཞན་ལ“སེམས་མཐུན•ཐུན་མོང་ཐོག་ནས་ཀྲུང་གོའི་སེམས་ཁམས་བསྐྲུན་པ”ཞེས་ཀྱང་འབོད་ཅིང་། སྤྱི་ལོ 2013 ལོར་ལས་གཞི་འདི་ཉིད་ལ་ཀྲུང་གོའི་དགེ་ལས་ཁྱབ་ཁོངས་ཀྱི་ཆེས་མཐོའི་གཟེངས་བསྟོད་དེ། ཀྲུང་ཧྭ་དགེ་ལས་བྱ་དགའ་ཡང་ཐོབ་པ་ལགས་སོ།།
འབྲེལ་ཡོད་རྩོམ་ཡིག