ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

དགེ་བཤེས10ལ་མཚོ་སྔོན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་ཐོག་དང་པོའི་ཡོངས་འཛིན་གོ་མིང་འགན་བསྐོའི་ཐོབ་ཐང་ཐོབ་པ།

2017-05-27
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་5ཚེས་24ཉིན། མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གིས་ཐོག་དང་པོར་བོད་བརྒྱུད་ནང་བསྟན་གྱི་ཡོངས་འཛིན་གོ་མིང་འགན་བསྐོའི་་ཐོབ་ཐང་དཔྱད་ཞིབ་དང་གདན་ཞུས་ལས་བསྐོས་ཀྱི་དཔྱད་བསྡུར་ཚོགས་འདུ་འཚོགས་ཤིང་། མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་སོགས་ཚན་པ་ཁག་གི་འབྲེལ་ཡོད་ལས་དོན་མི་སྣ་དང་། དཔྱད་ཞིབ་ཨུ་ཡོན་ལྷན་ཚོགས་ཀྱི་ཁོངས་མི། འགན་བསྐོའི་ཐོབ་ཐང་དཔྱད་ཞིབ་ལ་ཞུགས་པའི་ཡོངས་དང་། སློབ་མའི་འཐུས་མི་སོགས་ཁྱོན་མི་སྣ30ལྷག་ཚོགས་འདུར་ཞུགས་ཡོད་པ་རེད། གསར་འགོད་པས་ཐེངས་འདིའི་ཞིབ་དཔྱད་རྩ་འཛུགས་གྲས་སུ་ཞུགས་པའི་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ་པདྨ་ལྷུན་གྲུབ་ལགས་དང་ཨོའུ་རྒྱ་ཚང་ལགས་ལ་བཅར་འདྲི་ཞུས་པ་རེད།
དཔྱད་ཞིབ་ཚོགས་རའི་རྣམ་པ།
          པདྨ་ལྷུན་གྲུབ་ནས་ངོ་སྤྲོད་གནང་བར། ཡོངས་འཛིན་གོ་མིང་འགན་བསྐོའི་་ཐོབ་ཐང་དཔྱད་ཞིབ་ལས་དོན་ནི་མཐོ་སློབ་དང་བྱ་གཞག་སྡེ་ཁག་གཞན་དག་གི་གོ་མིང་དཔྱད་འཇོག་གི་ལམ་ལུགས་དང་མི་འདྲ་ལ། དགོན་སྡེའི་ཡོངས་འཛིན་དང་མཁན་པོ་སོགས་སྲོལ་རྒྱུན་གྲྭ་བཙུན་གྱི་གོ་མིང་འདེམས་བསྐོ་དང་ཡང་མི་འདྲ་བས། འདི་ཉིད་ཀྱི་རྣམ་པ་ནི་གསར་རྐྱང་ཞིག་ཡིན་ཞེས་དང་། ཁོང་ཉིད་ནས། “ཐེངས་འདིའི་གོ་མིང་དཔྱད་ཞིབ་ཨུ་ཡོན་ལྷན་ཚོགས་ནི་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་། མཚོ་སྔོན་སློབ་ཆེན་གྱི་བོད་ལུགས་གསོ་རིག་སློབ་གླིང་། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན་སྐད་ཡིག་གཞུང་དོན་ཁང་སོགས་མཐོ་སློབ་དང་འབྲེལ་ཡོད་ཚན་པའི་མཐོ་རིམ་གོ་མིང་མངའ་བའི་ཆེད་མཁས9ལས་གྲུབ་ཡོད་ཅིང་། བླང་བྱ་ནན་པོའི་ཐོག‘འབྲེལ་ཡོད་དགོན་སྡེ་དང་ཆོས་ལུགས་ཁྱབ་ཁོངས་ཀྱི་འཐུས་མིས་འོས་སྦྱོར་བྱེད་པ་དང་། མི་སྒེར་གྱིས་སྙན་ཞུ་འབུལ་བ། སྙན་ཞུའི་གོ་མིང་སྤྱི་བསྒྲགས་བྱེད་པ། དཔྱད་ཞིབ་རེའུ་མིག་བཀོད་འབུལ་བྱེད་པ། ལས་འཛིན་ཐོབ་ཐང་ཞིབ་བཤེར། རྩ་འཛུགས་ཀྱིས་དཔྱད་ཞིབ་བྱེད་པ། རྒྱུགས་སྤྲོད་སྐར་རྒྱག་བཅས་ཀྱི་གོ་རིམ་གཞིར་བཟུང་ནས་ལག་བསྟར་བྱས་ཡོད’ཀུན་གྱིས་ཐུན་མོང་ཐོག་བློ་བཟང་བྱང་ཆུབ་སོགས་མི་སྣ8རང་བབ་དང་མཚུངས་པར་བོད་བརྒྱུད་ནང་བསྟན་གྱི་ཡོངས་འཛིན་གྱི་གོ་མིང་གི་རིམ་པར་དཔྱད་བསྡུར་གཏན་འབེབས་བྱས་པ་རེད། ཕྱོགས་མཚུངས་སྔོན་ཚུད་ནས་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཡོངས་འཛིན་གོ་མིང་་ཐོབ་ཐང་བླངས་ཟིན་པའི་མི་སྣར་རང་བབ་ཐོག་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་ཡོངས་འཛིན་གོ་མིང་དབང་བ་ཡིན། ཚོགས་འདུ་གྲོལ་རྗེས། མཚོ་སྔོན་ཞིང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་སྐོར་གཟིགས་པ་དང་། སློབ་གླིང་གི་ཏང་ཨུ་ཧྲུའུ་ཅི་དཀོན་མཆོག་གིས་གླིང་གཙོ་རིན་ཆེན་རྣམ་རྒྱལ་དང་སློབ་གླིང་ཡོངས་ཀྱི་ལས་བཟོ་ལས་བྱེད་ཚོའི་ཚབ་ཞུས་ཏེ། དཔྱད་ཞིབ་ཨུ་ཡོན་ཚོའི་རོགས་རམ་དང་རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཡོངས་འཛིན་གོ་མིང་ཐོབ་པའི་བླ་ཆེན་རྣམས་ལ་གུས་བརྩེའི་རྟེན་འབྲེལ་ཞུས་ཤིང་། དཀར་གཙང་ཁ་བཏགས་སྒྲོན་པ་རེད”ཅེས་ངོ་སྤྲོད་གནང་བ་རེད།
ཡོངས་འཛིན་གོ་མིང་ཐོབ་པའི་དགེ་བཤེས་ཁག་ཅིག
          ཨོའུ་རྒྱ་ཚང་སྤྲུལ་སྐུས་གསུངས་པར། ཐེངས་འདིའི་ཡོངས་འཛིན་གོ་མིང་འོས་བསྐོའི་ལས་དོན་གྱི་གོ་རིམ་ནན་སྲུང་དང་། སྒྲིག་ལམ་དོ་ནན། དྲང་པོ་དྲང་གཞག དཔྱད་ཞིབ་ཨུ་ཡོན་གྱི་ཆུ་ཚད་མཐོ་བ། སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཟབ་པ་བཅས་ཀྱིས་མཚན་བསྐོའི་ལས་དོན་ལ་ཞུགས་པའི་གྲྭ་དམངས་ཀྱི་ཁས་ལེན་དང་སློབ་གླིང་ཡོངས་ཀྱི་དགེ་སློབ། ཐ་ན་སྤྱི་ཚོགས་ཐོག་ནས་ཀྱང་བསྔགས་བརྗོད་ཐོབ་ཡོད་ལ། ད་ཐེངས་ཀྱི་དཔྱད་ཞིབ་ལས་དོན་གྱིས་ནང་བསྟན་སློབ་གླིང་གི་ཡོངས་འཛིན་གོ་མིང་དཔྱད་བསྐོ་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་ཡོང་རྒྱུར་ཕན་པ་གདགས་སྲིད་ཅེས་དང་། ཁོང་ནས། “ཁོ་བོ་རིམ་པ་དང་པོའི་ཡོངས་འཛིན་དཔྱད་འདེམས་གནང་པར་དགའ་སྤྲོ་ཤིན་ཏུ་ཆེ། འདི་ནི་རང་ཉིད་ཀྱིས་ནང་པའི་བཀའ་དང་དགོངས་འགྲེལ་ལ་སློབ་སྦྱོང་བྱས་པའི་ཞིབ་བཤེར་ཐེངས་གཅིག་བྱས་པ་དང་མཚུངས་ཤིང་། ཕྱིན་ཆད་ཁོ་བོས་སྔར་བས་ལྷག་པའི་སྒོ་ནས་ནུས་ཤུགས་བསྐྱེད་དེ་ནང་པའི་གྲྭ་པ་ཡོན་ཏན་ཅན་གསོ་སྐྱོང་སླད་དུ་ལེགས་སྐྱེས་དབུལ་རྒྱུ་ཡིན”ཞེས་གསུངས། 
ཚོགས་ཞུགས་པ་རྣམས་ཀྱི་མཉམ་པར།
འབྲེལ་ཡོད་རྩོམ་ཡིག