ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

སྐུ་ཞབས་འཇམ་དཔལ་བློ་བཟང་མཆོག་གིས་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ལ་པེ་ཅིང་སྤར་མའི་དཔེ་རྙིང་གླེགས་བམ་ཉི་ཤུ་ལྷག་ཞལ་འདེབས་སུ་འབུལ་བའི་མཛད་སྒོ་པེ་ཅིང་དུ་བསྡུས་པ།

2017-06-01 འཇམ་དཔལ།
          སྤྱི་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན། ལོའོ་ཉིང་ཞིང་ཆེན་ཧྥུ་ཞིན་གྲོང་ཁྱེར་སྲིད་གྲོས་ཀྱི་ཨུ་ཡོན་དང་། ལོ་རྒྱུས་ཡིག་ཚགས་ཁང་གི་དབུ་འཛིན་དང་ཞིབ་འཇུག་པ་སྐུ་ཞབས་འཇམ་དཔལ་བློ་བཟང་(ཧེའེ་ཁྲུན་ཧྲང་)མཆོག་གིས་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་ལ་པེ་ཅིང་སྤར་མའི་དཔེ་རྙིང་གླེགས་བམ་ཉི་ཤུ་ལྷག་ཞལ་འདེབས་སུ་འབུལ་བའི་མཛད་སྒོ་དེ་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་འཚོགས་པ་རེད།
ཞལ་འདེབས་སུ་ཕུལ་བའི་པེ་ཅིང་པར་མའི་གནའ་དཔེ།
          ཐེངས་འདིའི་མཛད་སྒོའི་སྟེང་བོད་ལྗོངས་སློབ་གྲྭ་ཆེན་མོ་དང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས། པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་ཀྱི་ཆེད་ལས་ཞིབ་འཇུག་པ་ཁག་ཅིག་འཛོམས་ཡོད།

          བོད་ལྗོངས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་གི་དབུ་འཛིན་གཞོན་པ་ཧྥན་ཧེ་ཕེན་གྱིས་སྐུ་ཞབས་འཇམ་དཔལ་བློ་བཟང་ལགས་ལ་ཞལ་འདེབས་འབྱོར་ཡིག་སྤྲོད་བཞིན་པ།

          བོད་ལྗོངས་སློབ་གྲྭ་ཆེན་མོའི་དཔེ་རྙིང་ཞིབ་འཇུག་ཁང་གི་དབུ་འཛིན་སྐ་བ་ཤེས་རབ་བཟང་པོས་སྐུ་ཞབས་འཇམ་དཔལ་བློ་བཟང་ལགས་ལ་གདན་ཞུས་ཞིབ་འཇུག་པའི་དཔང་ཡིག་ཕུལ་བཞིན་པ།
          བོད་ལྗོངས་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་གི་དབུ་འཛིན་གཞོན་པ་ཧྥན་ཧེ་ཕེན་གྱིས་ཚོགས་འདུར་མདོ་འཛིན་གནང་ཞིང་། ཚོགས་ཐོག་ཏུ་སྐུ་ཞབས་འཇམ་དཔལ་བློ་བཟང་ལགས་ཀྱིས་ཐེངས་འདིའི་ཞལ་འདེབས་ཀྱི་དགོས་པ་དང་དམིགས་ཡུལ་གྱི་ཐད་ནས་གླེང་མོལ་གནང་བ་དང་། ཧྥན་ཧེ་ཕེན་གྱིས་སློབ་གྲྭའི་བཀའ་མངགས་བཞིན་ཁོང་ལ་ཞལ་འདེབས་འབྱོར་སོན་གྱི་དཔང་ཡིག་དང་སྐུ་དྲིན་མཚོན་བྱེད་ཀྱི་ལག་སྐྱེས་སོགས་ཕུལ།
ཚོགས་ཞུགས་ཆེད་ལས་ཞིབ་འཇུག་པས་དཔེ་རྙིང་ལ་གཟིགས་ཞིབ་གནང་བཞིན་པ།
ཚོགས་ཞུགས་མི་སྣའི་ལྷན་པར།
          མཛད་སྒོའི་སྟེང་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གི་དབུ་འཛིན་དང་ཞིབ་འཇུག་པ་སྐུ་ཞབས་ཤེས་རབ་བཟང་པོས་ཐེངས་འདིར་ཞལ་འདེབས་ཕུལ་བའི་དཔེ་རྙིང་རྣམས་ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཞིའི་སྲིད་རིང་ནས་ཀོང་ཞུས་སྲིད་མཇུག་བར་པེ་ཅིང་ས་ཁུལ་དུ་པར་བརྐོ་གནང་བའི་སྤར་མའི་དཔེ་ཆ་ཡིན་ལ། ད་ལྟ་བོད་ཁམས་སུ་སྤར་མའི་དཔེ་གཞི་འདིའི་རིགས་ཧ་ཅང་དཀོན་པོ་ཡིན་ཚུལ་དང་། དཔེ་རྙིང་དེ་དག་གི་དཔེ་གཞིའི་རིན་ཐང་དང་རིག་དངོས་ཀྱི་རིན་ཐང་ཐད་གདེངས་འཇོག་མི་དམན་པ་གནང་བ་དང་ཆབ་ཅིག་སྐུ་ཞབས་འཇམ་དཔལ་བློ་བཟང་ལགས་ལ་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གི་གདན་ཞུས་ཞིབ་འཇུག་པའི་དཔང་ཡིག་ཕུལ། མཇུག་མཐར་ཚོགས་ཐོག་ཏུ་ཕེབས་མཁན་གྱི་ཞིབ་འཇུག་པ་རྣམ་པས་པེ་ཅིང་སྤར་མའི་དཔེ་རྙིང་ལ་གཟིགས་ཞིབ་དང་དེའི་སྐོར་གྱི་རིག་གཞུང་བསམ་བློ་བརྗེ་རེས་ཀྱི་གླེང་མོལ་དང་བཅས་ཐེངས་འདིའི་མཛད་སྒོ་མཇུག་སྒྲིལ་བར་བྱས་སོ།།
འབྲེལ་ཡོད་རྩོམ་ཡིག