ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བོད་ལྗོངས་ནག་ཆུར། རྐོ་འདྲུའི་འཕྲུལ་འཁོར་དང་ཞོག་ཁོག་གི“གྲོང་གཅིག་ཇུས་གཅིག”གིས་དབུལ་སྒྲོལ་འགག་སྒྲོལ་ལ་གཞོགས་འདེགས་མཛད་པ།

2018-06-29 བཀྲ་རྒྱལ་གྱིས་བསྒྱུར།
              ཀྲུང་གོའི་བོད་ལྗོངས་དྲ་བར་གནས་ཚུལ་འབྱོར་གསལ། གལ་ཏེ་བོད་ལྗོངས་ནི“འཛམ་གླིང་གི་ཡང་རྩེ”ཡིན་ཚེ། ཆ་སྙོམས་ས་བབ་མཐོ་ཚད་སྨི4500ཡན་གྱི་ནག་ཆུ་ས་ཁུལ་ནི“འཛམ་གླིང་ཡང་རྩེ” སྟེང་གི“ཡང་རྩེ་”དེ་ཉིད་ཡིན་སྲིད། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་སོག་རྫོང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དབུལ་སྐྱོར་ལས་དོན་དེ་རྨང་བརྟན་དམངས་ཕན་གྱི་ལས་དོན་གལ་ཆེན་ཞིག་ཏུ་བཟུང་ནས། “ཕྱོགས་ཡོངས་ནས་བཅར་འདྲི་དང་དུད་ཚང་གཅིག་ཀྱང་མ་ལུས་པའི”རྩ་དོན་གཞིར་བཟུང་ཐོག ཞིང་སའི་ནང་དུ་བསྐྱོད་དེ་མང་ཚོགས་དང་ངོ་ཐུག་གདོང་འཕྲད་ཀྱིས་བསམ་ཕྱོགས་བརྗེ་རེས་གནང་པ་དང་། “གྲོང་ཚོ་རེར་ཐབས་ཇུས་རེ་དང་། དུད་ཚང་རེར་བྱེད་ཐབས་རེའི”དབུལ་སྐྱོར་ལས་ཀའི་བསམ་ཕྱོགས་ལྟར་སོག་རྫོང་གི་ཁྱད་ཆོས་ལྡན་པའི་དབུལ་ཐར་ཕྱུག་འགྱུར་གྱི་ལམ་བུ་ཞིག་གཏོད་ཡོད་པ་རེད།
རྐོ་འདྲུའི་འཕྲུལ་འཁོར་ཞིག་གསོ་བྱེད་ཀྱིན་པ།
རྐོ་འདྲུའི་འཕྲུལ་འཁོར་གྱིས་བསམ་ཕྱོགས་གསར་པ་གཏོད་ནས་མང་ཚོགས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པར་རོགས་འདེགས་བྱས།
              གྲོང་ཚོ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཆེ་རུ་གཏོང་རྒྱུ་འཚོལ་ཞིབ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཐབས་ལམ་གུ་དོག་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་ཆེད། ཁུག་པ་གྲོང་ཚོའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་རེ་འདུན་དང་བསྟུན་པ་དང་། གྲོང་ཚོའི“ཨུ་ལྷན་གཉིས” ཀྱི་ཚན་པའི་གྲོས་གཞི་བཏོན་པ་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཁོངས་མིས་གྲོས་མོལ་བྱེད་པ། ཏང་ཡོན་ཚོགས་ཆེན་ཐོག་གྲོས་ཞིབ་གནང་པ། གྲོང་མིའི་འཐུས་མིའི་ཚོགས་ཆེན་གྱི་ཆོད་དོན་སོགས་རིམ་པ་བརྒྱུད་མཐར། “རྨང་བརྟན་དམངས་ཕན”གྱི་མ་དངུལ་བེད་སྤྱོད་གང་ལེགས་གནང་ཐོག མངགས་བཏང་ལས་ཁུངས་དང་དེ་བཞིན་ཤང་ཏང་ཨུད་སྲིད་གཞུང་གི་རོགས་རམ་དང་རྒྱབ་སྐྱོར་ཤུགས་ཆེན་འོག  ཐབས་ལམ་མང་པོ་བརྒྱུད་མ་དངུལ་ཕྱོགས་བསྡུས་བྱས་ཏེ2017ལོར་རྐོ་འདྲུའི་འཕྲུལ་འཁོར་ཆེ་གྲས་གཅིག་མངགས་ཉོ་བྱས་ནས་ཆེད་དུ་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རྒྱུར་རོགས་རམ་གནང་པ་རེད།
གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་འཚམས་འདྲིའི་དངུལ་སྤྲད་རྗེས་ལྷན་དུ་དྲན་རྟེན་མཉམ་པར་ཡང་བསྐྱོན།
              རྐོ་འདྲུའི་འཕྲུལ་འཁོར་སྤྱོད་འགོ་བཙུགས་ཚུན་དུ། ཁུག་པ་ཤང་ཏང་ཨུད་དང་སྲིད་གཞུང་དང་། དེ་བཞིན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ“ཨུ་ལྷན་གཉིས” ཀྱི་ཨར་ལས་རྣམ་གྲངས་ལ་རོགས་རམ་འབྲེལ་མཐུད་ཧུར་ཐག་བྱས་ཏེ། ཁུག་པ་གྲོང་ཚོའི་རྐོ་འདྲུའི་འཕྲུལ་འཁོར་གྱི་དཔལ་འབྱོར་ཁེ་ཕན་ཆེ་ཤོས་ཅན་དུ་འགྱུར་བར་གཞི་རྩའི་འགན་སྲུང་འདོན་སྤྲོད་བྱས་ཡོད། རྐོ་འདྲུའི་འཕྲུལ་འཁོར་གྱིས་ཁུག་པ་གྲོང་ཚོའི་ཞིང་འབྲོག་མང་ཚོགས་ལ་དཔལ་འབྱོར་ཁེ་ཕན་ལོན་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་བའི་དུས་མཚུངས་སུ། ཁོམ་ལོང་གི་དུས་སྐབས་སུ་ད་དུང་ཁུག་པ་གྲོང་ཚོ་དང་ཉེ་འགྲམ་གྲོང་ཚོའི་ཁྱིམ་ཚང་གི་ཐོན་སྐྱེད་བཟོ་སྐྲུན་ལ་སྟབས་བདེའི་ལམ་བུ་བསྐྲུན་པ་དང་། རྐོ་འདྲུའི་འཕྲུལ་འཁོར་ལ་བརྟེན་ནས་ཞིང་པའི་ཡོང་འབབ་འཕར་བར་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་རེད། 2017 ལོར། རྐོ་འདྲུའི་འཕྲུལ་འཁོར་ལ་ལོ་གཅིག་ཙམ་རིང་ཁེ་སྤོགས་ཁེར་གཙང་གི་སྒོར་ཁྲི23ཡོད་པ་དང་། གྲོང་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་གྲོང་ཚོ་ཡོངས་ཀྱི་མི་འབོར་ལྟར་ཆ་སྙོམས་བགོ་བཤའ་བརྒྱབ་ནས་ཁྱིམ་ཚང་དབུལ་པོ26 ལ་འཚམས་འདྲིའི་དངུལ་ཚད་བརྒལ་ངང་སྤྲད་པ་རེད།
གྲོང་མིས་འཚམས་འདྲིའི་དངུལ་ལེན་བཞིན་པ།
              “རྐོ་འདྲུའི་འཕྲུལ་འཁོར་འདིར་དངོས་གནས་སྤྱོད་སྒོ་མི་ཉུང་བ་ཞིག་ཡོད་ལ། བྲེལ་དུས་ཡོང་འབབ་སྒོར་མོ་བཙལ་ཐུབ་པའི་ཁར་ཁོམ་ལོང་བྱུང་དུས་ད་དུང་ང་ཚོར་སྟབས་བདེ་ལམ་བུ་བཟོ་ཐུབ ‘ཕྱུག་པོར་འགྱུར་འདོད་ན་ཐོག་མར་ལམ་བཟོ་དགོས།’  རྐོ་འདྲུའི་འཕྲུལ་འཁོར་འདིས་ཐོན་སྐྱེད་འཕྲུལ་འཁོར་བསྐྱོད་མི་བདེ་བའི་ལོ་རྒྱུས་མཇུག་སྒྲིལ་པ་རེད།  ལོ་མཇུག་ཏུ་སླེབས་དུས་ད་དུང་ཡོང་འབབ་ཡོད་པས་འཚོ་བ་ནི་དངོས་གནས་ཉིན་རེ་ནས་ཉིན་རེ་བཞིན་ཇེ་སྐྱིད་རེད” ཅེས་འཚམས་འདྲིའི་དངུལ་ལེན་བཞིན་དབུལ་ཕངས་ནོར་བུ་ཚེ་རིང་གིས་སེམས་འགུལ་ཐེབས་པའི་སྒོ་ནས་དེ་སྐད་བཤད་བྱུང་ལ།  ཁོའི་རྒྱབ་ལོགས་སུ་འཚམས་འདྲིའི་དངུལ་ལེན་དུ་ཡོང་མཁན་དབུལ་པོ་ཁྱིམ་ཚང་མི་ཉུང་བ་ཞིག་ཡོད་ལ་དེ་དག་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས་འདུག
གྲོང་མིས་ཞོག་ཁོག་ལ་གཙང་དག་བྱེད་བཞིན་པ།
ཚན་རིག་གི་ཞོག་ཁོག་འདེབས་འཛུགས་ལག་རྩལ་ལ་མཐོང་ཆེན་བྱས་ཏེ་ཞོག་ཁོག་གི་ནུས་སྟོབས་ཆེ་རུ་གཏོང་པ།
              སོག་རྫོང་དཀར་མོ་ཤང་དཀར་མོ་དབང་གྲོང་ཚོ་ནི་སོག་རྫོང་གི་ཤར་ལྷོ་རྒྱུད་ཀྱི་ཤར་རྒྱལ་མོ་རྔུལ་ཆུའི་ལུང་ཁོག་ཡར་ལ་རི་ཁུལ་དུ་ཆགས་ཡོད་ཅིང་། སོག་རྫོང་རྫོང་མཁར་དང་བར་ཐག་སྤྱི་ལེ260ཡོད་པ་དང་། ཆ་སྙོམས་ས་བབ་མཐོ་ཚད་སྨི4000རེད་ལ། ཐག་རིང་ལུང་ཁུག་དུ་ཆགས་ཤིང་གནམ་གཤིས་རྩུབ་ལ་ཐོན་ཁུངས་དཀོན་པ་དང་། དཔལ་འབྱོར་འཕེལ་རྒྱས་ཅུང་རྗེས་ལུས་ཡིན་པ། གྲོང་ཚོ་ཡོངས་ལ་ཁྱིམ་ཚང69 ཞིང་འབྲོག་པའི་མང་ཚོགས371 ཡོད་པ་རེད།
              ཞིང་འབྲོག་མང་ཚོགས་ཀྱི་ཞིང་ལས་དངོས་སྤྱོད་ལག་རྩལ་ཆུ་ཚད་མཐོར་འདེགས་གཏོང་པ་དང་། དཀར་མོ་ཤང་གི་ཞིང་ལས་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱེད་པ། ཞིང་འབྲོག་མང་ཚོགས་ཀྱི་འདེབས་འཛུགས་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཆེད། གྲོང་ཚོ་ཨུ་ལྷན་གྱིས་གཞིས་རྩེ་ས་གནས་དེ་གའི་འདེབས་འཛུགས་ལག་རྩལ་མཁས་པ2་གདན་འདྲེན་ཞུས་ནས་གྲོང་མི་རྣམས་ལ་ཞོག་ཁོག་གི་འདེབས་འཛུགས་ལག་རྩལ་ཐད་སློབ་སྟོན་གནང་པ་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རོགས་རམ་འོག ལག་རྩལ་པས་འགན་འཁུར་བའི་ངང་འགྲེལ་བཤད་རྒྱག་པ། གྲོང་མི་རྣམས་ཀྱིས་དེ་བས་ནན་ཏན་གྱིས་ཉན་པ་དང་། འགྲེལ་བཤད་རྒྱག་པ་དང་དངོས་སུ་ལག་ལེན་བྱེད་པ། པའི་དྲི་བར་ལན་རྒྱག་པ་སོགས་ཀྱི་སློབ་ཁྲིད་བྱེད་་ཐབས་བེད་སྤྱོད་གནང་ཡོད་པ་རེད།
གཞིས་རྩེ་དཔེ་སྟོན་འདེབས་འཛུགས་ལག་རྩལ་མཁས་པས་ཞོག་ཁོག་འདེབས་ཚུལ།
              ཐོག་མའི་སློབ་སྟོན་ནི་ཞིང་པ་དབུལ་པོ་བློ་བསྟན་ཚང་གི་ཞིང་ནང་དུ་གནང་པ་ཡིན་ལ། གྲོང་མི་ཚང་མ་ནང་ཞུགས་བྱས་ཏེ་ཧུར་ཐག་གིས་སློབ་སྦྱོང་བྱས་འདུག  བློ་བསྟན་གྱིས་ནན་ཏན་སྒོས་སློབ་ཁྲིད་ལ་གསན་ནས་གསར་འགོད་པར“ ད་ཆར་འཚོ་བ་ཉིན་རེ་ལས་ཉིན་རེར་ཡག་པོ་ཡིན་ལ། གུང་ཁྲན་ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེང་ཆར་འཚོ་བ་ཇེ་ལེགས་སུ་ཆེས་ཆེར་ཕྱིན་པ་ཡོད་དེ། དེ་ནི་སྤྱི་ཚོགས་རྙིང་པ་དང་བསྡུར་ན། ད་ལྟའི་དབུལ་ཕོངས་ཚང་མ་ནི་དབུལ་ཕོངས་མིན་ཏེ། དབུལ་ཕོངས་དང་གདོང་འཕྲད་སྐབས། ང་ཚོས་བསམ་བློའི་ཐོག་དབུལ་སྒྲོལ་བྱེད་དགོས་ཤིང་། རང་གི་དཀའ་སྤྱད་སྙིང་རུས་ཀྱི་ལག་གཉིས་ལ་བསྟེན་ནས་གཏན་འཇགས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་དགོས་པ་རེད”ཅེས་ཟེར།
              དཀར་མོ་ཤང་དཀར་མོ་དབང་གྲོང་ཚོའི་གྲོང་མིའི་ཨུ་ལྷན་གཉིས་ཀྱིས་གྲོང་མིར་ཞོག་ཁོག་ས་བོན་སྣོད73 དང་། སྐྱེ་ལྡན་ལུད་སྣོད75 སྤྲད་པ་དང་།དུད་སྦྲེལ་ཁྱིམ་ཚང་སྡེ་ཚན་དུ་བྱས་པའི་གཉེར་སྐྱོང་ཐོན་ལས་ནི་དུད་སྦྲེལ་ཁྱིམ་ཚང་ཕྱོགས་གསུམ་པར་ས་བོན་ཞོག་ཁོག་ཁུག་མ་ལྔ་སྤྲད་པ་དང་། གྲོང་ཚོའི་མཉམ་ལས་ཁང་ལ་ཞོག་ཁོག་ཁུག་མ་ས་བོན10 སྤྲོད་པ། དཀར་མོ་ཤང་དཀར་མོ་དབང་གྲོང་ཚོས་འདི་ལོའི་ཟླ་བ་བཞི་པ་ནས་འགོ་བརྩམས་ནས་བཟུང་ཕྱོགས་ཡོངས་ནས་ཞོག་ཁོག་འདེབས་འཛུགས་ཁྱབ་སྤེལ་གནང་པ་དང་། འཆར་གཞི་ལྟར་ན་ཁ་ཐོར་འདེབས་འཛུགས་དང་མཉམ་ལས་ཁང་གིས་ཐུན་མོང་བསྡུས་ནས་ཕྱིར་འཚོང་བྱེད་ཐབས་ཀྱིས་ཞོག་ཁོག་འདེབས་འཛུགས་ཐོན་ལས་གཉེར་སྐྱོང་སྟེ་མང་ཚོགས་ཡོང་འབབ་འཕར་སྣོན་བྱུང་པ་རེད།
གཞིས་རྩེ་འདེབས་འཛུགས་ལག་རྩལ་མཁས་པས་འདེབས་འཛུགས་ལག་རྩལ་དཔེ་སྟོན་གནང་བཞིན་པ།
              ཞོག་ཁོག་འདེབས་འཛུགས་ལས་དོན་སྤེལ་བ་དེས་དཀར་མོ་ཤང་གིས་རིམ་པ་རྗེས་མར་ངལ་ནུས་ཕྱིར་གཏོང་དང་ངལ་རྩོལ་ནུས་ཤུགས་སྤོ་བསྒྱུར་ལས་ཀར་རྨང་གཞི་བཏིང་བ་དང་ཉམས་མྱོང་གསོག་འཇོག་བྱས་ཤིང་། དུས་མཚུངས་སུ་མང་ཚོགས་ཁ་ཤས་རྨོ་འདེབས་ཕྱུག་འཚོ་སྤོང་བའི་ཐལ་སྐྱོད་བསམ་བློར་བཅོས་སྒྱུར་བྱས་ཏེ། ཚད་ངེས་ཅན་ཐོག་མང་ཚོགས་ཀྱིས་རྩོལ་བ་མེད་པར་འབྱོར་འབྲིང་ལ་སྒུག་པའི་གཤིས་ངན་བཅོས་སྒྱུར་བྱས་པ་རེད།
              ལམ་ཁར་འདིར། བོད་རང་སྐྱོང་ལྗོངས་སོག་རྫོང་དུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་དམངས་ཀྱི་དགོས་མཁོ་དང་དམངས་འཚོ་དེ་གཞི་འཛིན་ས་བྱས་ནས། ཆུང་ས་དང་བྱ་བ་ཙག་ཙིག་ནས་འགོ་བཙུགས་ཏེ། ལས་དོན་དངོས་སུ་སྒྲུབ་པ་དང་བྱ་བ་བཟང་པོ་སྒྲུབ་ནས་དཀའ་གནད་སེལ་ཞིང་མང་ཚོགས་བར་གྱི་འབྲེལ་བ་སྔར་ལས་ཇེ་དམ་དུ་བཏང་པ་ད་ང། མང་ཚོགས་བར་གྱི་བརྩེ་དུང་ཇེ་ཟབ་ཏུ་ཕྱིན་ནས་མང་ཚོགས་ཀྱིས་བསྔགས་བརྗོད་དང་རྒྱབ་སྐྱོར་ཐོབ་ཡོད་པ་རེད།   
འབྲེལ་ཡོད་རྩོམ་ཡིག