ཉེ་སྔོན་ནས་དྲ་ལམ་དུ་བྱིས་པའི་ཀློག་དེབ“ཨ་ནུ་དཔེ་ཚོགས”སྐོར་འགྲེམས་སྤེལ་ཞུ་ཉེའི་སྐོར་མང་པོ་ཞིག་གིས་བརྒྱུད་བསྐུར་བྱེད་བཞིན་འདུག་པར་དགའ་སྤྲོ་དང་བཅས། ངས་ཀྱང་“བདག་གིས་ཡུན་རིང་རེ་ཞིང་སྒུག་པའི་དཔེ་དེབ་འདི་དངོས་སུ་ཚོར་རར་བཀྲམས་པར་རྟེན་འབྲེལ་ཞུ།” ཞེས་སྐད་འཕྲིན་གྱི་བར་སྟོང་ལ་བཞག ཁར་ཉིན་རེབ་གོང་གི་ཐོན་མིའི་རིག་གནས་དཔེ་ཁང་དུ་སོང་ནས་གཉའ་ཁྲི་བཙན་པོ་དང་དུས་གཅིག་ཏུ་ཐོན་པའི་དཔེ་ཆ་འགའི་ཁ་མ་ཕྱེས་པར་ཉོས་པ་ཡིན། དེ་ལྟར་ཉོ་དོན་ནི་དེ་སྔ་ནས་མཐོང་བའི་ཁྱབ་བསྒྲགས་སོགས་ཀྱིས་ངའི་ཀླད་པ་བཀྲུས་ཡོད་པ་དང་དཔེ་དེབ་དེ་དག་བསྒྱུར་མཁན་མང་ཤོས་ལ་རང་ཉིད་དགའ་མོས་ཡོད་པས་རེད། གཞན་ཡང་ངས་མི་རིགས་འདིར་ལྷག་བསམ་སྙིང་བཅངས་བྱེད་མཁན་གྱི་སྐྱེ་བོ་དེ་དག་ལ་རྒྱབ་སྐྱོར་གྱི་ཆེད་ཡིན་ལབ་ནའང་ཆོག
ཁར་ཉིན་དགོང་མོ་ཉིན་དེར་ཉོས་པའི་དཔེ་དེབ་དག་གི་དཔར་རིས་སྐད་འཕྲིན་གྱི་བར་སྟོང་ལ་བཞག་པ་ཡིན་ལ། དཔེ་ཆ་དག་གི་དཀར་ཆག་ལ་རོབ་ཙམ་བལྟས་རྗེས། གཉའ་ཁྲི་བཙན་པོ་ཞེས་པའི་བྱིས་པའི་ཀློག་དེབ་དེ་ཞིབ་ཀློག་བྱས། དེ་ཡང་ཡུན་རིང་ཡིད་དུ་བརྣག་པའི་བྱ་བ་ཞིག་འགྲུབ་འདུག་སྙམ་པའི་དགའ་སྤྲོས་དེད་ཡོང་བ་རེད།
ཨ་ནུ་དཔེ་ཚོགས་ལས་གཉའ་ཁྲི་བཙན་པོ་ཞེས་པའི་བརྙན་རིས།
ལོ་ངོ་དུ་མའི་རིང་ལ་བྱིས་པའི་སློབ་གསོའི་སྐོར་ལ་དོ་སྣང་ཙམ་མ་ཡིན་པར་དེའི་སྐོར་གྱི་ལས་ཀ་གང་ནུས་ཤིག་བྱས་ཡོང་བའི་ཁྲོད་ཀྱི་དཀའ་ངལ་གཅིག་ནི། ང་ཚོར་བྱིས་པའི་བློ་ཁ་དང་འཚམས་པའི་དཔེ་དེབ་མེད་པ་མ་ཟད། དེའི་སྐོར་ལ་དོ་སྣང་བྱེད་མཁན་ཡང་མེད་པས་ཐབས་ཟད་འུ་ཐུག་དང་བཅས་ཡིག་ངོར་ཕབ་པའི་གནའ་སྒྲུང་རེ་ཟུང་དང་། བྱིས་པའི་ཀློག་དེབ་བོད་འགྱུར་མ་འགའ་རེ་ཡོད་པ་དག་ཐབས་འཚོལ་བྱེད་པ་སོགས་ལ་ཧུར་བརྩོན་མི་དམན་པ་བྱས་པ་དེ་ལྟར་ན་ཡང་། མང་པོ་ཞིག་ལག་ཏུ་མ་སོན། ལྷ་སའི་ཕྱོགས་ནས་རྩོམ་སྒྲིག་གནངས་པའི་དཔེ་དེབ་རེ་ཟུང་མཐོང་བ་ལྟར་འདྲ་རིས་ཀྱི་ནང་དོན་དང་ཡི་གེའི་མང་ཉུང་ཤིན་ཏུ་རན་པར་འདུག་ན་ཡང་ཕལ་སྐད་ཀྱི་དབང་བཙན་པར་བྱས་འདུག་པས་ཨ་མདོའི་ཕྱོགས་ནས་བེད་སྤྱོད་བྱེད་བདེ་མ་བྱུང་། ཀུན་ལ་ཡོད་པའི་དཀའ་ངལ་འདི་ཉིད་རང་ཉིད་སྒེར་གྱི་སེམས་ངལ་ལྟ་བུ་ཞིག་ཏུ་གྱུར་ཏེ། ནུབ་གླིང་གི་བྱིས་སྒྲུང་རྩོམ་པ་པོ་གྲགས་ཅན“སུའུ”དང་“ཁྲོམ་མེ”སོགས་ཀྱི་དཔེ་དེབ་རེ་ཟུང་ཐབས་འཚོལ་གྱིས་བོད་ཡིག་ཏུ་བསྒྱུར་རྒྱུ་བྱས་ན་ཡང་སློབ་གྲྭ་ཚོགས་དུས་རིང་ལས་བྲེལ་ཆེ་བ་དང་། གུང་གསེང་སོགས་ཀྱི་སྐབས་སུ་སྒྱིད་ལུག་གི་དབང་དུ་འཕྱན་ཏེ་ལས་ཀ་དེ་ཐོག་མའི་དམིགས་ཡུལ་ལྟར་གྱི་དུས་ཚོད་ལྟར་ཡོངས་སུ་མ་འགྲུབ་པར་ད་དུང་ཡིད་ཕངས་ནས་ཡོད་ཀྱང་། ལས་ཀ་དེ་སེམས་ནས་ཡོངས་སུ་འབོར་མ་ཐུབ་པར་ལུས།
ན་ནིང་ཨ་རིར་སོང་ནས་ཚོང་ལས་དང་བྱིས་པའི་སློབ་གསོའི་སྐོར་ལ་སློབ་སྦྱོང་ཨེན་ཙམ་བྱེད་སྐབས། རྒན་པདྨ་འབུམ་དང་འཕྲད་པའི་གོ་སྐབས་བྱུང་། སྐབས་དེར་བོད་རིགས་བྱིས་པའི་ཀློག་དེབ་སྐོར་གྱི་དཀའ་ངལ་གླེང་སྐབས་ངེད་གཉིས་པའི་བསམ་ཕྱོགས་ཆ་ཧ་ཅང་མཐུན་པར་བརྟེན། བོད་ནང་ནས་བྱིས་པའི་ཆེད་དུ་དམིགས་ནས་རྩོམ་པ་པོ་འགའ་ཐབས་འཚོལ་དང་། དེ་དག་ལ་ཟབ་སྦྱོང་སོགས་སྤྲོད་ཐུབ་ན་ལེགས་རབ་ཀྱི་སྐད་ཆ་ཞིག་བྱུང་དོན་བཞིན། རང་ཉིད་དང་འབྲེལ་ཡོད་ཀྱི་གྲོགས་པོ་རེ་འགར་བྱིས་སྒྲུང་འབྲི་བར་དོ་སྣང་ཡོད་མཁན་ཡོད་མེད་སོགས་ལ་རྩད་གཅོད་ཀྱིས་ནུབ་གླིང་ངམ་རྒྱ་ནག་ནང་ཁུལ་ནས་བྱིས་སྒྲུང་འབྲི་མཁན་གྲགས་ཅན་ཞིག་གདན་འདྲེན་གྱིས་བདུན་ཕྲག་གཅིག་གཉིས་རིང་བྱིས་པའི་བློ་ཁར་འཚམས་པའི་རྩོམ་ཡིག་འབྲི་སྟངས་སྐོར་ལ་ཟབ་སྦྱོང་ཞིག་སྤྲོད་ཐུབ་ན་བསམ་སོང་མོད། ང་དང་འབྲེལ་ཡོད་ཀྱི་མི་མང་པོ་ཞིག་ནི་སྙན་ངག་འབྲི་བར་སྤྲོ་བའམ་ཡང་ན་རང་དབང་རིང་ལུགས་སྐོར་ལ་མོས་པ་སོགས་ལས་ངའི་དམིགས་ཡུལ་བཞིན་གྱི་རྩོམ་ཡིག་འབྲི་མཁན་ཞིག་ལག་ཏུ་མ་རེག་པས་གོང་གི་བསམ་ཚུལ་དེ་བློ་ཕམ་དང་བཅས་གནས་སྐབས་རིང་ཅམ་འཇོག་བྱེད་དགོས་པར་གྱུར་ན་ཡང་། དམིགས་ཡུལ་དེ་རྩ་བ་ནས་བརླག་མེད།
འདི་ལྟར་བྱིས་དེབ་སྐོར་ལ་དོ་སྣང་བྱས་དང་བྱེད་མུས་ཀྱི་སྐབས་སུ། ཨ་ནུ་དཔེ་ཚོགས་ཞེས་པ་ཞིག་མི་འགྱངས་བར་བོད་ཁམས་སུ་འགྲེམས་རྒྱུ་ཡིན་ཚུལ་ཐོས་པ་མ་ཟད། དེ་ཉིད་བྱིས་པ་དག་གི་ཆེད་དུ་རྩོམ་སྒྲིག་གནངས་པའི་བྱིས་པའི་ཀློག་དེབ་སྐོར་ཞིག་ཡིན་པ་ཐོས་པར་ཤིན་ཏུ་དགའ་ནས་དཔེ་དེབ་དེ་འགྲེམས་སྤེལ་དངོས་སུ་བྱེད་པའི་ཉིན་མོ་ལ་རེ་སྒུག་བྱས་བྱས་པའི་མཐའ་མ་སྟེ། ཁ་སང་རེབ་གོང་གི་ཐོན་མིའི་རིག་གནས་དཔེ་ཁང་དུ་འབྱོར་འདུག་པར་བརྟེན། དམངས་ཕན་རིག་མཛོད་ཀྱི་དེབ་བཅུ་གཉིས་པོ་དང་གཉའ་ཁྲི་བཙན་པོ་བཅས་མཉམ་གཅིག་ཏུ་ཉོ་སྐབས་ཨམ་ཕྲག་ཏུ་ཡོད་པའི་སྒོར་མོས་མ་འདང་བར་གྲོགས་པོ་ཞིག་ལ་སྒོར་མོ་གཡར་ནས་དཔེ་ཆ་དེ་དག་དངོས་སུ་ཉོས་པ་ཡིན།
དེ་ཡང་བོད་ཀྱི་རིག་གནས་སྐྱ་ཆད་སྔོ་སྡུག་ཏུ་གྱུར་པ་དང་། ཤེས་ཡོན་པའམ་རྩོམ་པ་པོ། དགེ་རྒན་ཆེན་མོ་ཚོ་དང་བཅས་པ་རྣམ་གྲངས་གཅིག་པུར་མགོ་འཁོར་བའི་ཁ་སང་དེ་རིང་གི་སྐབས་འདིར་ཡིག་སྒྱུར་དང་རྩོམ་སྒྲིག་སོགས་ཀྱི་ཡོན་གང་ལ་ཡང་མ་དམིགས་པར་དུས་ཡུན་རིང་བོར་དཀའ་བ་ཁྱད་དུ་བསད་ནས་དཔེ་དེབ་འདི་དག་བོད་ཀྱི་སྤྱི་ཚོགས་ཁྲོད་བཀྲམས་པ་དེར་དགའ་སྣང་དང་། དཔེ་དེབ་གཅིག་ཡིག་སྒྱུར་དང་རྩོམ་སྒྲིག་ཐད་དཀའ་ངལ་ཅི་ཙམ་ཡོད་པ་རྒྱུས་ཡོད་པའི་ངོས་ནས་ཁོང་ཚོར་སེམས་ཀྱི་གཏིང་ནས་བཀའ་དྲིན་ཆེ་ཞུས་ཤིང་། རང་ལ་བློ་སྐྱེད་སྟེར་མིན་དང་ཀློག་པའི་དུས་ཚོད་ཡོད་མེད་མ་ངེས་ན་ཡང་རང་གིས་ནུས་པ་ནི་དཔེ་དེབ་དེ་དག་བླུས་ཏེ་རྒྱབ་སྐྱོར་བྱེད་རྒྱུ་ལས་མ་འདས་པར་སྙམ་པ་དེ་ཡིན། འདི་ལྟར་རང་རེའི་སྤྱི་ཚོགས་ལ་དམིགས་པའི་བགྱི་སྒོ་གང་ཞིག་གཉེར་དགོས་པ་རང་གི་འགན་འཁྲི་རུ་ཡང་གྱུར་ཡོད་པ་དེ་བཞིན། དཔེ་དེབ་འདི་དག་ས་ཁར་བུད་མ་ཐག་ནས་རང་རང་གིས་ད་ལྟའི་བར་དུ་ལས་དེ་འདྲ་དང་དེ་ལས་ལེགས་པ་སྒྲུབ་ཡོད་མེད་སོགས་ལ་བསམ་གཞིགས་གཏན་ནས་མི་བྱེད་པར། དཔེ་དེབ་དེ་དག་འགྱུར་ལེགས་མིན་སོགས་ལས་འཕྲོས་ཡིག་སྒྱུར་བ་དག་གི་མི་གཞིར་དམའ་འབེབས་སོགས་ཉན་འདོད་མི་འདོད་ཀྱི་རྩོད་ཡིག་བྲག་ཆར་འཁྱིལ་བ་མང་པོ་ཞིག་སླེབས་ནས་ཀུན་པོ་འུར་ཟིང་ངེར་བཏང་སོང་ཡང་། དོན་དངོས་ནས་བཤད་ན་དཔེ་དེབ་འདི་དག་ཡིག་སྒྱུར་བྱེད་མཁན་དག་གི་ངོས་ནས་གང་ནུས་གང་འཇོན་ཞིག་བྱས་ཡོད་པར་ཡིད་ཆེས་པའི་སྟེང་ནས་དཔེ་དེབ་དེ་དག་ཇེ་ལེགས་ཇེ་མཛེས་སུ་གཏོང་བའི་དབང་ཆ་ཡི་གེ་བ་ཚང་མར་དབང་བ་ལས། ཁོང་ཚོ་གཅིག་པུས་སྒྲུབ་དགོས་པ་ཞིག་ག་ལ་ཡིན་མོད། ང་ཚོའི་ཡི་གེ་བ་འགའ་རེ་ནི་རང་གིས་ཅི་ཞིག་འཇོན་གྱིན་པར་བསམ་བློ་ཡེ་ནས་མི་གཏོང་བར་གཞན་གྱིས་གང་ཞིག་བསྒྲུབ་ནས་འགྲུབ་པ་ལ་མིག་ཚ་བའམ་སྙིང་ན་ནས་སྡོད་མི་ཚུགས་པར་དེའི་སྐྱོན་འཚོལ་ཅི་ཐབས་བྱེད་པའི་རིགས་དེས་ནི་ནམ་ཡང་ཕུ་དཀྲུགས་མདའ་དཀྲུགས་བྱེད་པའི་སྦྱོར་བ་ལས་མི་ཤེས་པ་སོགས་མདོར་ན་དེའི་སྐོར་མང་པོ་ཞིག་གླེང་འདོད་ཀྱང་མི་འདུག
འདིར་སྐབས་སུ་བབ་པ་ནི་ཨ་ནུའི་དཔེ་ཚོགས་ལ་གཉའ་ཁྲི་བཙན་པོའི་སྐོར་དེ་ཡིན་པས་དེའི་སྐོར་ནས་ཅུང་ཙམ་སྨྲ་བར་འདོད་པ་དེ་ཡིན་པས་དོན་ཚན་འགར་དབྱེ་ནས་བཤད་ན་འདོད། འདི་ཡང་མ་འོངས་པར་དཔར་འགྱུར་གྱི་དཔེ་དེབ་དག་འདི་ལས་བཟང་བ་དང་ལེགས་པར་བསམ་ནས་བསམ་པ་རྣམ་དག་གིས་བསམ་ཚུལ་ཞིག་འབྲི་འདོད་པ་ནི་ངའི་ཀུན་སློང་ངོ་མ་དེ་ཡིན་པས། འདིའི་ཁྲོད་ཀྱི་སྐད་ཆ་རེ་ཟུང་བེད་སྤྱད་ནས་ལས་གཞི་འདི་གཉེར་གྱིན་པའི་མི་ལྷག་བསམ་ཅན་འདི་དག་ལ་སྐད་ཆ་སྣ་ཚོགས་མི་བཤད་རྒྱུ་ནི་ཐོག་མའི་རེ་བ་ཡིན་ལ། དཔེ་ཀློག་གི་གོམས་གཤིས་ཆེར་མེད་པའི་མི་རིགས་ཀྱི་སོན་རྩ་དག་ལ་དམིགས་ནས་དཔེ་ཚོགས་འདི་བསྒྲུབས་པའི་བཀའ་དྲིན་སྙིང་ལ་བཅངས་ནས་འབྲི་རྒྱུ་ཡིན།
དང་པོ། ལོ་གསུམ་ནས་དྲུག་དབར་གྱི་བྱིས་པས་ཀློག་ཐུབ་པ་ཞིག་མ་རེད།
སྤྱིར་ན་ང་ཚོར་ཆེས་མཁོ་བ་ནི་ལོ་གསུམ་ནས་དྲུག་བར་གྱི་བྱིས་པ་དག་གི་ཀློག་དེབ་དེ་ཡིན་ཡང་། ཨ་ནུ་དཔེ་ཚོགས་ཀྱི་དྲི་བ་ཁག་བཞི་བ་ཞེས་པའི་དྲིས་ལན་དང་པོར། “ཕ་མ་དང་དགེ་རྒན་གྱིས་སྒྲ་དག་གསལ་གསུམ་གྱི་སྒོ་ནས་བཏོན་ཏེ་བྱིས་པར་ཉན་དུ་འཇུག་པ་དང་། དེ་ནས་བརྗོད་བྱ་མདོར་དྲིལ་ནས་གཏམ་རྒྱུད་ཀྱི་ཚུལ་གྱིས་བྱིས་པར་བཤད་པ་དེ་གཙོ་བོ་ཡིན་ལ། སྦྱོར་ཀློག་ཤེས་ཤིང་དོན་ལ་གོ་བ་ལོན་ཐུབ་པའི་བྱིས་པ་དང་གཞོན་ནུ་ཚོས་རང་ལྕོགས་ཀྱིས་བཀླག་ན་འཚམས་”ཞེས་བཤད་འདུག་པ་བཞིན། ཕ་མ་དང་དགེ་རྒན་ཚོས་བྱིས་པའི་ཆེད་དུ་བཀླག་སྟེ་བྱིས་པར་གོ་རུ་འཇུག་པ་ཁོ་ན་ཡིན་ན་ནི་ང་ལ་བསམ་འཆར་དམིགས་བསལ་མང་པོ་མེད་ན་ཡང་། དཔེ་དེབ་འདི་ཤོག་ངོས་ང་གཅིག་དང་། ཐིག་ཕྲེང་མང་སར་བཅུ་དང་ཉུང་སར་ལྔ་འདུག་པ་བཞིན་ཡིག་གྲངས་ཀྱི་ངོས་ནས་མང་སར་བརྒྱ་ནས་བརྒྱ་དང་ལྔ་བཅུ་ལྷག་དང་ཉུང་སར་ལྔ་བཅུ་ནས་དྲུག་ཅུ་བར་འདུག་པ་འདི་བཞིན། ཕ་མ་དང་དགེ་རྒན་གང་ཞིག་གིས་བཀླག་དགོས་ཀྱང་དུས་ཚོད་རིང་པོར་མ་བཀླག་ན་ཚར་བ་ཞིག་མིན་པས་ཀློག་ཐེངས་གཅིག་གིས་ཀློག་དགོས་ཚེ་ལོ་གསུམ་ནས་དྲུག་བར་གྱི་བྱིས་པ་ཞིག་ལ་སུན་སྣང་ཏན་ཏན་སྐྱེ་རྒྱུ་ཡིན་པ་བཞིན། དཔེ་དེབ་མཐུག་དྲག་ཅིང་། ནང་དོན་མང་དྲག་པས་ཕ་མ་དང་དགེ་རྒན་དག་གིས་གཉའ་ཁྲི་བཙན་པོའི་སྐོར་ཆ་ཚང་བཤད་པའི་གོ་སྐབས་འདི་ཤིན་ཏུ་དཀའ། བྱིས་པས་དཔེ་ཆ་ཀློག་སྐབས་ངེས་པར་དུ་ཡོངས་སུ་ཀློག་མི་དགོས་པར་འདོད་པའི་བསམ་ཚུལ་དེ་སྐྱེ་སྲིད་པས་དེ་འདྲའི་ཕན་ཐོགས་པ་ཞིག་ཡིན་རྒྱུ་མ་རེད། ལོ་ན་སོན་པའི་བྱིས་པ་དག་ལ་དམིགས་པ་ཡིན་ན་ནི་ཚོན་ཁྲ་ཅན་གྱི་རི་མོ་སོགས་བཞག་ནས་འགྲོ་སོང་ཕོན་ཆེན་གཏོང་བ་ལ་དགོས་པ་ཆེར་མེད་དོ།།
གཉིས་པ། རི་མོ་དང་ནང་དོན་ཆ་མི་མཚུངས་པས་རི་མོས་ཡི་གེའི་ནང་དོན་ལ་རམ་འདེགས་བྱེད་མི་ཐུབ་པ།
སྤྱིར་ཤོག་ངོས་དྲུག་པ་སོགས་ན་རི་མོས་ཡི་གེའི་ནང་དོན་ལ་རམས་འདེགས་བྱེད་ནུས་པ་རེ་འདུག་ན་ཡང་། ལེགས་ཆའི་སྐོར་ལེགས་ཆར་ཤེས་ནས་བཞག་སྟེ། ཅུང་མ་འདང་ས་དེ་ཅུང་ཟད་བཤད་ན་བསམ། ཤོག་ངོས་ལྔ་བར་གཏམ་རྒྱུད་འདི་མགོ་འཛུགས་སྐབས། མ་ཎི་འཁོར་ལོའི་རི་མོ་ཞིག་བྲིས་འདུག་པ་དང་ལྷན། ལག་གཡས་པས་མ་ཎི་འཁོར་ལོ་སྐོར་ཞིང་། ལག་གཡོན་པས་ཙན་དན་གྱི་ཕྲེང་བ་འདྲེན་ཞོར། མིག་གིས་རྒྱང་རིང་ཞིག་ལ་ལྟ་བཞིན་འདུག་ཅེས་པའི་སྐབས་འདིར་མཚོན་ན། མ་ཎི་འཁོར་ལོའི་རི་མོ་མཁོ་ཚེ་ཙན་དན་ཕྲེང་བ་དང་། རྒད་པོ་སོགས་ཀྱང་མཁོ་བར་འདོད་པ་བཞིན་འདིར་བྲིས་ཡོད་ཚེ་ནང་དོན་གོ་ཇེ་བདེར་འགྲོ་ན་ཡང་། ཤོག་ངོས་འདིའི་སྟེང་གི་བརྗོད་བྱ་གཙོ་བོ་མ་ཎི་འཁོར་ལོ་དང་། ཕྲེང་བ་སོགས་གང་ཡང་མིན་པར་ཅི་ཞིག་མཐོང་འདོད་ཀྱིས་མིག་གིས་རྒྱང་རིང་ལ་ལྟ་བ་འདི་ཡིན་པས་གལ་སྲིད་འདིའི་སྐོར་གྱི་རི་མོ་ཞིག་ཡོད་ཚེ་ཤིན་ཏུ་ལེགས་པར་འདོད་བྱུང་། དེ་བཞིན་ཤོག་ངོས་བརྒྱད་པ་ནས་བཅུ་དགུ་བར་གྱི་རི་མོ་དག་ལ་ཡང་ཡི་གེ་ལ་རམ་འདེགས་བྱེད་པའི་ནུས་པ་ཤིན་ཏུ་ཆེན་པོ་མི་འདུག ཤོག་ངོས་རེ་རེ་བཞིན་འདེད་མི་དགོས་པས་སྤྱི་ཡོངས་ཀྱི་རི་མོའི་ངོས་ནས་བཤད་ན་སྒྱུ་རྩལ་གྱི་མཚོན་ཐབས་གཙོ་བོར་བྱས་འདུག་པའི་སྣང་བ་ཞིག་བཅོས་མིན་དུ་སྟེར་བ་ནི་དཔེ་དེབ་འདིའི་རི་མོའི་ཁ་ཕྱོགས་ཀྱི་གོལ་ས་ཆེ་ཤོས་དེ་རུ་གྱུར་འདུག་པ་འདིར་བསམ་ཡོང་ན། དཔེ་དེབ་འདི་རྩོམ་སྒྲིག་གི་བགྱི་བ་ལག་ཏུ་བསྟར་མཁན་དག་སྙན་ངག་གམ་སྒྱུ་རྩལ་བྱེ་བྲག་པར་དགའ་མཁན་སྐོར་ཞིག་ཡིན་པ་དང་རི་མོ་བས་ཀྱང་རྩོམ་པ་པོའི་ངག་ལ་ཉན་ཤ་སྟག་བྱས་འདུག་སྙམ་པ་ཞིག་ཤུགས་ལ་བྱུང་སོང་། ཚོད་དཔག་བྱས་པ་ནོར་ཡོད་ན་དགོངས་དག སྤྱིར་ཡང་བྱིས་པའི་ཀློག་དེབ་ཁྲོད་སྒྱུ་རྩལ་དང་འདྲེས་ཆེ་བའི་རི་མོ་སོགས་བཞག་མི་ཆོག་པ་མིན་ཡང་། སྐབས་འདིའི་དམིགས་ཡུལ་གཙོ་བོ་རྒྱལ་བོ་གཉའ་ཁྲི་བཙན་པོ་ཞེས་པའི་མི་སྣ་ཞིག་མཚམས་སྦྱོར་བྱེད་རྒྱུ་དེ་ཡིན་པ་བཞིན། ཁ་གསལ་གོ་བདེའི་བྲིས་པའི་རྩོམ་ཡིག་དང་བར་ཐག་ཉེ་བའི་སྒོ་ནས་རི་མོ་འབྲི་དགོས་པ་འདི་གཙོ་བོའི་ནང་གི་གཙོ་བོ་རེད།
གསུམ་པ། ཚིག་གི་གཅོད་མཚམས་ཉམས་པའི་སྐྱོན།
དཔེར་ན། གཏམ་རྒྱུད་ཀྱི་མགོ་བརྩམས་མ་ཐག་པའི་དུམ་མཚམས་གཉིས་པར། ང་རང་ཡ་མཚར་ནས་ཞེས་མཚམས་བཅད་རྗེས། ཐིག་ཕྲེང་སྟོང་བ་ཞིག་གི་རྗེས་ནས་སླར་ཡང་འཕྲོར་མཐུད་དེ་སྤོ་བོ་ལགས་་་་་་ཞེས་མཐུད་འདུག་པ་འདི་ལྟ་བུ་ནི་དེབ་འདིའི་ནང་གི་གཅོད་མཚམས་ཉམས་པའི་སྐྱོན་ཆེ་ཤོས་ཤིག་རེད། དེ་ཡང་འདི་ཁོ་ན་མིན་པར་དུམ་མཚམས་མང་པོ་ཞིག་གི་རྗེས་སུ་་་་་ཞེས་དྲིས་པར་་་་ཞེས་མཚམས་བཅད་དེ་ཚན་པ་ཞོལ་མ་དེ་གོང་མ་ལ་མཐུད་པའི་རིགས་མང་པོ་ཞིག་ཡོང་གི་འདུག་པ་ནི་ཀློག་དུས་ཆེས་མི་བདེ་ས་དག་རེད། འདི་ལྟར་གཅོད་མཚམས་མི་བདེ་བར་བྱས་འདུག་པ་འདིར་མཚོན་ན་བྱིས་པ་དག་གི་ཀློག་འདོད་ཀྱི་ཚོར་བ་ལ་གནོད་པ་ཐེབས་སྲིད་པའི་སྐོར་རེད། བྱིས་པར་བག་ཆགས་འཇོག་སྟངས་ཐད་གང་ཅིར་གཟབ་གཟབ་བྱེད་དགོས་པ་འདི་གལ་ཆེ་བས། ཚིག་གི་གཅོད་མཚམས་འདི་ལྟར་ཡོད་པའི་དཔེ་ཆ་འདིར་ཐེངས་མང་པོར་བལྟས་ཚེ་ཁོང་ཚོས་དཔེ་དེབ་ངོས་སུ་ཅི་ཡོད་བདེན་པར་འཛིན་རྒྱུ་རང་ཡིན་པས་རྗེས་མར་གནོད་པ་ཡོད་པ་རེད། དཔེར་ན་ད་ལྟ་ཞིང་ཆེན་དང་ལྗོངས་ལྔའི་མཉམ་དུ་བསྒྲིགས་པའི་བོད་ཡིག་དཔེ་དེབ་ལས། ལོ་རིམ་དང་པོའི་དཔེ་ཆ་སྟོད་སྨད་གཉིས་སུ་མིང་ཚིག་དག་གི་རྗེས་སུ་ཤད་ཡོད་པ་མ་རེད། དེ་བས་སློབ་མ་མང་པོ་ཞིག་གིས་ཀྱང་ཤད་དགོས་སར་ཤད་མི་འཇོག་པའི་སྐྱོན་ཆེན་པོ་ཞིག་ཡོད་པ་རེད། གལ་སྲིད་དགེ་རྒན་གྱིས་སློབ་མ་ཆེ་གེ་མོར་ཤད་བཞག་མི་འདུག་པས་ནོར་འདུག་ལབ་ཚེ། དཔེ་ཆའི་ངོས་སུ་ཡང་ཤད་མི་འདུག་ཟེར་གྱིན་འདུག་པས། ན་ཆུང་སློབ་མར་དམིགས་པའི་དཔེ་དེབ་ཅིག་རྩོམ་སྒྲིག་བྱེད་པ་ནི་གཞན་ལས་ལྷག་པའི་གཟབ་ནན་བྱེད་དགོས་པའི་བྱ་བ་ཞིག་ཡིན་པ་འདི་སེམས་ལ་ངེས་པར་བྱེད་དགོས། གཞན་ཀྱང་ཐོབ་སར་ཡང་བཞག་པ་སོགས་ཀྱང་རེ་ཟུང་འདུག་ཀྱང་དེའི་སྐོར་མང་པོ་མི་བཤད།
བཞི་བ། གཏམ་དཔེ་མང་དྲགས་པའི་སྐྱོན།
དཔེ་ཀློག་ལ་ཐོག་མར་གོམས་སུ་འཇུག་པའི་བྱིས་པ་ཞིག་ལ་མཚོན་ན་རྒྱུན་སྤྱོད་འཚོ་བའི་ཁྲོད་ཀྱི་མིང་བརྡ་དག་ལ་བྱང་ཆ་མེད་པའམ་དེ་ལ་བྱང་ཡང་དྲང་མོ་དྲང་ཚུགས་ཀྱིས་གོ་བ་ལེན་པ་ལས་སྐོར་ནས་བཤད་ཚེ་གོ་བ་བདེ་བླགས་ཏུ་ལེན་ཐུབ་པ་ཞིག་གཏན་ནས་མིན་པ་མ་ཟད། གཏམ་དཔེ་ལ་སྦྱར་ནས་སྐད་ཆའི་གོ་བ་ལེན་ལོབས་སུ་སོང་མེད་པའི་རོང་བ་རྒན་པ་དག་གིས་ཀྱང་འབྲོག་པའི་གཏམ་དཔེར་སྦྱར་བའི་གྱོད་བཤད་སོགས་ལ་ཉན་མི་ཤེས་པ་ཁྱོད་ཚོས་ཤེས་ལོས་ཡོད་མོད། བྱིས་པའི་ཀློག་དེབ་འདིའི་ཁྲོད་དུ་བཀོལ་བའི་གཏམ་དཔེ་སྟེ། “ཕུ་རུང་བསྟན་པས་ཁྱི་ངོ་མི་ལོན། གཉོམ་རྟགས་བསྟན་པས་དགྲ་ངོ་མི་ལོན་”ཞེས་པ་ལྟ་བུར་མཚོན་ནས་བཤད་ན། ཁྱི་ལ་དབྱུག་པ་སྟོན་དགོས་པ་ལས་ཕུ་རུང་བསྟན་ན་ཕན་པ་མེད་ཚུལ་ནི་དཔེ་དང་། དགྲ་བོའི་མདུན་ནས་གཉོམ་རྟགས་སྟོན་པ་ལས་བཙན་རྟགས་བསྟན་ན་བཟང་རབ་ཟེར་བ་དཔེ་ཅན་ཡིན་པ་བཞིན། བྱིས་པ་གང་དེར་བཤད་འདོད་པའི་སྐད་ཆ་དེ་རྒྱང་སྐོར་དྲག་པའི་སྐྱོན་ཡོད་པས་མུ་མཐུད་དཔེ་ཀློག་བྱེད་པར་ཡང་གནོད་པ་ཆེན་པོ་ཡོད་པ་རེད། གཞན་ཡང་འདི་འདྲ་མང་པོ་ཡོད་པ་རེ་རེ་བཞིན་བཀོད་ན། ༢) “དར་རྒུད་དམར་ཡག་སྟག་ལ་ཡོད། ཞུ་འཇིག་སྲིད་པའི་གངས་ལ་ཡོད།” ༣)“ལུང་ཁོག་སྐྱ་མོ་ཆུས་དེད་ན། ཨོང་བ་སྐམ་པོར་འདུག་དབང་མེད།” ༤) “དམར་པོ་སྲོག་ལ་ཕྲད་ན། དཔའ་རྒོད་མདུང་གིས་མི་ཕུག་པ་ཞིག་དང་། གདུག་ཆེན་དཔོན་ལ་ཕྲད་ན། དམར་ཡག་སྟག་གི་སྡེར་ཁ་ཅན་ཞིག་ཡིན།” ༥) “སྟག་གི་རྔ་མར་མི་འཇུ་དགོས། འཇུས་པའི་ཉིན་མོར་མི་གཏོང་།” ༦) “གསེར་ས་འོག་ན་ཡོད་རུང་། འོད་ནམ་མཁའ་ན་ཡོད།” ༧) “སྐྱིད་ལ་ཁའི་རྩྭ་ལ་མཉམ་ཟ་དང་། སྡུག་ཀོང་མོའི་ཆུ་ལ་མཉམ་འཐུང་།” ༨) “ཕོ་ཟད་ནས་མོ་ལ་ཐུག ལག་ཟད་ནས་དཔུང་ལ་ཐུག” ༩)“རོ་ས་འོག་ཏུ་བཅུག་ནས། གཏམ་ས་སྟེང་ལ་གྲགས་པ།” ༡༠)“དགུང་ཨ་སྔོན་འདི་མཐོ་རུང་བསྒུར་ནས་འགྲོ་དགོས་པ་དང་། ས་དོག་མོ་འདི་ཡངས་རུང་བསྐུམས་ནས་འདུག་དགོས།” ༡༡) “ཆུ་གྲང་མོར་འོ་མའི་བསམ་པ་བཟུང་། མི་ཆ་མེད་རང་མིའི་གྲལ་ལ་བཞག” ༡༢) “ཤི་རྟ་སྤངས་ལ་དེད་ན་ཤུལ་མེད་པ་དང་། སྟག་མོ་ནགས་ལ་སོང་ན་རྗེས་མེད་པ།” ༡༣) “རེ་ཆད་ཀྱི་ཐག་སྣེར་འཇུས་ཏེ་འཆི་བདག་གི་ཕོ་ཉར་བསྒུག” ༡༤) “བདེ་སྐྱིད་ཀྱི་ཡུ་བ་འབྲེག་མཁན་དང་། རང་དབང་གི་གཤོག་པ་གཅོད་མཁན།” ༡༥) “ཚིག་ཁ་ཐོག་ནས་བཤད་པ་དོན་ཐོག རྐང་རྡོ་ཐོག་ནས་བཅག་པ་ལྕེ་ཐོག” ༡༦) “ སྐྱིད་ལ་ཁའི་རྩྭ་ལ་མཉམ་ཟ་དང་། སྡུག་ཀོང་མོའི་ཆུ་ལ་མཉམ་འཐུང་།” ༡༧) “དཀར་ནག་གི་དབྱེ་བ་དང་། ཐག་ནག་གི་མདུད་པ།” ༡༨) “གྲི་འགྲམ་ནས་གཡུག་ན་དཔའ་བོ། མདའ་རྒྱང་ནས་འཕངས་ན་སྡར་མ།” སོགས་ཡི་གེ་ཅན་གྱི་ཤོག་ངོས་སོ་དགུའི་གྲུབ་པའི་ཀློག་དེབ་གཅིག་གི་ཁྲོད་གཏམ་དཔེ་ཉི་ཤུ་ཙམ་བཞག་འདུག་པ་འདིར་མཚོན་ན་བོད་ཡིག་གི་རྨང་གཞི་བཟང་བའི་སློབ་ཆུང་ལོ་རིམ་ལྔ་བའི་ཡན་གྱི་སློབ་མ་དག་གིས་གོ་ཐུབ་པ་ཞིག་ལས་བྱིས་པ་ཆུང་ཆུང་དག་གིས་གོ་ཐུབ་པ་ཞིག་གཏན་ནས་རེད་མི་འདུག་པས་གཉའ་ཁྲི་བཙན་པོ་ཞེས་པའི་མི་སྣ་འདི་ངོ་སྤྲོད་བྱེད་འདོད་པའི་དམིགས་ཡུལ་དོན་འཁྱོལ་ཡོང་རྒྱུར་བཀག་རྒྱ་ཆེན་པོ་བཟོས་འདུག
ལྔ་བ། བྱིས་པའི་ལོ་ཚད་ལ་གཏན་འཁེལ་མེད་པ།
སྤྱིར་ན་བྱིས་པའི་ཀློག་དེབ་ནི་བྱིས་པ་དག་གི་ཆེད་དུ་ཡིན་པ་ལས་ཕ་མ་དང་དགེ་རྒན་གྱི་ཆེད་དུ་མིན་པ་གསལ་བོ་ཡིན་པ་བཞིན། བྱིས་པའི་ཀློག་དེབ་དེ་ཉིད་ཀྱི་ནང་མིང་ཚིག་གི་གྲངས་ཀ་ངེས་ཅན་དང་། བརྗོད་བྱ་རབ་རིབ་མ་ཡིན་པ་བྱེད་དགོས་པ་འདི་གནད་ཆེ་བ་དང་། འདི་ལྟར་ལོ་ཚད་དང་བསྟུན་པའི་མིང་ཚིག་གི་མང་ཉུང་རན་པ་སོགས་བཀོལ་རྒྱུ་འདི་གལ་ཆེ་བ་བཞིན། བྱིས་པའི་ཀློག་དེབ་འབྲི་མཁན་དག་གི་དཀའ་ངལ་ཆེ་ཤོས་ཀྱང་འདི་ཡིན། དེ་ཡང་དེབ་འདིའི་རྩོམ་པ་པོས་བྱིས་པའི་སྐད་བརྡ་ལ་ཉམས་ཞིབ་དང་བཅས་བཀོལ་སྤྱོད་བྱས་མི་འདུག་པ་ནི་ཅུང་ཕངས་དགོས་པ་ཞིག་རེད། གལ་སྲིད་ཁྱེད་ཅག་གིས་དོན་དངོས་ནས་བྱིས་པའི་ཀློག་དེབ་ལ་དམིགས་རྒྱུ་ཡིན་ན་ནི། ལོ་གསུམ་ནས་དྲུག་ཅན་གྱི་བྱིས་པས་བཀོལ་བཞིན་པའི་བརྡ་ཆད་དང་། བདུན་ནས་བཅུ་བར། བཅུ་གཅིག་ནས་བཅུ་བཞི་བར་གྱི་བྱིས་པའི་ངག་གི་བརྡ་ཆད་བཀོལ་སྟངས་ལ་ཞིབ་འཇུག་བྱས་ཏེ། མིང་ཚིག་ག་ཚོད་བཀོལ་ནས་བྲིས་ན་ལོ་གསུམ་ནས་དྲུག་དབར་གྱི་བྱིས་པས་གོ་ཐུབ་པ་དང་། ག་ཚོད་བཀོལ་ན་དེའི་ཡན་ཡན་གྱི་བྱིས་པས་གོ་ཐུབ་པ་སོགས་བགར་ནས་འབྲི་ཐུབ་ཚེ་ཤིན་ཏུ་ལེགས་པོར་འདོད་ཀྱང་། ང་ཚོས་ཡོད་ཚད་དང་བླངས་དང་ལྷག་བསམ་གྱིས་བྱེད་དགོས་པའི་སྐབས་འདིར་འདི་དག་ལས་སླ་བོ་མིན་ཡང་བསམ་ཚུལ་ཙམ་ཡིན།
དྲུག་པ། རི་མོ་ལས་ཡི་གེ་མང་དྲགས་པ།
ཁ་སང་ཞོགས་པར་སྐད་འཕྲིན་རྒྱུད་ཁ་བ་སྙིང་ལྕགས་དང་ལྷན་སྐད་ཆ་འགའ་ཞིག་བཤད་སྐབས། ཁོང་གིས། “སྤྱིར་བྱིས་པའི་དཔེ་རིས་དེབ་མང་ཤོས་ལ་ཡི་གེ་ཧ་ཅང་ཉུང་ངུ་ལས་མེད་མོད། ང་ཚོའི་ཡི་གེ་ཅུང་མང་བར་འདུག་ལ། གཙོ་བོ་བྱིས་པ་ལ་མི་སྣ་ཧྲིལ་བོ་ཞིག་ངོ་སྤྲོད་ཐུབ་པར་འབད་ཡོད།” ཅེས་ཟེར། མ་གཞི་ནས་རྩོམ་འབྲི་མཁན་རེ་རེ་ལ་རང་རང་ལ་འབྲི་ལུགས་དང་དམིགས་ཡུལ་རེ་ཡོད་པས་ངས་དེ་ལ་གོང་བཀུར་བྱེད་ཀྱི་ཡོད་མོད། འོན་ཀྱང་གོང་ནས་བཤད་པ་བཞིན་དཔེ་རིས་ཀྱི་དེབ་ཏུ་རི་མོ་དང་ཡི་གེའི་ནང་དོན་ཡ་བྲལ་བའམ། རི་མོ་ལས་ཡི་གེ་ཧ་ཅང་མང་དྲག་ན་རྩོམ་གྱི་ཁ་ཕྱོགས་ཡུལ་བྱིས་པ་དག་གི་མགུ་གང་མི་སྲིད་པས་ཡི་གེ་ཉུང་ཉུང་གི་ལམ་ནས་གཉའ་ཁྲི་བཙན་པོ་ཞེས་པ་འདི་ངོ་སྤྲོད་བྱས་ཡོད་ཚེ་བྱིས་པ་དག་གི་སེམས་ངོར་ཤིན་ཏུ་ནས་འབྱོར་བདེ་བོ་ཡོད་པ་རེད། དཔེར་ན། ཧེ་ལེན་ཁེ་ལེར་ཞེས་པ་ཡང་ལོང་བའི་ཡི་གེ་ལ་བསླབ་ནས་མཁས་པར་གྱུར་ཅིང་། ནོ་བྷེལ་རྩོམ་རིག་གི་བྱ་དགའ་ཡང་ཐོབ་མྱོང་བའི་ནུབ་གླིང་གི་མི་སྣ་སྐད་གྲགས་ཅན་ཞིག་ཡིན་པ་བཞིན་མོའི་ལོ་རྒྱུས་རྒྱས་པར་ཤོག་ངོས་ཉིས་བརྒྱ་ལྷག་དང་། དཔེ་རིས་ཀྱི་དང་ཡི་གེ་སྦྲགས་མར་བཀོད་པའི་ལོ་རྒྱུས་དེར་ཤོག་ངོས་བཅུ་གྲངས་ལས་མེད། དེ་བས་ནུབ་གླིང་གི་བྱིས་པ་ཆུང་ཆུང་མང་པོ་ཞིག་གིས་མོའི་ལོ་རྒྱུས་མདོར་བསྡུས་རེ་བཤད་དོན་ཡང་འདི་ལ་རགས་ལས་པ་ཡིན། གཙོ་བོ་དཔེ་རིས་དང་ཡི་གེའི་ནང་དོན་མཐུན་ཆེ་ཞིང་། དཔེ་རིས་ཀྱི་གཤམ་དུ་ཡི་གེ་མང་པོ་མ་བཞག་པའི་དགེ་མཚན་ལ་བརྟེན་ནས་བྱིས་པ་དག་ལ་བག་ཆགས་ཟབ་མོ་འཇོག་ཐུབ་ཡོད་པ་རེད། དེ་འདྲ་ཡིན་ཚེ་བྱིས་པས་དཔེ་ཆ་ཀློག་དུས་སུན་སྣང་སྐྱེ་ནི་མ་རེད། གཉའ་ཁྲི་བཙན་པོ་ཞེས་པ་འདིར་ཡང་རྒྱས་འབྲིང་བསྡུས་གསུམ་བྲིས་ཆོག་པའི་མི་སྣ་མཚམས་སྦྱོར་གྱི་རྩོམ་ཡིག་ཅིག་ཡིན་པས་ན་བྱིས་པའི་བློ་ཁ་དང་འཚམས་པར་བྱེད་རྒྱུ་འདི་ཤིན་ཏུ་ནས་གལ་ཆེན་པོ་འདུག་བསམ་སོང་།
བདུན་པ། སྙན་ངག་གི་སྐད་ཆ་འམ་གཟུགས་རྒྱན་གྱིས་འབྲི་མི་རུང་།
ང་ཚོའི་རྩོམ་པ་པོ་མང་པོ་ཞིག་ལ་སྐྱོན་འདི་ཡོད་པ་རེད། གསལ་བསྒྲགས་དང་གསར་འགྱུར། བྱིས་སྒྲུང་སོགས་ཁ་ཇི་ལྟར་གསལ་ན་དེ་ལྟར་ལེགས་པའི་རིགས་ཀྱི་རྩོམ་ཡིག་འབྲི་སྐབས་ཀྱང་སྙན་ངག་གི་སྐད་ཆ་མང་བོ་ཞིག་བསྲེས་ནས་རང་གི་སྒྱུ་རྩལ་རང་བཞིན་གྱི་ཚོར་བ་དབང་བཙན་པར་བྱེད་པ་ལས་ཕ་རོལ་བའི་གོ་བ་ལོན་རྒྱུར་དམིགས་ནས་ཚིག་ལྷོད་པོ་དང་ལྷག་མ་མེད་མཁན་ཞིག་འབྲི་བའི་ལུགས་སྲོལ་ཆེར་མེད་པ་བཞིན། བྱིས་པར་ཆེད་དམིགས་ཀྱི་མི་སྣ་ངོ་སྤྲོད་ཀྱི་དེབ་འདིར་ཡང་སྐྱོན་དེ་བྱུང་ཡོད་པ་རེད། དཔེར་ན། “རྩེ་མོ་མཁའ་ལ་ཟུག་པའི་གངས་རི། གཡུ་ཡི་མེ་ལོང་འདྲ་བའི་སྤངས་ཐང་།” “བརྩེ་བའི་འདུན་མ་གཅིག་ཏུ་བཀོལ་བའི་ཆུང་འདྲིས་བྱམས་པ།” “རང་ཡུལ་རྒྱབ་ཏུ་བསྐྱུར་ཞིང་མི་ཡུལ་པང་དུ་བླངས།” “ཉི་མ་ནི་རི་བོའི་ཕག་ཏུ་ཁད་ཀྱིས་ནུབ་བཞིན་འདུག” “དགུང་ཉི་མ་དྲོ་རུང་འདུག་དབང་མེད། ཡུལ་ཕ་མར་བྱམས་རུང་བྱམས་དབང་མེད།” “རེ་ཆད་ཀྱི་ཐག་སྣེར་འཇུས་ཏེ་འཆི་བདག་གི་ཕོ་ཉར་བསྒུག” “བདེ་སྐྱིད་ཀྱི་ཡུ་བ་འབྲེག་མཁན་དང་། རང་དབང་གི་གཤོག་པ་གཅོད་མཁན།” “ལྷ་ས་ནི་ང་ཚོའི་སེམས་ནང་གི་ཉི་མ་ཡིན། ང་ཚོའི་རྣམ་ཤེས་ཀྱང་ཉི་འོད་དེ་དང་གཏན་དུ་འབྲལ་ཐབས་མེད།” ཟེར་བ་སོགས་གཏམ་དཔེ་དང་ཆ་འདྲ་བའི་ཚིག་རྒྱན་བཀོལ་བ་ཅུང་ཐལ་ཆེ་བར་འདུག་བསམ་སོང་། གཏམ་དཔེ་ནི་སྐད་ཆ་ཁ་ཐུག་གིས་བཤད་ན་བཙན་པོ་བཙན་འགྲོ་བ་དང་ལྷོད་པོ་ལྷོད་དྲག་པ་སོགས་ཀྱི་སྐྱོན་མེད་པར་བྱེད་པ་སོགས་དགོས་པ་དམིགས་བསལ་ཅན་གྱི་སྐབས་བཀོད་རྒྱུ་ཞིག་ལས་མི་སྣ་ངོ་སྤྲོད་གཏམ་རྒྱུད་དང་སྦྱར་ནས་བཤད་དུས་འདིར་དགོས་པ་ཆེན་པོ་མེད་ལ། འདི་ནི་ཡོན་ཏན་ལས་སྐྱོན་དུ་འགྱུར་བའི་རིགས་རེད།
བརྒྱད་པ། གཞན་དག
གཉའ་ཁྲི་བཙན་པོ་ངོ་སྤྲོད་བྱེད་པའི་དཔེ་དེབ་འདིར་སྡོམ་ཤོག་ངོས་སོ་དགུས་གྲུབ་ཡོད་ན་ཡང་། སྲོང་བཙན་སྒམ་པོའི་ལོ་རྒྱུས་ཀྱིས་ཤོག་ངོས་དྲུག་བཟུང་ཡོད་པས་ལོ་རྒྱུས་ཅུང་ཉོག་པར་བཏང་འདུག། གཉའ་ཁྲི་བཙན་པོ་དང་མུ་བཟའ་གཉིས་ཀྱི་བརྩེ་དུང་དང་ཐུགས་འཕྲད་སྐོར་ནི་མ་གླེང་ཡང་ཆོག དེ་ཡང་ལོ་ན་མ་སོན་པའི་བྱིས་པར་དམིགས་ནས་འབྲི་བའི་རྩོམ་ཡིག་དང་གློག་བརྙན། ལས་རྒྱུའི་བྱ་བ་གང་ཡིན་ཡང་ཕོ་མོའི་འཐམ་འཁྱུད་སོགས་དང་སྦྱར་ནས་བཤད་དགོས་པ་ཞིག་མ་རེད་ལ། དེས་སྐྱེད་པའི་བག་ཆགས་ལ་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་ངེས་པ་ནི་ཀུན་སྤྱོད་སློབ་གསོར་མ་དམིགས་པའི་སྤྱོད་པ་ཞིག་ཀྱང་རེད། སྐབས་འདིར་གཉའ་ཁྲི་བཙན་པོ་རྩོམ་པ་པོས་དེང་རབས་བརྩམས་སྒྲུང་གི་འབྲི་ཐབས་སྤྱད་འདུག་པ་ནི་ཚོར་བ་གློ་བུར་བའི་དེད་ཡོང་བའི་ནོར་འཁྲུལ་ཞིག་ཏུ་ཡང་བསམ་སོང་།
སྤྱིར་ན་ན་ནིང་ད་ལོར་ཤར་དུང་རིའི་ལེགས་རྩོམ་ཕྱོགས་བསྒྲིགས་ཟེར་བ་དང་། ན་གཞོན་གསར་བ་སོགས་དུས་དེབ་རེ་ཟུང་གི་རིན་གོང་ཧ་ཅང་མཐོ་དྲག་འདུག་ན་ཡང་། དཔེ་ཆ་དེ་ཚོས་བཞག་པའི་བག་ཆགས་ཤིན་ཏུ་ཟབ་པས་ཉོས་བཞག་པ་ཡིན། ཉོས་རྗེས་ཞིབ་ཏུ་བཀླག་བསམ་དུས་གསར་བ་ཅི་ཡང་མི་འདུག་པས་ཚོང་གི་ཕྱིར་དུ་དཔེ་ཆ་དེ་ལྟར་འགྲེམས་པ་ལ་རྒྱུ་མཚན་མི་འདུག་བསམ་ནས་དད་ལོག་ཅིག་སྐྱེས་སོང་ཡང་ངའི་དྲན་ཚུལ་འདིར་གནས་ལུགས་ཡོད་མེད་མི་ཤེས་པས་ཞོར་འཕྲོས་ཙམ་ཡིན།
སྤྱིར་ན་བོད་ཡིག་ཁོ་ནར་བརྟེན་པའི་རྩོམ་པ་པོ་ཞིག་གིས་རང་གི་བརྩམས་ཆོས་ལ་བརྟེན་ནས་ཁ་གསོ་དགོས་ན་ཤིན་ཏུ་ནས་དཀའ་བར་གྱུར་ཡོད་པ་ལྟར། ཤེས་ཡོན་པའི་བསྐོས་ཐང་ལ་ཡང་གཡོ་འཁྱོམས་ཆེན་པོ་འབྱུང་བཞིན་ཡོད་པས་རང་གི་རྣམ་དཔྱོད་ཀྱི་རྩལ་རྒུ་ཡོངས་སུ་སྤྲུགས་ནས་དཀའ་ལས་ཆེན་པོ་རྒྱབ་སྟེ་བརྩམས་པའི་དཔེ་ཆ་དག་གི་རིན་གོང་ཆེ་དྲག་ན་སྐྱོན་ཅི་ཡང་མེད་མོད། དཔེ་ཀློག་གི་གོམས་གཤིས་ཆེར་མེད་པའི་མི་རིགས་འདིས་དཔེ་ཆ་མང་པོ་མི་ཉོ་བ་དང་གོང་ཆེ་ན་ལྷག་ཏུ་མི་ཉོ་བས་དཔེ་དེབ་ཀྱི་རིན་གོང་ཆེ་དྲག་ན་རང་གཞན་གཉིས་ཀར་ཕན་ལས་གནོད་ཆེ་བ་འདི་ཤེས་དགོས་པ་ཞིག་རེད། ཁྱེད་ཅག་གིས་“ཚོན་མདོག་ཡིན་པ་དང་། ཤོག་བུའི་རྒྱུ་སྤུས་བཟང་སོགས། ད་རུང་དཔེ་ཁང་གིས་རིན་གོང་བཅག་པ་སོགས་བྱས་ཚེ། རིན་གོང་ལ་དེ་ཙམ་ལའང་ང་ཚོར་ཅང་མི་འདུག”ཟེར་བ་ལྟར་ན། ཁེ་བཟང་ཆེན་པོ་ཞིག་དགོས་པར་འདོད་ཀྱིན་འདུག་པ་ལྟར་འདོད་ཀྱང་རུང་བ་ཞིག་ཡིན་མོད། འུ་ཅག་གི་ཤེས་ཡོན་པ་དག་གིས་ནི་ཁེ་ལས་པ་ལྟར་ཁེ་བཟང་ཆེན་པོ་ལོན་དུས་ཕལ་ཆེར་ཡོད་ནི་མ་རེད། དེ་བས་ཁེ་བཟང་ཆེན་པོར་འདང་རྒྱབ་ཚེ་ལས་ཀ་དེ་ཅམ་འཇོག་བྱེད་རྒྱུ་ལས་ཅང་ཡོད་པ་མ་རེད། དཔེ་ཆ་ལ་བརྟེན་པའི་ཡོང་སྒོ་འདི་ནི་དུས་ཡུན་ཐུང་ཐུང་ནང་ལོན་པ་ཞིག་རྩ་བ་ནས་མིན་པ་དང་། དཔེ་ཆ་བཅོལ་ཡུལ་གྱི་ཚོང་ཁང་དག་གིས་དཔེ་རིན་དུས་ལྟར་མི་སྤྲོད་པ་སོགས་ཀྱི་ཧམ་པས་དེད་ནས་མཐའ་མར་ཕམ་ཁ་ཉོ་མཁན་ནི་རྩོམ་པ་པོ་དག་ཡིན་པ་ལས་གཞན་སུ་ཡང་མིན་མོད། ཡུས་འདི་ཡོངས་ལ་བཤད་ཀྱང་གོ་ནི་མ་རེད། གང་ལྟར་སྐད་ཆ་རྡོག་རྡོག་ནི་རིན་གོང་ཚད་ལྡན་དུ་གཏན་འཁེལ་བྱས་ནས་དཔེ་དེབ་ཀྱི་ཤོག་བུ་སོགས་ཀྱང་དེ་ལྟར་འདེམས་དགོས་པ་ལས། དཔེ་དེབ་ལ་རིན་གོང་གི་ཚོད་ཀྱི་རིན་ཐང་ཞིག་མེད་ཚེ་རྒྱུ་ཆ་བཟང་ཚུལ་མི་རེ་རེ་ལ་བཤད་ས་མེད་པ་འདི་ཡང་སེམས་ལ་འཛིན་དགོས་པ་ཞིག་མིན་འགྲོ། ཇུས་འགོད་ཀྱི་ཆ་ནས་ཤོག་གྲངས་བཀོད་པའི་ཨང་ཀི་ཐོག་མ་ལྔ་ཡིན་པ་འདི་ཡང་བྱིས་པའི་ཀློག་དེབ་ལ་མཚོན་ནས་བཤད་ན་བྱིས་པ་དག་མགོ་འཐོམས་འགྲོ་བ་ཞིག་བཟོས་འདུག་པ་སོགས་ནི་ཁྱེད་ཅག་གིས་ཀྱང་ཤེས་ཡོད་ལས་ཆེ་བས་མི་བཤད།
དགུ་བ། ཞོར་གྱི་རེ་བ།
ད་དུང་དཔར་འགྱུར་གྱི་དོན་གྲུབ་རྒྱལ་དང་དགེ་ཆོས་སོགས་གཏམ་རྒྱུད་དང་སྦྱར་བའི་མི་སྣ་ངོ་སྤྲོད་བྱེད་སྐབས་ཚིག་ལྷོད་པ་དང་། གོ་བདེ་བ། གཏམ་དཔེ་དང་ཚིག་རྒྱན་མི་བཀོལ་བ། དགོས་མེད་དང་འབྲེལ་མེད་ཀྱི་གཏམ་མི་བཀོལ་བ། གང་ཟག་དེ་དང་འབྲེལ་བ་མེད་པའི་སྒྲུང་གཞན་བསྐུམས་པ། བློ་འབྱེད་སོགས་ལ་དམིགས་པ་མང་དྲགས་པ་སོགས་ལ་གཟབ་གཟབ་བྱས་ཚེ་ཨ་ནུ་དཔེ་ཚོགས་དོན་གྱིས་བྱིས་པའི་ཀློག་དེབ་ལེགས་པོ་ཞིག་ཏུ་འགྱུར་རྒྱུར་ཐེ་ཚོམ་མེད་ཅིང་། ད་ལྟའི་བར་ལག་སྟོང་དུ་ལུས་པའི་བོད་རིགས་བྱིས་པ་དག་ལ་ཡང་རང་གི་རིག་གནས་དང་ཡ་མ་བྲལ་བའི་ཀློག་དེབ་རེ་ཟུང་ཡོད་པར་འགྱུར་ཐུབ་ན་ཁྱེད་ཅག་གི་མ་འོངས་པའི་རྒྱལ་ཁ་ཅི་ལ་མིན།
གོང་གསལ་འདི་ཉིད་སླད་མར་དཔར་འགྱུར་གྱི་དཔེ་དེབ་དག་རྩོམ་སྒྲིག་ལ་ཕན་པར་སྙམ་ནས་ད་ནངས་ཞོགས་པར་གློ་བུར་དུ་བྲིས་པ་ལགས་ན། འདིའི་ཁྲོད་ཀྱི་བསམ་ཚུལ་དག་ནི་ཁོ་བོ་སྒེར་གྱི་བསམ་ཚུལ་དང་ཁྱེད་ཅག་ནི་ཚོགས་པའི་ངོ་བོར་གྲུབ་པའི་རྩོམ་སྒྲིག་ཁང་ཞིག་ཡིན་པས་ན་གཅིག་ལས་མང་པོའི་གྲོས་ལ་ནུས་པ་ཆེ་བ་བདེན་ན་ཡང་། ད་ལྟའི་བར་རང་ཉིད་ཀྱི་དོ་སྣང་བྱེད་ཡུལ་དང་སེམས་ཁྲལ་བྱེད་ཡུལ་གྱི་དོན་དག་རླབས་པོ་ཆེ་ཞིིག་མགོ་བརྩམས་པར་དགའ་སྤྲོ་དང་བཅས་མ་འོངས་པར་འདི་ཉིད་ཇེ་ལེགས་ཇེ་བཟང་དུ་འགྲོ་བར་དམིགས་ པ་ལས་གཞན་ཅི་ཡང་མེད། མདོར་ན་ངས་ཁྱེད་ཅག་གི་བྱས་པ་ལ་རྗེས་སུ་ཡི་རངས་དང་བཅས་རོགས་འདེགས་ཀྱི་ཚུལ་དུ་ཡི་གེ་འདི་དག་ངག་ནས་ཐལ་བ་ལགས་ན་འགལ་འཁྲུལ་ཅི་མཆིས་ལ་གུ་ཡངས་གནངས་རོགས་ཞེས་ཞུ་རྒྱུ་ཡིན།(རྩོམ་འགན་པ། རྟ་མགྲིན)