Orientalismཞེས་པ་འདི་ལན་རེར་ཤར་ཕྱོགས་རིང་ལུགས་དང་ལན་རེར་ཤར་ཕྱོགས་རིག་པ་གཉིས་སུ་བསྒྱུར་ཡོད་དེ། དེ་ཡང་ཨིན་ཡིག་གི་རྗེས་འཇུགsmཞེས་པ་འདིར་རིང་ལུགས་དང་རིག་པ་གཉིས་ལ་གོ་ཆོག་པས་ཡིན། དེས་ན་རིང་ལུགས་སམ་རིག་པ་འདི་ཅི་ཡིན་སྙམ་ན། དེ་ནི་ནུབ་ཕྱོགས་པས་འཛམ་གླིང་ཤར་ཕྱོགས་ཀྱི་རྒྱལ་ཁབ་དང་མི་རིགས་ཁག་གི་ལོ་རྒྱུས་དང་རྩོམ་རིག སྒྱུ་རྩལ་དང་རིག་གནས་སོགས་ལ་ཞིབ་འཇུག་བྱ་བར་གོའོ༎ འོན་ཏེ། སྐབས་དོན་གླེང་བར་བྱ་བ་ནི་དེའི་དོན་གཞན་ཞིག་སྟེ། སྐུ་ཞབས་ཨེཌ་ཝར་ཊྀ་སཱའི་ཏི (Edward W. Said)ལུགས་ཀྱི“ཤར་ཕྱོགས་རིང་ལུགས”རེད། ཁོང་གིས་དེབ《ཤར་ཕྱོགས་རིང་ལུགས》Orientalismབརྩམས་རྗེས་ཐ་སྙད་འདི་དང་དེའི་བསྡུས་དོན་ས་ཁྱབ་རྡོ་ཁྱབ་དུ་གྱུར་རོ༎ སཱའི་ཏིའི་ལུགས་ལ་དེ་ནི་ནུབ་ཕྱོགས་པས་ཤར་ཕྱོགས་ཀྱི་རིག་གནས་ལ་དམའ་ཕབས་ཤིང་། བསམ་བཞིན་ཏུ་ཁོ་ཚོའི་རེ་འདོད་ལྟར་གྱི"ཤར་ཕྱོགས་རིག་གནས"ཤིག་བཟོ་བའི་ཕྱོགས་རེས་དང་ཨུ་ཚུགས་ལ་གོ་ཞིང་། དེའི་ངོ་བོ་ནི་ནུབ་ཕྱོགས་པས་རིག་གནས་ཀྱི་སྟེང་ནས་ཤར་ཕྱོགས་པར་སྟངས་འཛིན་དང་དབང་དུ་སྡུད་པའི་བྱེད་ཐབས་ཤིག་རེད་ཅེས་པའི་ལྟ་ཚུལ་འཛིན་ཞིང་དེ་དག་དབུས་ཤར་གྱི་ཁ་ཆེ་བ་དང་རྒྱ་ནག རྒྱ་གར་སོགས་ལ་ནུབ་ཕྱོགས་པས་ཇི་ལྟར་ལྟ་བ་བརྒྱུད་ནས་བྲིས་ཡོད།
མ་གཞི་གཞན་ལ་ལྟ་ཚུལ་ཇི་འཛིན་དང་ལྟ་ཚུལ་དེར་ཤུགས་རྐྱེན་འབྱུང་བྱེད་ཀྱི་རྐྱེན་གཙོ་བོ་ནི"དབང་ཤུགས"(power)འབའ་ཞིག་རེད། གལ་སྲིད་དབང་ཤུགས་མེད་ན། ཚུར་རོལ་གྱིས་ཕ་རོལ་གྱི་སྣང་བརྙན་དེ་རྩོམ་རིག་དང་ལོ་རྒྱུས། སྒྱུ་རྩལ་སོགས་ཇི་ལྟར་བརྒྱུད་ཀྱང་དེ་གཙོ་རྒྱུགས་ཀྱི་གཏམ་སྦྱོར་ཏུ་འགྲོ་བར་མི་སྣང་སྟེ། སྟོབས་མེད་པ་ཚོས་གཞན་གང་ཞིག་ཇི་ལྟར་བླུན་རྨོངས་དང་དམུ་ནག་ཏུ་བརྗོད་ན་ཡང་ཤུགས་རྐྱེན་མི་འབྱུང་ལ། དབང་ཤུགས་ཆེར་རྒྱས་པའི་ཚེ་ད་གཟོད་ནུས་པ་ཐོན་ཐུབ། དེས་ན་དབང་ཤུགས་ཀྱི་རྐྱེན་གྱིས་རྒྱལ་ཁབ་དང་མི་རིགས་གང་ཞིག་དང་དེའི་རིག་གནས་ནི་བྲན་གཤིས་ཆེ་ཞིང་དམུ་རྒོད་དང་མུན་ནག་དང་། རྗེས་ལུས་ཡིན་པའི་བྱང་ཐོ(tag)རེ་བརྒྱབ་ན་བརྒྱབ་གོ་ཆོད་པ་ཞིག་འོངས། ཁོ་བོའི་སྙམ་པ་ལ་འདི་ནི་གནད་ཆེ་ཤོས་ཤིག་རེད་མོད་ཀྱང་། དབང་ཤུགས་མེད་ཚེ་བྱེད་ལས་མི་ཐོན་པ་འདི་སཱའི་ཏིས་ཆེར་གླེང་མི་འདུག
དེ་ལྟར་དབང་ཤུགས་ཆེ་བའི་མི་རིགས་ཀྱི་ཁ་གཏད་དུ། ཉམས་དམའ་བའི་མི་རིགས་གཞན་དག་དང་དེ་ཚོའི་རིག་གནས་དང་སྐད་ཡིག་ནི། ཏག་ཏག་"Flaubertདང་ཨེ་གྷིབ(Egyptian)ཀྱི་སྨད་འཚོང་མKuchuk Hanemཡི་འབྲེལ་བ་བཞིན"(Said 6)གྱུར་ཡོད་པ་རེད། འདིས་རྩོམ་རིག་དང་ལོ་རྒྱུས། སྒྱུ་རྩལ་གྱི་ཁྲོད་དུ་དབང་ཤུགས་སིམ་པ་དང་མཆེད་དེ་སྣ་མང་སྣེ་འཛིང་དུ་སོང་བའི་འབྲེལ་བ་བསྟན་ཡོད་ལ། འཁྲུག་ཆ་དོད་པའི་ཤེས་བྱ་དང་དབང་ཤུགས་ཀྱི་འབྲེལ་བ(the relationship of knowledge and power)དང་། འདུ་ཤེས་ཀྱི་ཁྱབ་ཁོངས་དེ་དག་གི་ཁྲོད"དབང་ཤུགས"ཀྱིས་བྱེད་ལས་ཇི་འདྲ་ཞིག་ཐོན་པ་ལ་ངོས་ཟིན་འབྱུང་རྒྱུ་ནི་གནད་ཀྱི་དོན་པོར་འདུག་པ་བསྟན་ཡོད།
འོན་ཏེ། ཡུལ་གྲུ་དང་མི་རིགས་གཞན་མཚོན་སྟངས་བརྗོད་པ་འདིར་གཞིགས་ནས་བཤད་ན། མི་མང་པོས་བོད་ཡུལ་དག་ཞིང་དུ་ལྟ་ཞིང་། བོད་མི་བྱམས་དང་སྙིང་རྗེའི་རང་གཟུགས་སུ་འཛིན་པ། འབྲུག་ཡུལ་ནི་ཆེས་བདེ་སྐྱིད་ལྡན་པའི་རྒྱལ་ཁབ་དང་འབྲུག་པ་ཚོ་ནི་ཆེས་བདེ་སྐྱིད་ལྡན་པའི་མི་རུ་རི་མོ་དང་བརྙན་དང་རྩོམ་གྱི་རྣམ་པར་བྱས་ནས་སྒྲོག་པ་དེ“ཤར་ཕྱོགས་རིང་ལུགས”ཅན་ཏུ་བསྒྱུར་བའི་ངོས་གཅིག་དང་། ཡང་དེ་ལས་ལྡོག་སྟེ། ཡུལ་གྲུ་དེ་གཉིས་ནི་དོན་དམ་དུ་ཆེས་རྗེས་ལུས་དང་མུན་ནག་ཅན་དང་དེར་དར་བའི་ཆོས་ལུགས་དང་ཆོ་ག་ནི། ཆགས་སྲེད་དོན་དུ་གཉེར་ཅིང་། མི་རོ་བཤའ་ཞིང་བྱ་ལ་གཏོར། མི་པགས་བཤུས་ཏེ་ཐང་ཀ་བྱེད་པ་སོགས་འབའ་ཞིག་འབྲི་བ་ཡང་ཤར་ཕྱོགས་རིང་ལུགས་སུ་བསྒྱུར་བའི་ངོས་གཞན་ཞིག་ཡིན་ལ། རིང་ལུགས་འདི་གཉིས་ཀྱི་ཚུལ་ཐ་དད་པར་སྣང་བ་མ་གཏོགས། ཕུགས་ལ་དཔག་ཚེ་མཇུག་འབྲས་གཅིག་པ་ཞིག་ཡོད་དེ། དེ་ནི་ཡུལ་གང་དེའི་དངོས་པོའི་གནས་སྟངས་ངོ་མ་ལས་ལྡོག་པའོ༎
དེས་ན། "ཤར་ཕྱོགས་རིང་ལུགས"ནི། ནུབ་གླིང་པས་ཤར་གླིང་པ་དག་གི་རིག་གནས་དང་ལོ་རྒྱུས་ལ་ཞིབ་འཇུག་བྱས་པའི་རིག་ཚན་ཙམ་ལ་གོ་བ་ལས། དེ་ནི་མི་རྣམས་ཀྱིས་ཞིབ་འཇུག་དང་རྩོམ་འབྲིའི་སྐབས་ཀྱི་རང་ཉིད་རྒྱུན་ལྡན་དང་། ཚད་ལྡན་དང་། ལྟེ་བ་དང་གཙོ་བོ་དང་། ཐ་ན་མཆོག་ཏུ་འཛིན་པའི་བློ་སྔོན་དུ་བཏང་ནས་གཞན་ཕ་རོལ་པོ་གང་ཞིག་རྒྱུན་ལྡན་མ་ཡིན་པ་དང་མཐའ་འཁོབ་པ་དང་དམན་ས་ནས་གླེང་བའི་གཏམ་སྦྱོར(discourse)དང་། ཡང་ན་སྤྱི་ཚོགས་ཡོངས་ཀྱི་དེ་ལྟ་བུའི་འཁྱེར་སོ་དང་ལག་ལེན་ལ་གོ་ན་འོས་པར་སྣང་སྟེ། "ཤར་ཕྱོགས་རིང་ལུགས་ནི་རིག་གནས་དང་ཆབ་སྲིད་ཀྱི་དངོས་དོན་ཞིག་ཡིན། དེ་ནི་ཡིག་ཚགས་ཁང་དུ་མེད་པར། དེ་ལས་ལྡོག་སྟེ།་་་་་བསམ་ཚུལ་དང་སྐད་ཆ། ལག་ལེན"(Said P13)ཁྲོད་ཡོད་པ་རེད་ཟེར་རོ༎
མཐར་སཱའི་ཏིས། "མི་ཆོས་རིང་ལུགས(Humanism)ནི། གདུག་རྩུབ་གཏུམ་དྲག་གི་ལས་ཀ་དང་མིའི་རིགས་ཀྱི་ལོ་རྒྱུས་འཁྱོག་བཤད་ལ་དགག་ཅིང་འགོག་པའི་ཆེས་མཐའ་མའི་འཛིང་རགས་གཅིག་པུ་དེ་ཡིན"(Said Pxxix)ཟེར་བ་དང་། "བཙན་གནོན་དང་ཚོད་འཛིན། བཟོ་བཅོས(manipulative)མིན་པར། རང་དབང་སྒེར་ཚུགས་ངང་རིག་གནས་དང་སྤྱི་ཚོགས་གཞན་དག་ཇི་ལྟར་ཞིབ་འཇུག་བྱེད་རྒྱུ་ནི་ཆེས་གལ་ཆེ་བའི་ལས་འགན་ཡིན"(Said P24)པར་བཏོན་པ་དེས། "ཤར་ཕྱོགས་རིག་པའི""ཤེས་ཡོན་པ"དང"ཞིབ་འཇུག་པ"དེ་ཚོར་ཤེས་ཡོན་དམན་པས་ནི་མ་ཡིན་པར། རང་དབང་སྒེར་ཚུགས་ཀྱི་སྙིང་སྟོབས་དང་རྒྱུ་འབྲས་བློ་མིག་གིས་དབེན་པ་གསལ་བཤད་བྱས་ཡོད།
སྐབས་འདིར་དམིགས་ཡུལ་ལ་འཇུག་སྟངས་གཞན་ཞིག་ཁོ་བོའི་རྣམ་རྟོག་ཏུ་ཤར་མར་བྱུང་སྟེ། དེ་ནི་ནང་ཆོས་ཁྲོད་ཆེས་མཐར་ཐུག་གི་དམིགས་ཡུལ་འཚང་རྒྱ་ཐབས་ལ་ཤེས་རབ་དང་སྙིང་རྗེ་ཟུང་དུ་སྦྲེལ་རྒྱུ་ཆེས་ནན་དུ་བསྟན་ཡོད་པ་དེ་རེད། དེ་གཉིས་ཟུང་དུ་སྦྲེལ་བས་ད་གཟོད་འཚང་རྒྱ་བའི་དམིགས་པ་མངོན་དུ་འགྱུར་བར་བཤད་ཡོད་ཅིང་། འདིའི་སྐབས་ཀྱི་སྙིང་རྗེའི་ནང་རྒྱུ་འབྲས་བློ་མིག་ནི་ཏན་ཏན་འདུས་ཡོད་པ་རེད། དེས་ན་སྔ་མ་དེ་ཆོས་ལ་འཇུག་མཁན་ལེགས་པོ་ཞིག་འཁྱོངས་རྒྱུའི་ཆ་རྐྱེན་ཡིན་ན། ཤེས་རབ་དང་རྒྱུ་འབྲས་བློ་མིག་ཟུང་དུ་སྦྲེལ་རྒྱུ་ནི་འཇིག་རྟེན་ལ་ཞིབ་འཇུག་མཁན་ལེགས་པོ་ཞིག་འཁྱོངས་པའི་ཆ་རྐྱེན་རེད་འདུག་སྙམ། (རྩོམ་འགན་པ། རྟ་མགྲིན)