ཀྲུང་གོའི་བོད་ལྗོངས་དྲ་བ།>དཔེ་ཀློག

དཔེ་ཀློག་ལྟ་སྦྱོང་།

2016-12-27

(རྩོམ་པ་པོ། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེན་མོ། འགྱན་སངས་རྒྱས་དོན་གྲུབ།)

རྩོམ་པ་པོ།

  རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས། མདོ་སྨད་རྨ་ཆུའི་ལྷོ་རྒྱུད་དུ་ཆགས་པའི་ས་མ་འབྲོག་གི་ཡུལ་ཞིག་ཏུ་སྐྱེས། སྔ་ཕྱིར་རྫོང་མི་རིགས་སློབ་འབྲིང་དང་ནུབ་བྱང་མི་རིགས་སློབ་ཆེན་སོགས་འགྲིམ་ནས་སློབ་གཉེར་བྱས་མྱོང་ལ། སློབ་ཆེན་དེ་ཉིད་དང་མཚོ་སྔོན་སྤྱི་ཚོགས་ཚན་རིག་ཁང་སོགས་ནས་རིག་གནས་དཔྱོད་འཇུག་གི་ལས་ཀ་བསྒྲུབས་མྱོང་། ཁོང་གིས་ལས་ཞོར་དུ་《བོད་ལྗོངས་ཞིབ་འཇུག་》སོགས་རིག་གཞུང་དུས་དེབ་གང་མང་ཅིག་གི་སྟེང་དུ་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་དཔྱད་རྩོམ་མི་ཉུང་བ་ཞིག་སྤེལ་ཡོད་པ་དང་།《དགག་སྒྲུབ་སྙིང་སྟོབས་》སོགས་བརྩམས་ཏེ་བོད་ཀྱི་ཡོན་ཏན་པའི་སྡེ་ལ་ཤུགས་རྐྱེན་ཟབ་མོ་ཞིག་བཞག་ཡོད། ད་ལྟ་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་ན་དགེ་རྒན་གྱི་ལས་ཀ་དོན་དུ་གཉེར་བཞིན་ཡོད།

གཅིག

  ཐོག་མ་དང་ཐ་མ་མི་ཤེས།  ཕ་མཐའ་དང་ཚུར་མཐའ་མི་མཐོང་།  བདེ་ཐབས་དང་སྡུག་ཐབས་མི་ཕྱེད།   གནས་རྐྱེན་དང་འཇིག་རྐྱེན་མི་ངེས་པའི་འཁོར་བའི་གནས་རིས་འདི་རུ།   མི་ཉིད་དང་པོར་ཇི་འདྲའི་མནོག་ཆུང་འཁོས་ཞན་གྱི་སྲོག་ལྡན་ཞིག་རེད་ཨང་།  དེ་ལས་ཀྱང་སྲིད་པའི་གྲོལ་རབས་དང་པོའི་གནས་སྐབས་དག་ལ།  མི་ཚོར་རང་དོན་བསམ་པའི་སེམས་ཡོད་ལ་ཡུལ་ལྔ་འཛིན་པའི་བློ་རྒྱས་ནའང་།  ཐོས་དོན་ཕྱི་ནས་འཚོལ་ལུགས་མེད་གཤིས།   མུན་ཁང་དུ་ཞུགས་པའི་སྤྲེའུ་ཇི་བཞིན་སྣོད་ཀྱི་ཆོས་ཉིད་ལ་མ་ཤེས་མགོ་ཡུ་འཁོར་བར་གྱུར། སྤང་བླང་འཇོག་ལེན་གྱི་རྣམ་གཞག་ཐམས་ཅད་དད་པའི་ཞེ་མགུ་ལ་དབང་བར་བྱས། ནམ་འདོད་ལྟོ་འཚོལ་གྱི་སྲིད་པའི་བདེ་བ་ཙམ་པོ་ཞེ་མགུ་འཐས་སའི་རྟེན་དུ་བཟུང་ནས་སྡོད་པ་ལས་འོས་མེད་པར་གྱུར་པ་ན། བསྐལ་པའི་ཕུགས་ལམ་རིང་མོ་མི་ཆད་ལྟོགས་འཁྱག་གི་རང་ཤོང་སྤྱིལ་བུ་དང་ཤི་འགུམ་རྨས་གསུམ་གྱི་མདའ་གྲི་མདུང་གསུམ་འོག་ནས་མི་བསྐྱལ་བའི་ཐབས་གཞར་ཡང་མེད་པར་གྱུར་ཏོ། །
  ཇི་སྐད་དུ«ཚོམས»ལས།   མུན་པའི་ནང་ཞུགས་གནས་པ་དག  །ཅིའི་ཕྱིར་སྒྲོན་མ་ཚོལ་མི་བྱེད།  །གསུངས་པ་ལྟར་དེ་ལྟ་བུའི་ཤེས་མེད་མུན་སྟོང་དང་ཕུགས་རིས་བདེ་གཟར་སྔས་རྟེན་དུ་བྱས་པའི་ཡུལ་དུས་ལས་རིང་དུ་འགོངས་ཕྱིར། སྐྱེ་བོ་རྣམས་ཀྱིས་ཉི་ཟླ་གཟའ་སྐར་ཟེར་དུ་བཟུང་། མུན་པའི་སྒྲིབ་གཡོགས་ཁམ་དུ་ཟོས་ཏེ་འཇིག་རྟེན་ཤེས་སྤྱོད་ཀྱི་ལམ་པོ་ཆེར་ངང་གིས་འཇུག་པའི་དབུ་ཚུགས་པ་ན།  སྲོག་ལྡན་རྣམས་ཀྱི་གཙོ་བོར་གྱུར་པའི་རྐང་གཉིས་པ་རྣམས་ཐོས་པའི་བསགས་རྒྱབ་ཕྲན་བུའི་ཕན་རླབས་ལ་བརྟེན་ནས་དུད་དེ་འགྲོ་བའི་སྲོག་ལྡན་གྱི་ཁྱུ་ལས་ལོགས་སུ་གྱེས་ཏེ་འགྲེང་ནས་འགྲོ་བའི་སེམས་ཅན་མི་འདྲ་བ་འདི་ཉིད་དུ་གནས་འགྱུར་བྱུང་བར་མ་ཟད། སོ་སོ་མུ་འབྱམས་ཏེ་རིགས་དང་རུས་མི་འདྲ་བ།  གཟུགས་དང་ཁ་དོག་མི་འདྲ་བ།  སྐད་རིགས་དང་ཆ་ལུགས་མི་འདྲ་བའི་གཞུང་དང་སྒེར།  སྡེ་ཤོག་དང་ཚོ་ཤོག་གང་རུང་གི་སྤྱི་གཟུགས་སུ་ཤར་ཐུབ་པར་གྱུར་གཤིས།   དུས་དེ་ནས་བཟུང་ཐོས་པ་དོན་དུ་གཉེར་བའི་སྲོལ་ཀ་འདི་ཉིད་སྨྲ་ཤེས་དོན་གོ་ཅན་གྱི་སེམས་ཅན་རྣམས་འཇིག་རྟེན་དཀར་ངོགས་སུ་ཡུན་གྱིས་བགྲོད་པའི་སྤྱི་སྲོལ་དུ་འཁྱེར་ལ་སྤྱི་ཁ་མཐུན་བྱུང་ངོ་། །

གཉིས།

  འཇིག་རྟེན་ལ་མཐའ་མེད་པ་དེ་བཞིན་ཤེས་བྱ་ལའང་མཐའ་མེད་པའི་ཆོས་ཉིད་འདིས།“རིག་པ་ནངས་པར་འཆི་ཡང་བསླབ”དགོས་པའི་གཉུག་མའི་གནས་ལུགས་འདི་ཉིད་ཟང་མར་བསྟན་ཅིང་། སྐྱེ་བོ་གང་ཞིག་ལ་ལྷན་སྐྱེས་ཀྱི་ཤེས་རབ་དང་བློ་གྲོས་ཇི་ལྟར་ལྡན་ནའང་།  དེའི་མཐའ་དང་ཟུར།   གཞོགས་དང་ལོགས། སྟེང་དང་འོག་རྣམས་ཟམ་མི་ཆད་པར་ཐོས་པའི་བསགས་རྒྱབ་ཀྱིས་སྐྱོར་དགོས་པར་འདོད་པ་རང་གཞན་གཉིས་ཀ་གཅིག་མཚུངས་ཡིན་པར་སྣང་སྟེ། ཇི་སྐད་དུ«ཚོམས»ལས། དེ་བཞིན་འདི་ན་རིགས་སྐྱེས་པའི། །མི་ནི་བློ་གྲོས་ལྡན་གྱུར་ཀྱང་། །སྡིག་པ་དང་ནི་དགེ་བའི་ཆོས།  །མ་ཐོས་བར་དུ་ཤེས་མི་འགྱུར། ། ཞེས་དང་། ནུབ་ཕྱོགས་རྩོམ་རིག་མཁན་པོ་ཤིག་སེ་ཕེར་གྱིས།  ཐོས་པས་གོང་ནས་མ་བཏེགས་པའི་འཚོ་བ་གང་ཞིགཉི་འོད་མི་ཕོག་པའི་བྲག་ཕུག་ཁ་བྱང་ལྟ་དང་འདྲ་ལ། ཐོས་པས་ཞབས་ནས་མ་བཏེགས་པའི་ཤེས་རབ་གང་ཞིགགཤོག་ཡ་ཆད་པའི་བྱེའུ་ཆུང་དང་འདྲའོ་ཞེས་གསུངས་པ་ལྟར།   སྐབས་ཐོབ་ཀྱི་ཐོས་པས་གཞུང་མ་བསྲངས་པའི་བློ་གྲོས་དང་ཤེས་རབ་གང་དེ།  ཇི་སྐད་དུ་ས་པཎ་གྱིས། བློ་གྲོས་ཞན་པའི་འདོད་གཏམ་དང་། །ཅང་ཤེས་མིན་པའི་རྟ་མཆོག་དང་།  །གཡུལ་ངོར་ལྷུང་བའི་རལ་གྲི་རྣམས།  །སུ་ཡི་གྲོགས་འགྱུར་ངེས་པ་མེད། །ཅེས་གསུངས་པ་ལྟར་ཧམ་པ་ཁ་ཐལ་གྱི་ཟ་འདྲེ་དང་ཆུ་ངན་ལམ་ཞུགས་ཀྱི་ཤི་འདྲེ།  གཉིས་འཕུང་བདག་བརླག་གི་འགོང་འདྲེ་རུ་མི་འགྱུར་པའི་ངེས་པ་གཏན་ནས་མེད་པ་དཔེར་ན།  ཤེས་སྤྱོད་ཀྱི་འོ་མཚོ་གནའ་འོག་སྐྱེ་འགྲོའི་གསོས་སུ་ཕྱོགས་མཚམས་ཀུན་ནས་ལུད་བཞིན་པའི་དེ་རིང་གི་དུས་འདི་ཡིན་ཀྱང་།  འུ་ཅག་གི་མདུན་རྒྱབ་དག་ན་ཁ་མཁས་མཛེས་སྲོལ་དང་ཡོ་འཁྱོག་འཕྲུལ་གསུམ།  རྫུན་གཡོ་ཁྲམ་གསུམ། ཟ་རྒྱག་སྤྱོད་གསུམ་གྱི་ངན་གོམས་ཆེན་པོ་ལ་སྦྲང་ནག་གི་སྡེ་ཚོགས་ཆེན་པོས་རོ་མྱགས་ཀྱི་འདམ་ལ་འུབ་རུབ་རྒྱག་པ་ལྟར་མ་བགྲོས་ངང་གིས་འདུས་ནས་སྤྱོད་པ་ལས།   ལེགས་ལམ་དུ་གྱུར་པའི་བྱ་བ་སྣ་གཅིག་ཀྱང་སེམས་ལ་མི་ཤར།  མིག་གིས་མི་མཐོང་།  རྣ་བས་མི་གོ་ལག་གིས་མི་འཇོན་པའི་སྒང་ལ།  ཡ་རབས་ཀྱི་རྣམ་སྲོལ་མཐའ་དག་དགོས་མེད་ཤུལ་ལྷག་གི་དངོས་པོར་རྩི་བཞིན།   རང་འདོད་རྨོངས་ཤེད་ཆེན་པོས་རྒྱུ་འབྲས་བློ་མིག་དང་མེས་པོའི་མི་ཆོས་བཟང་པོའི་རྣམ་སྲོལ་ལ་དྲེགས་པའི་ཁུ་ཚུར་གྱིས་བརྡེག་པ་ལྟ་བུའི་བྱ་ལོག་དོན་ལོག་སྣ་ཚོགས་གཅིག་འགྱེལ་གཉིས་ལང་གིས་རྩོམ་བཞིན།   ཉིན་མཚན་ཐོག་ཐག་ལ་རང་བདེ་རྩ་ཡི་གྲིབ་མར་སེམས་ངལ་གསོ་བའི་དཔེ་ཆ་བ་ཐ་མ་སྙིང་ལ་དུག་ཆུ་ཞུགས་པ་གང་མང་ཐ་རྒོད་དུ་ཤོར་བའི་ཞིང་ཁུག་ཏུ་འཇག་མའི་ཕོན་པོ་འཕྱུར་བ་ཇི་བཞིན་བརྒྱ་ཤི་སྟོང་ལང་གིས་འཕེལ་བ་ལས།   དྲང་གཞག་ཐུགས་གཙང་ནུས་ཁེལ་འགྲོ་ཁྱབ་ཀྱི་དགོངས་པ་ཡངས་ཤིང་།  རིགས་དོན་འགེལ་ཕོག་གི་ཐེག་པ་མ་བསྐོས་བབ་ཁུར་དུ་ལེན་ནུས་པའི་སྐྱེས་བུ་ཤེས་ཡོན་པ་བརྒྱ་ལམ་ན་མ་གཏོགས་རྙེད་དཀའ་བར་གྱུར་པའི་རྒྱུ་དང་རྩ་བའང་མཐར་དེད་ན།  ཐོས་པའི་བསགས་རྒྱབ་ཉུང་བའམ།  ཐོས་དོན་ཉི་ཚེ་བ་རེ་ཡོད་ཀྱང་རང་རྒྱུད་ལ་སྣ་གཅིག་ཀྱང་སྦྱོར་མི་ཤེས་པའི་རྨོངས་འཁྲིས་གཏིང་ནག་དེ་ལ་ཐུག་འདུག་པ་ལྟ་བུའོ། །

གསུམ།

  ཇི་སྐད་དུ«སྐྱེས་རབས»ལས།   ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན།   །རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག  །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན།   །ཐབས་ཚུལ་མན་ངག་སྟོན་པས་གྲོགས་ཀྱི་མཆོག  །ཕོངས་པར་གྱུར་དང་མི་འགྱུར་མཛའ་བོ་སྟེ།  །གནོད་པ་མེད་པ་མྱ་ངན་ནད་ཀྱི་སྨན། །ཉེས་པ་ཆེན་པོའི་དཔུང་འཇོམས་དཔུང་གི་མཆོག །གྲགས་དང་དཔལ་དང་གཏེར་གྱི་མཆོག་ཀྱང་ཡིན། །ཡ་རབས་རྣམས་དང་ཕྲད་ན་སྐྱེས་ཀྱི་མཆོག  །ཚོགས་ཀྱི་ནང་ན་མཁས་པ་མགུ་བར་འགྱུར། །གསུངས་པ་ལྟར།  དཔེ་ཀློག་ནི་སྐྱེས་བུ་རང་མཚན་པ་རྣམས་མནོག་ཆུང་འཁོས་ཞན་གྱི་གནས་སྐབས་ལས་ཐར་ཏེ་ཡང་རྩེའི་སྒང་ལ་ཡས་སྒྲོན་དང་གོས་ཆེན་སྒང་ལ་ཕར་ཕྱིན་འོང་བའི་གནད་ཀྱི་དོན་པོ་ཡིན་པར་མ་ཟད།  མི་རིགས་ཤིག་དང་ཚོགས་པ་ཞིག  རྒྱལ་ཁབ་ཅིག་སྒྲིག་ཆུག་ཆུ་མོ་ལམ་ཞུགས་ཀྱི་ཆོས་ཉིད་རྣལ་མའི་སྟན་ལ་འཇམ་ཅག་གེར་བཞུགས་ཀྱིན།   འཇིག་རྟེན་གྱི་འཁོས་ཀ་ས་ལྒང་རིལ་མོའི་མིག་ལྟོས་སུ་འཕྱར་ནུས་ཀྱི་སྟོབས་དང་ནུས་པའི་འབྱུང་གནས་སུའང་རང་བཞིན་གྱིས་གྲུབ་འདུག་སྟེ།  ཕོ་ཁྱོ་རྣམས་ཀྱིས་དགྲ་འདུལ་གཉེན་སྐྱོང་བྱ་ལུགས་ནས་མོ་བཙུན་རྣམས་ཀྱིས་བུ་ཚ་འཁོར་འདབས་སྐྱོང་ལུགས། དཔའ་བོ་རྣམས་ཀྱིས་གཡུལ་ཐབས་ཇུས་ཀྱིས་འཛིན་ལུགས།  ཡུལ་དཔོན་རྣམས་ཀྱིས་ཡུལ་སྲིད་བདེན་གྱིས་སྐྱོང་ལུགས།  གཙོ་བོ་རྣམས་ཀྱིས་རྒྱལ་ཁམས་བདེ་ལ་འགོད་ལུགས།  མི་སེར་རྣམས་ཀྱིས་རང་ཁྲིམས་ཁུར་དུ་ལེན་ལུགས། གཞུག་མ་རྣམས་ཀྱིས་ཕ་ཤུལ་བུ་ཡིས་འཛིན་ལུགས། ཚོང་དཔོན་རྣམས་ཀྱིས་ལོངས་སྤྱོད་ཕྱྭ་གཡང་འགུག་ལུགས་རྣམས་མ་ཟད།  བླ་མ་རྣམས་ཀྱིས་བྱང་སེམས་ཐུགས་ལ་བསྲེ་ལུགས། སྟོན་པ་རྣམས་ཀྱིས་རྩོམ་འཆད་ཕྱག་ལས་གནང་ལུགས།  སྒོམ་ཆེན་རྣམས་ཀྱིས་སྒྲུབ་པའི་གནད་ཀ་འཚོལ་ལུགས། མཁས་པ་རྣམས་ཀྱིས་སྲོལ་རྒྱུན་རྒྱུན་འཛིན་བྱ་ལུགས་བར་གྱི་བྱ་གཞག་ཐམས་ཅད་དཔེ་ཀློག་དང་མ་འབྲེལ་བ་གཅིག་ཀྱང་མེད་པའི་ཕྱིར་རོ། །གནད་ལ་བརྟགས་ན།  སྲོང་བཙན་སྒམ་པོས་འགྲོ་དོན་རྒྱ་ཆེར་མཛད་ཀྱང་སྐྱོན་གྱིས་མ་གོས་ཤིང་ནམ་ཞག་གཏན་ལ་འགྲོ་བའི་ཁ་ལོ་སྙོམས་ཐུབ་པར་གྱུར་དོན། ཕྱོགས་བཞིའི་ཐོས་པ་མུ་མེད་འབྱམས་ཀླས་སུ་བསགས་པའི་བོགས་ནུས་རེད་ལ། “ལྷ་ལུང་དཔལ་རྡོས”རང་སྲོག་དམར་པོ་འབེན་ལ་བཙུགས་ནས་ཆོས་ཀྱི་ཁ་འཛིན་ཞེ་ཡིས་མཛད་ཀྱང་སྲིད་ཀྱི་རྩ་བ་རྨང་ནས་བསྒྱེལ་དོན།  ཞེན་འཛིན་གྱི་འབྱུང་གཞིའི་སྐུ་ལ་ཐོས་པའི་སྐྱེ་མཆེད་མ་རྫོགས་པའི་ཉེས་ཕུག་དེས་བྱས་པ་ལོས་ཡིན་སྙམ་མོ། །
  དཔེ་ཀློག་ལ་འཇུག་པ་དོན་ལ་སྔ་རབས་ད་འབྱུང་གི་མཁས་པ་འཛམ་གླིང་འཛིན་མའི་རྒྱན་དུ་ཤར་བ་རྣམས་ལ་དངོས་བཅར་གྱིས་བཀའ་འདྲི་ཞུ་ཚུལ་ལམ་ཞལ་གཏད་ཀྱིས་གཏམ་བཤད་བགྲོ་གླེང་བྱ་ཚུལ་དངོས་རེད་འདུག་པས།  དཔེ་ཀློག་ལ་སྤྲོ་བའི་ཕོ་ཁྱོ་གང་དེ།  ཨེན་སི་ཏེན་ཇི་བཞིན་ཡུན་ཐུང་ཚེ་ཡི་སྙིང་པོ་དོན་ལྡན་དུ་བྱ་ནུས་པའི་སྐྱེས་བུ་བློ་གསལ་གོ་ཆོད་དེ་ཡིན་ངེས་ལ།  དཔེ་ཀློག་ལ་སྤྲོ་བའི་ཨ་མ་གང་དེ།  མར་རའེ་ཁུ་རའེ ཇི་བཞིན་ཤེས་ཡོན་གྱི་སྟོབས་ཤུགས་སྤྱད་དེ་མི་རིགས་ཀྱི་ཉམ་ཉེས་མི་མངོན་དབྱིངས་སུ་སྐྲོད་མཁན་མཛངས་མ་ཤེས་འཁོས་གཉིས་ལྡན་དེ་ཡིན་ངེས།    དེ་བཞིན་དཔེ་ཀློག་ལ་སྤྲོ་བའི་མི་རིགས་གང་དེ།   ཡ་ཧུ་དཱ་པ་ཚོ་ཇི་བཞིན་སྲིད་འབྱོར་རིག་གསུམ་གྱི་སྤྱི་གཟུགས་ཤེས་རབ་ཀྱི་སྟོབས་སུ་བདོ་བའི་མི་རིགས་དེ་ཡིན་ངེས་ལ།  དཔེ་ཀློག་ལ་སྤྲོ་བའི་སྤྱི་ཚོགས་ཀྱི་རིགས་རྣམ་གང་དེ།  རྒན་མོ་གསེར་ཁུར་གྱི་སྒྲོན་བསྐལ་ཇི་བཞིན་དྲག་ཞན་ཡོངས་ཀྱིས་རང་ཁྲིམས་ཐེག་པ་ཁུར་ལེན་གནང་ནུས་པའི་ཤེས་སྤྱོད་ཀྱི་སྤྱི་ཚོགས་དེ་ཡིན་ངེས་སོ། །

བཞི།

  དེ་རིང་ཁ་སང་ཡིན་ཀྱང་།  མཐོང་ཚད་ཟ་ཆོག་གི་ལྟོ་འདུན་ལ་དང་དོད་ཆེ་བ་ལས་དཔེ་ཀློག་ལྟ་སྦྱོང་ལ་ཞེ་ཡིད་སུན་པར་གྱུར་པའི་རིགས་དང་རུས།  གཞུང་དང་སྒེར།  སྡེ་ཤོག་དང་ཚོ་ཤོག་སུ་དང་གང་དེ།  རིག་གནས་ཀྱི་བསགས་རྒྱབ་དང་ལྟ་བའི་གནས་མལ།  བློ་གྲོས་ཀྱི་འབྱོར་བས་གདོད་ནས་བཀྲེན་པོར་བཏང་ཡོད་གཤིས།  ཡུལ་དུས་དེ་དག་ཏུ་གདོད་ནས་འདྲ་བདེན་མི་བྲིན་གཡོ་ཐབས་བྲིན།  དམ་པ་མི་བྲིན་ཟོག་པོ་བྲིན།  མཁས་པ་མི་བྲིན་རྫུན་མ་བྲིན།  ཡ་རབས་མི་བྲིན་མ་རབས་བྲིན།  དཀར་ཕྱོགས་མི་བྲིན་ནག་ཕྱོགས་བྲིན་པ་ཆོས་ཉིད་ཡིན་གཤིས།  སྔ་རབས་ད་འབྱུང་གསུམ་གར་སྐྱེ་བོ་རྣམས་ཀྱི་ནང་གི་དེ་ཉིད་ལ་ཡར་སྐྱེད་སྣ་གཅིག་ཀྱང་མེད་པར་དུས་ངན་བསྐལ་པའི་སྙིགས་མ་ལ་གནས་དགོས་པའི་རྒྱུ་འབྲས་ཀྱི་གནས་ལུགས་འུ་ཅག་ལ་དབང་མངོན་དུ་སྣང་བཞིན་པ་འདིར་དགོངས་པ་རེ་བཞེས་དང་།  དཔེ་ཀློག་མེད་པའི་སང་ཉིན་ལ་སྡུག་གི་ཁུར་བོ་ཇི་འདྲའི་ལྗིད་ཏིག་གེ་ཞིག་ཡོད་ཨང་།
  གནས་ལུགས་འདི་བཞིན།  ཆོས་པ་དང་འཇིག་རྟེན་པའི་ཁྱད་པར་མི་ངེས།  བསྟན་དོན་དང་རིགས་དོན་གྱི་གཙོ་ཕལ་མི་མཐོང་།  སློབ་ཆེན་དང་སློབ་འབྲིང་གི་དབྱེ་བ་མི་ཕྱེད།   དགོན་སྡེའི་སློབ་གསོ་དང་སློབ་ཆེན་སློབ་གསོའི་མཚམས་ཚིགས་མི་གསལ་བར་ཐམས་ཅད་སྤྱི་མཐུན་དུ་གྲུབ་ཀྱང་།  ད་དུང་སྣང་བ་དགུང་དུ་འཕྱོ་ཞོར་རང་ཉིད་སློབ་ཆེན་གྱི་རྩེ་མོར་ཁས་འཆེས་པའི་འུ་ཅག་གི་སློབ་ཆེན་ཁག་གཅིག་གི་སློབ་གསོའི་གནས་བབ་ལ་གཅིག་གཟིགས་དང་།   མ་འོངས་པར་ཡར་སྐྱེད་ཀྱི་རེ་བ་ཇི་འདྲ་ཞིག་ཡོད་མེད་མིག་ལ་རི་མོ་བཞིན་འཆར་འོང་གི    འདི་ཐམས་ཅད་འུ་ཅག་གི་སློབ་གསོའི་སྣེ་འཛིན་པ་ཁ་ཅིག་དང་སྣེ་འཛིན་པའི་ཞབས་འབྲིང་རྣམས་ཀྱི་ཕུགས་བསམ་གྱི་སྤྲོས་པ་པགས་པ་མེ་ཡིས་འདུས་པ་ལྟར་ཤིན་ཏུ་ནས་ནང་དུ་བསྡུས་དྲགས་ཤིང་།  སྤྱན་གྱི་གཟིགས་རྒྱ་ཁབ་མིག་སྐུད་པས་ཁེངས་ལྟར་ཤིན་ཏུ་ནས་དོག་དྲགས་གཤིས། ཨ་ནེའི་ཁོག་པར་བཟང་སྤྱོད་མི་ཤོང་བའི་དཔེ་ལྟར་རིགས་ཀྱི་འཚོ་གནས་ལ་མཁོ་ངེས་སུ་གྱུར་པའི་གསར་པ་ཐམས་ཅད་བརྒྱ་བཤིག་སྟོང་བརླག་གི་བྱེད་གཏེ་རུ་བརྩིས་ཏེ་མཐོང་མ་ཐག་ནས་དགག་ཐབས་བྱེད་ཞོར། “ཤ་ཚ”དང“སྙིང་རྗེའི”སྤྱན་འབྲས་ཆེན་པོ་ཕོར་ཁ་ཙམ་ཞིག་བགྲད་དེ་ཁྱོད་ཚོ་ལས་ང་ཤིན་ཏུ་མཁས་མདོག་གི་རྣམ་འགྱུར་སྟོན་ཞོར་འདི་ཡིན་དེ་མིན་གྱི་བསླབ་བྱ་བྱེད་ཅིང་།  སློབ་གསོའི་སྲོག་རྩ་སྣེ་འཛིན་པ་རང་གི་བསྙེན་བསྲིང་ཕྱོགས་ལྷུང་དང་ཉེ་སྐྱོར་ཕྱོགས་འཕུལ་གྱི་ཇུས་གཅོད་དམ་རྫི་ཅན་དེའི་འོབས་ཞབས་སུ་བཅུག་རྗེས། མགོ་ལ་མེ་ཤོར་ཡང་སྔར་བཞིན་ཟོན་མེད་དུ་སྡོད་ཅིང་།  ནང་ལ་མུ་གེ་བྱུང་ཡང་ད་དུང་སྣང་མེད་དུ་སྡོད་ཐབས་བྱེད་པའི་གནད་ཀ་ལ་ཐུག་འདུག་སྙམ་མོ།   ། 
  བརྟགས་ཤིང་དཔྱད་ན།   འདི་ལྟ་བུའི་བསམ་སྦྱོར་ཐམས་ཅད་ཤ་ཚ་མི་ཤེས་པའི་སྟེང་ལ་སོ་སོའི་བློ་གྲོས་དང་ཤེས་རབ་ཀྱི་རྩ་བ་གང་དེ།   ལྟ་གསར་ཐོས་གསར་གྱི་ཆུ་ལུད་དང་འབྱུང་བའི་དྲོད་གཤེར་གྱིས་མི་གསོ་བའམ་གསོ་མི་ཤེས་པའི་གནད་ཀྱིས་བྱས་པ་ཡིན་པ་འབྲས་བུའི་རྟགས་ཀྱིས་གྲུབ་འདུག་པ་དེ་བཞིན་ཡིན་པས།  བསླབ་པ་དོན་གཉེར་ལ་བརྟེན་ནས་ཚེ་ལ་སྙིང་པོ་ལེན་འདོད་ཀྱི་སློབ་གྲོགས་རྣམས་ཀྱིས་གཡག་ཞར་གྱིས་རྩྭ་ཟ་བ་ལྟ་བུའི་དཔེ་ཀློག་ལྟ་སྦྱོང་གི་ངན་གོམས་མཁྲེགས་པོ་འདི་རིགས་མཁོ་མེད་འཕྲོས་འཁྱིལ་དུ་གཞག་དགོས་སྙམ་མོ། །

ལྔ།

  འུ་ཅག་གི་མི་རབས་འདིར།  བདུང་ལེན་གྱི་བསྟན་པ་མགྲིན་པ་འདེགས་ཤེས་མིན་གཉིས་ཀར་ཐུན་མོང་དུ་དབང་བ་ཇི་བཞིན།  དེབ་རྩོམ་གྱི་ལས་མཛད་ཀྱང་སྨྱུ་གུ་འཛིན་ཤེས་མིན་གཉིས་ཀར་ཐུན་མོང་དུ་དབང་གཤིས།  གྲོག་མ་ཚང་བརྡོལ་ལྟར་ཚོང་འདུས་ཀྱི་ཕྱི་ནང་ཐམས་ཅད་དཔེ་དེབ་སྣ་ཚོགས་བཀང་འདུག་ན།  དེ་དག་ལ་གནས་དུས་བབ་ཡུལ་ལ་ལྟོས་པའི་ལྟ་རི་མིན་གྱི་རྣམ་གཞག་ཅིག་མཁོ་བ་ལོས་བདེན་ཀྱང་།  སེམས་ཅན་གྱི་ཁམས་དང་མོས་པ་སྣ་ཚོགས་ཤིང་།  ལྟ་བ་དང་ཆུ་ཚད།  དགོས་པ་དང་དམིགས་བྱ་ཡང་དེ་བཞིན་གཅིག་ཏུ་མ་ངེས་གཤིས།  ལྟ་རུང་མིན་ལ་ཆེད་མངགས་འཇོག་ལེན་གྱི་སྲང་མདའ་ཞིག་འཇམ་པའི་དབྱངས་ཀྱིས་བཙལ་ཡང་མི་རྙེད་ལ།  ཤཀྱ་ཐུབ་པས་བཞག་ཀྱང་མི་ཕན་པར་སྣང་སྟེ།  བཀྲ་ཤིས་ལ་དོན་ཆེན་དུ་སྣང་བའི་དཔེ་དེབ་གང་དེ་ལྷག་པ་ལ་དོན་མེད་དུ་སྣང་ངེས་ཤིང་།  ཨང་རྩིས་དགེ་རྒན་ལ་རྔོ་ཐོགས་པའི་དཔེ་དེབ་གང་དེ་སྐད་ཡིག་དགེ་རྒན་ལ་ཕན་མེད་དུ་འགྱུར་ངེས་ལ།  ཤིང་བཟོ་ཀུན་དགའ་ལ་མཁོ་ཆེ་བའི་བཟོ་རིག་གི་དཔེ་དེབ་གང་དེ་ལྷ་བཟོ་ཀརྨ་ལ་མཁོ་ཆུང་དུ་སྣང་བ་ལྟར་ལགས་པའི་ཕྱིར་རོ།  །
  གནད་ཀྱི་དོན་པོ་ནི་མཁས་པ་རྣམས་ཀྱིས་དེ་སྐད།  རང་ཉིད་ཀྱི་ཀླད་པ་མི་གཞན་གྱི་རྟ་རྒྱུགས་སར་གཏང་མི་རུང་ཞེས་གསུངས་པ་ལྟར་ལྟ་བའི་ཆ་ནས་དཔེ་ཆ་བ་རང་ལ་ལེགས་ཉེས་བླང་དོར་རྣམ་འབྱེད་ཀྱི་ཤེས་རབ་དང་ཟེར་རྗེས་ལུང་ཤུལ་མི་འབྲང་བའི་བརྟན་བརླིང་གི་རང་ཚུགས་ཅུང་ཟད་རེ་འཛོམས་སྟེང་།   གཞན་ལྟ་གང་དེར་དཔྱོད་ཤེས་ཀྱི་ལམ་ནས་དོགས་སློང་དང་དགག་སྒྲུབ་གནང་ནུས་ཀྱི་རྗེས་དཔྱོད་དཀྱེལ་ཆེའི་ཚངས་ཐིག་ཏུ་གྱུར་བ་རེ་ཡོད་ཚེ།   “དཔེ་མང་ལྟ་བ་ཤེས་རབ་འཆལ་བའི་རྒྱུར”མི་འགྲོ་བར་མ་ཟད།   ཇི་སྐད་དུ«ཚོམས»ལས།  མིག་ལྡན་མར་མེ་ཡོད་པ་ཡིས།   །གཟུགས་རྣམས་མཐོང་བ་ཇི་ལྟ་བར།  །ཞེས་གསུངས་པ་ལྟར་ལྡོག་སྟེ་མིག་ལྡན་གྱི་ལག་ཏུ་གསལ་སྒྲོན་བཞག་པས་གཟུགས་ཕྲ་རགས་སྔོན་ཆད་མཐོང་མྱོང་མེད་པ་གང་མང་གསར་དུ་མཐོང་ནུས་པ་ལྟར་དཔེ་དེབ་ཀློག་སྐབས།   བཟུང་ན་མིག་གིས་ཟིན།  བསམས་ན་དོན་རྩ་གོ  བསྒོམས་ན་སེམས་ལ་གོམས་པར་འགྱུར་གཤིས།  དེ་ལྟ་བུའི་བློ་དཔྱོད་ལ་བརྟེན་པའི་དཔེ་ཀློག་གི་འདུ་བྱེད་གང་དེ།  ཤེས་རབ་འཕེལ་བའི་རྒྱུ་དང་རང་སོ་ཟིན་པའི་རྩིས།  ངན་ཁ་བསྒག་པའི་གྲོགས་སུ་འགྲོ་ངེས་སོ།  ། 
  མི་ཆུ་ལ་གཡུག་པར་རང་ཆུ་ཕྱེད་བརྒལ་དགོས་པའི་གནས་ལུགས་བཞིན།  ལྟ་བ་གང་དེ་ཚར་གཅད་དགོས་ནའང་།  མ་མཐར་ཡང་དེབ་གང་དེའི་ཁ་ཙམ་ཕྱེ་དགོས་པ་སྨོས་ཅི་དགོས་ཀྱང་།  འུ་ཅག་གི་མཁས་པ་ཚོའི་སྙན་གྱི་དབང་པོས་དཔེ་དེབ་གང་ཞིག་གིས་སྲོལ་རྒྱུན་ལས་འགོངས་པའི་རྗེས་དཔྱོད་ཀྱི་རྣམ་རྟོག་སྤྲོས་ཡོད་ཚུལ་ལྟ་བུའི་གཏམ་འཕྲིན་རེ་གསན་པ་ན།  དེ་མུར་ཐུགས་རླུང་རྐྱལ་བ་གང་རེ་བཞེས་ཏེ“དོན་མེད་དོན་ལོག་དོན་འཆལ་གྱི་དེབ”དེ་ཚོར་མིག་གིས་མ་དགོས་ལྟག་ཁུང་གིས་ཀྱང་མི་བལྟ་ཟེར་ཞོར་དགག་བྱ་མེ་སྟག་འཕྲོ་ཞིང་དུ་སྨུག་འཕྱུར་འདྲ་རེ་གནང་བར་མ་ཟད།   སློབ་གྲོགས་རྣམས་ལའང་ལྟ་རུང་གི་ཁྲོལ་ཆ་མཐའ་གཅིག་ཏུ་མི་སྩོལ་བ་འདི།  དོན་ལ་འདྲེ་ཤར་གླུད་ནུབ་ཀྱི་སྐུ་ངལ་དང་གཟུགས་མེད་གཟུགས་བཅོས་ཀྱི་ལས་ངན་བསགས་པའི་རྒྱུ་དང་རྩ་བ་ལས་མ་འདས་ཤིང་།  རྣམ་པ་གཅིག་ཏུ་ན་བདག་ལེགས་སུ་འདོད་པས་གཞན་གྱི་ཕུན་ཚོགས་ལ་སེམས་ཀྱི་གཏིང་རིམ་ནས་མི་བཟོད་པར་སྡང་ཞུགས་ཕྱོགས་འཛིན་བྱ་ཚུལ་ཡང་ཡིན་སྲིད་པས།   སློབ་གྲོགས་རྣམས་ཀྱིས་བསླབ་པའི་རྟེན་ནམ་མིག་ལྟོས་སུ་གཟུང་འོས་ཁྱོན་ནས་མི་འདུག་སྙམ་མོ།  །

དྲུག

  མིག་ལ་ཐོགས་ཚད་དང་ལག་པས་རེག་ཚད་ཀྱི་དཔེ་དེབ་ཡོད་རྒུ་བཀླག་དགོས་ཚེ།  མིག་སྟོང་ཅན་ཡིན་ཡང་ངལ་བར་འགྱུར་པས།   ཀུན་འབྱུང་སྲིད་པའི་ལས་ཀྱིས་ལུས་སེམས་ཀུན་ནས་དུབ་པར་བྱས་པའི་འུ་ཅག་གིས་འཇོན་སྐབས་ག་ལ་ཡོད། དེ་ལྟ་ནའང་།  དོན་དམ་པས་ཐོས་པ་དོན་དུ་གཉེར་མཁན་ཞིག་ཡིན་ཙ་ན།  བཀླག་དགོས་ངེས་སུ་གྱུར་པའི་དཔེ་དེབ་རིགས་མི་འདྲ་བ་བཞི་ཙམ་ཞིག་ནམ་ཡང་རང་ལུས་དང་ཡ་མི་བྲལ་བར་བྱ་དགོས་པར་མཁས་པ་ཚོས་བཞེད་དེ།
  དང་པོ་ནི་དེ་སྐད་དུ་མཁས་པ་གོང་མ་ཚོས།  “ངེད་ཚོ་དཔེ་ཆ་མིན་ཞེས་ཆོས་ཀྱི་སྐལ་པ་བཅད་ནས་སྡོད་ག་ལ་དགོས། རྟ་གླང་།  ལུག་ལ་སོགས་པར་རང་གི་སྟོབས་དང་བསྟུན་པའི་ཁལ་འགེལ་རྒྱུ་ཡོད་པ་ལྟར་ཐོས་པ་ཡང་རང་གི་བློ་དང་བསྟུན་ནས་བྱེད་དགོས གསུངས་པ་ལྟར་རང་གི་བློ་ཁ་དང་འཚམ་པའམ་རང་ཉིད་དང“ལས་འབྲེལ”ཡོད་པའི་དཔེ་དེབ་སྟེ་སྐོམ་འདོད་པ་ལ་སྐོམ་དང་ཟས་འདོད་པ་ལ་ཟས།  གོས་འདོད་པ་ལ་གོས་ཐོབ་པས་ཡིད་མྱོས་པར་འགྱུར་པ་ལྟར་སྐྱེ་བོ་སོ་སོའི་ཤེས་འདོད་ཀྱི་ཚ་གདུང་ལ་དུས་ཐོག་གི་ཆར་བར་གྱུར་པའི་རང་དང་གཞན།   ཕྱི་དང་ནང་།  གནའ་དང་དེང་།  ཤར་དང་ནུབ་ཀྱི་རིག་གནས་ལྟ་གྲུབ་དང་ལོ་རྒྱུས་ཀྱི་བྱུང་རབས་སོགས་སྟོན་པའི་བསྟན་བཅོས་ཚད་མར་གྱུར་པ་རྣམས་སོ། །ཡ་ཧུ་དཱ་པ་ཚོས་ཆ་སྙོམས་ཀྱིས་མི་རེས་ལོ་རེར་དཔེ་དེབ༦༤རེ་ཀློག་གིན་ཡོད་པར་བཤད་དེ།  རྣམ་སྲོལ་འདི་འུ་ཅག་དང་ཡུལ་དུས་ངོ་བོ་གསུམ་གྱིས་བསྐལ་འདུག་གཤིས་འོང་དཀའ་ཚོད་དུ་འདུག་ཀྱང་།  མ་མཐའ་ཡང་ཚེ་གང་བོར་རབ་ཡིན་ན་ཚད་མར་གྱུར་པའི་བསྟན་བཅོས༥༠ཡན་བཀླག་ཐུབ་རྒྱུ་དང་།  དེ་མ་བྱུང་ཡང་འབྲིང༢༠ཡན་བཀླག་ཐུབ་རྒྱུ།  དེའང་མ་བྱུང་ཚེ་ཐ་མ༡༠ཡན་ཞིག་ཅིས་ཀྱང་བཀླག་རྒྱུ་ཐུགས་ལ་ངེས་དགོས་སོ། ། 
  དེའང་ཇི་སྐད་དུ་ཞོ་ཕེན་ཧ་ཝུར་ལགས་ཀྱིས། “གནའ་དཔེ་གྲགས་ཆེན་དག་བཀླགས་པ་ལས་འབྱུང་བའི་དགའ་བ་འདི་གཞན་སུ་དང་གང་གིས་ཀྱང་སྟེར་ནུས་མེད་དེ།  གནའ་དཔེ་འདི་རིགས་ལག་ཏུ་བླངས་ནས་ཇ་ཐུན་གཅིག་གི་ཡུན་ལ་བཀླགས་པས་ཀྱང་།  ལུས་སེམས་ལྷོད་ནས་བདེ་ལ་འབབ་ཅིང་དགའ་བས་མྱོས་ཏེ་གྲོལ་བར་འགྱུར་བ་དཔེར་ན།  འཇམ་མཉེན་དྭངས་བསིལ་གྱི་ཡོན་ཏན་ཡོངས་སུ་རྫོགས་པའི་ཆུ་མིག་གི་ཆུ་བཏུང་བས་ལུས་སེམས་བདེ་བག་གིས་ཚིམ་པར་འགྱུར་པ་ལྟ་བུའོ” ཞེས་གསུངས་པ་ལྟར་བརྗོད་བྱ་དང་རྗོད་བྱེད་གཉིས་ཕྱོགས་ཀྱི་བཟང་པོའི་བག་ཆགས་ཅི་རིགས་རང་རྒྱུད་ལ་བགོ་ཕྱིར། འདི་ཕྱོགས་ཀྱི་དཔེ་དེབ་ཀློག་སྐབས། བཞིན་སྟབས་མཁས་པ་རྣམས་ཀྱི་སོར་མོའི་འདུ་བྱེད་ཀྱིས་གཞན་དུ་མ་བསྒྱུར་པའི་མ་རྩོམ་བཀླག་ལ་དགོངས་པ་གཏད་དགོས་སོ། །
  གཉིས་པ་ནི་ལྟ་བའི་སྲོལ་གསར་དུ་བཏོད་ཅིང་རྟོགས་པའི་སྒོ་དང་པོར་ཕྱེ་བར་མ་ཟད།  དོན་གྱི་གནད་ལ་རིགས་པས་རྩད་བརྡར་ཆོད་ཡོད་གཤིས།   རིག་སྒོ་དེ་ཉིད་ཀྱི་ཁོངས་ན་ཀུན་གྱིས་ཏོག་དང་རྒྱལ་མཚན་དུ་བཀུར་བའི་ཆེད་ལས་ཕྱོགས་ཀྱི་དཔེ་དེབ་དག་སྟེ།  ལྷོ་ཙན་དན་གྱི་ཤིང་ནགས་འགུལ་བ་ལ།  བྱང་སྐྱི་སེར་གྱི་རླུང་པོ་རྒྱག་དགོས་པ་ལྟར་གསར་རྟོགས་དང་གསར་རྙེད་ཀྱི་ཕྱིའི་བག་ཆགས་དེ་རིགས་མ་མྱངས་ཚེ། སྙན་གྲགས་གཡུ་འབྲུག་སྐད་ལས་ཆེ་བའི་རིགས་གཅིག་རྐང་འཛིན་པ་ཞིག་ཡིན་དུ་ཆུག་ཀྱང་།  རང་ཉིད་ཀྱི་ལྟ་གྲུབ་ལ་དུས་བསྟུན་གྱི་ཡར་སྐྱེད་ཅི་ཡང་འབྱུང་མི་སྲིད་པར་གང་བསམ་ཅི་སྨྲས་ཐམས་ཅད་རིམ་གྱིས་ཤུལ་འབབ་ལྷག་འཁྱིལ་དུ་ལུས་ནས་སྤྱི་ཚོགས་ལ་རྔོ་ཐོགས་སྐབས་མེད་པར་འགྱུར་ངེས་གཤིས། ཐོས་པ་ལྷུར་ལེན་མཁན་དག་གིས་བརྒྱ་ལ་རང་ཉིད་དབང་རྟུལ་དད་པའི་རྗེས་འབྲང་གི་རིགས་ཅན་དུ་གྱུར་ཡོད་དུ་ཆུག་ཀྱང་།    གླ་བས་རྩྭ་ཟ་བ ལྟར་རབ་དང་ཕུད་དུ་གྱུར་པའི་ཆེད་ལས་ཕྱོགས་ཀྱི་དཔེ་དེབ་དག་ལ་མུ་དང་མཐའ་མེད་པར་བལྟ་དགོས་སོ། །
  གསུམ་པ་ནི་ལེགས་ཉེས་འགྲིག་མིན་ལ་ངེས་པ་མེད་པར་ཚོང་རྫས་བཞིན་ལུད་ནས་འོང་བའི་དུས་བསྟུན་བཟའ་འཕྱོར་གྱི་དཔེ་དེབ་རྣམས་ཏེ། གོང་དུ་སོང་ཟིན་པ་ལྟར་བླུན་པོ་ཤེས་འཆལ་གྱི་རྟགས་ལྔ་གཅིག་ཆར་ཚང་བའི་དཔེ་དེབ་ཅིག་ཡིན་ཀྱང་། དེའི་བརྗོད་བྱ་རྗོད་བྱེད་དང་བསམ་བློ་ལྟ་གྲུབ་རྣམས་འགལ་འཁྲུལ་ནོངས་གསུམ་གྱིས་ཁེངས་འདུག་ཚུལ་མ་ནོར་བར་གཞལ་ཕྱིར་དང་།  སེམས་ཅན་གྱི་བློ་ངོར་མ་ཤར་བའི་ལྟ་བ་ཁྱད་མཚར་དག་ལ་ཆ་རྒྱུས་ལེན་ཕྱིར། མ་མཐའ་ཡང་བམ་ཀློག་ཐེངས་གཅིག་བྱ་དགོས་སོ། །
  བཞི་པ་ནི་སྒྲུང་གཏམ་དང་རྟོགས་བརྗོད། སྙན་ངག་སོགས་ཀྱིས་མཚོན་པའི་སྒྱུ་རྩོམ་དང་གསར་འགྱུར་བརྡ་བྱེད་སོགས་དོན་གྱི་གོ་རྒྱ་གཅོད་མི་དགོས་པར་ཕྱག་ལས་ཀྱིས་ལུས་སེམས་དུབ་པར་བྱས་པ་ན།  བར་སྐབས་སེམས་ཉིད་ངལ་གསོའི་ཚུལ་དུ་བཀླགས་རུང་ངམ། གྲུ་ཐོག་དང་འཁོར་ཐོག་ལྟ་བུ་ནས་དུས་ཚོད་ཐབས་ཀྱིས་ཆུད་འཛའ་དགོས་པ་བྱུང་སྐབས།  སེམས་པ་ཕྱི་རུ་གཡེང་ཕྱིར་ཁ་གཡེང་མིག་གཡེང་གིས་བཀླག་རུང་བའི་དཔེ་དེབ་རྣམས་སོ། །
  དེའང་སྔ་མ་གཉིས་དཀོན་པོའི་དངོས་པོ་ཅན་དུ་མཐོང་གཤིས།  གོ་སྐྱེན་རིག་པའི་གཟུང་ཁ་གཅིག་སྒྲིལ་གྱིས་བཀླག་དགོས་ལ། ཕྱི་མ་གཉིས་ཐབས་དང་ཐབས་བྱུང་དུ་གྱུར་པའི་ཆ་ནས་རྟ་རྒྱུག་མེ་ཏོག་གཅོད་ཚུལ་གྱིས་བཀླག་འཐུས་སོ། །

བདུན།

 

  པ་ཁོན་གྱིས།  ཤེས་ཡོན་ནི་སྟོབས་ཤུགས་ཡིན་ཞེས་གསུངས་ལ།   འུ་ཅག་ལ་མཚོན་ན་དེ་ལྟ་བུའི་སྟོབས་ཤུགས་ཀྱི་འབྱུང་གནས་གཙོ་བོ་ལ་དཔེ་དེབ་མི་འཇོག་པའི་ཐབས་གཞར་ཡང་མེད་ཅིང་། འཇིག་རྟེན་གྱི་སྟོབས་ཤུགས་ཡོད་རྒུ་དབུལ་ཕྱུག་བཙན་གཉོམ་ཀུན་ལ་ངོ་འཛིན་སྟེར་སྦྱིན་མེད་པར་རིས་མེད་དུ་སྩོལ་བའི་བྱེད་པོ་དྲང་གཞག་གཟུར་གནས་ཅན་དེའང་དཔེ་དེབ་ཉིད་ཡིན་པའི་གནས་ལུགས་འདི་བཞིན།  དཔེ་ཀློག་གིས་མི་རིགས་ཤིག་གི་ཀུན་གཞིའི་བག་ཆགས་ལ་སྐྱེ་སྟོབས་ཀྱི་ས་བོན་འདེབས་ནུས་ཤིང་། མི་རིགས་ཤིག་གི་འདུན་མ་ལ་བསླབ་སྟོན་གྱི་སྒྲོན་མེ་སྦར་ནུས་པར་མ་ཟད། མི་རིགས་ཤིག་གི་རྣམ་ཤེས་ལ་གསོན་སྟོབས་ཀྱི་ཟུངས་ཁྲག་ཀྱང་སྣོན་ཐུབ་པར་བཤད་ལ།   ཁྱད་པར་དུ་ཨ་མ་རྣམས་ཀྱི་དཔེ་ཀློག་གིས་མི་རིགས་ཤིག་གི་འཇིག་ཉེན་སྟོབས་ཀྱིས་བཟློག་ནུས་པར་བཤད་པ་བདེན་པའི་ལེགས་བཤད་ཉིད་དོ།  །
  དེ་ལྟ་མོད་ཀྱི།  ཇི་སྐད་དུ་རིག་འཛིན་འཇིགས་མེད་གླིང་པས། “ལར་རྟོག་གེའི་རིགས་པ་རྣོ་བ་ཙམ་ལ་རྒྱུ་མཚན་མེད་དེ། ཆོས་དོན་གྱི་དབྱིངས་འཇལ་ཤེས་པ་ལ་མཁས་པ་ཟེར” ཞེས་གསུངས་པ་ལྟར་དོན་གྱི་གཏིང་མི་ཕིག་པར་ཕྱིའི་སྒྲོབ་ཉབས་སྟོན་བྱེད་དུ་འཁྱེར་བའི་དཔེ་ཀློག་གིས་མཁས་གྲལ་ཟིན་སྐབས་མེད་པས།  སློབ་གྲོགས་རྣམས་ཀྱིས་དུས་དེ་རིང་ནས་བཟུང་སྟེ་ཇི་སྐད་དུ།  མཁས་པས་དུས་སུ་སེམས་པར་བྱེད་པ་ན།  །ཁང་བུར་བཞུགས་ཏེ་དེ་བཞིན་སྒོ་བཅད་ནས།  །ཆོས་འདི་ཐམས་ཅད་ལ་ནི་ཚུལ་བཞིན་ལྟ།  །ལངས་ནས་ཞུམ་པ་མེད་པའི་སེམས་ཀྱིས་ཤོད།  །ཅེས་པ་ལྟར་འདུ་འཛིའི་གཡེངས་པ་ཐམས་ཅད་སྤངས་ཏེ་རང་ཉིད་གཅིག་པུར་དབང་བའི་གནས་དང་དུས་ཀྱི་མཐུན་རྐྱེན་འཛོམ་དུ་བཅུག   ལོ་ཐོག་ཟླ་བརྩེགས་ལ་སྐུ་མཚམས་བཅད་དེ་དཔེ་ཀློག་གནང་བའི་དམ་པ་གོང་མ་ཚོའི་རྣམ་སྲོལ་ལེགས་པོ་མིག་རྟེན་དུ་བཟུང་། ཐོས་འཚོལ་ཐིགས་བསགས་རྒྱ་མཚོའི་བསླབ་སྐྱེད་ལ་ཡིད་བརྟན་བཅོས་མ་མ་ཡིན་པ་ཞིག་འཕེར་བར་བྱས།   དཔེ་ཀློག་ལྟ་སྦྱོང་གི་ལས་མཛད་ཆེན་པོ་ཕྱིའི་གོ་རྒྱ་གཅོད་བྱེད་དམ་ཆེན་པོའི་འགྱིང་ཉམས་སྟོན་བྱེད་ཙམ་དུ་མ་གཞག་པར།   ཚེ་ལ་སྙིང་པོ་ལེན་བྱེད་དམ་རིགས་ཀྱི་འཚོ་གནས་ལ་འཕེལ་སྐྱེད་འབྱུང་བའི་ཞབས་འདེགས་སུ་འཁྱེར་དགོས་ལུགས་ལ་ཐུགས་ངེས་གཏིང་མཐའ་ཕྱིན་པ་ཞིག་འཁྲུངས་བཅུག དེའི་མཇུག་ཐོགས་སུ་ཕྱི་བཤོལ་མེད་པར་ཀློག་གི་སྒྲ་བརྒྱ་དིར་རེ། རྩོམ་པའི་རི་མོ་གསལ་ལེ།   རྩོད་པའི་གར་སྟབས་ཤིགས་སེའི་ངང་ལ་ཤེས་སྤྱོད་ནོར་བུའི་གླིང་དུ་སྒབ་འགྲོས་ཀྱིས་སླེབས་ཐུབ་པའི་སྨོན་ལམ་ལན་བརྒྱར་འདེབས་པ་ལགས་སོ། །

༢༠༡༥ལོའི་ཟླ༧པའི་ཚེས༡༤ལ་འགྱན་སངས་ཀྱིས་རང་སློབ་གླིང་གི་སློབ་གྲོགས་ཚོའི་དཔེ་ཀློག་ཟིན་བྲིས«ཐོས་བསམ» གྱི་སྔོན་འགྲོའི་དོད་དུ་སྦྱར་རོ།  །

རྩོམ་སྒྲིག་འགན་འཁུར་བ། འཇམ་དཔལ།

འབྲེལ་ཡོད་རྩོམ་ཡིག