ཀྲུང་གོའི་བོད་ལྗོངས་དྲ་བ།>དཔེ་ཀློག

ཚན་རིག་དང་ཆོས་ལུགས།

2017-01-12 འགྱན་སངས་རྒྱས་དོན་གྲུབ།

  སྔོན་དང་ད་ལྟའི་གནས་སྐབས་གང་ལ་མཚོན་ནའང་། ཆོས་ལུགས་དང་ཚན་རིག་གཉིས་འཁོར་བའི་སྟངས་འཛིན་ཆེན་པོ་གཉིས་སུ་གྲུབ་འདུག་ནའང་།  ལྟ་བ་དང་དམིགས་ཡུལ།  ལངས་ཕྱོགས།   གཏན་ཚིགས།  ཕན་རླབས་སོགས་ཀྱི་ཐད་ནས་གཉི་ག་ཐ་དད་དུ་སོང་ཡོད་པར་མ་ཟད། ཐ་ན་ཕན་ཚུན་འགལ་བར་གྱུར་ཡོད་ཚུལ«དགག་སྒྲུབ་སྙིང་སྟོབས»སུ་སོང་ཟིན་པ་ལྟར་ཡིན། དེ་ཡང་དངོས་པོའི་མཐར་ཐུག་གི་ཆོས་ཉིད་ཁས་ལེན་ཞིང་དེ་ལ་རྩི་འཇོག་ཡོད་པ། དངོས་པོའི་གནས་ལུགས་དང་འགལ་བར་གྱུར་ཚེ་དེ་འབྲེལ་གྱི་ཉེས་ཆད་འཁུར་དགོས་པ། གཞི་མར་གྱུར་བའི་མདོ་རྩ་སེམས་ཀྱིས་རྟོགས་པ་སོགས་གཞིར་བྱས། དཔྱོད་ཤེས་དང་ཡ་མ་བྲལ་བའི་སྒོ་ནས་དངོས་པོའི་གནས་ལུགས་འཚོལ་བ་གཙིགས་སུ་འཛིན་པའི་ལྟ་བ་ལ་ཚན་རིག་གི་བསམ་བློ་ཟེར་ཞིང་། དེ་ལྟ་བུའི་བསམ་བློ་ལུས་ངག་གི་སྦྱོར་བར་གདབ་ནུས་པ་ལ་ཚན་རིག་གི་སྙིང་སྟོབས་ཟེར་རོ། །གསར་རྙེད་ལ་ཞེན་ལུགས་དང་གསར་གཏོད་ལ་དགའ་ལུགས། གཞི་དོན་ལ་འཁྲིས་ལུགས།  འབྲས་རྟགས་ཀྱིས་གཞལ་ལུགས།  རང་ཚུགས་ཀྱིས་དཔྱོད་ལུགས་ལྔ་ནི་ཚན་རིག་གི་སྙིང་སྟོབས་འགྲུབ་བྱེད་ཀྱི་ཉེར་ལེན་དུ་ནུབ་ཕྱོགས་མཁས་པས་བཞེད་དོ། །
  སྤྱིར་བཤད་ན་མངོན་སུམ་དང་རྗེས་དཔག་སོགས་ཡུལ་ལ་དཔྱོད་ལུགས་དང་། དེ་ལྟ་བུའི་དཔྱོད་ལུགས་ལ་བརྟེན་ནས་ཐག་བཅད་པའི་ཚད་འབྲས་སམ་བདེན་ལུགས་ལྟ་བུའི་ངོས་ནས་ཆོས་ལུགས་དང་ཚན་རིག་གཉིས་བར་ལ་གཞི་མཐུན་གྱི་འབྲེལ་བ་རེ་ཟུང་རེ་གྲུབ་ཡོད་པ་གོར་མ་ཆག་ཀྱང་།  ཚན་རིག་གིས་ཡུལ་ལ་དཔྱོད་སྐབས་མངོན་སུམ་དང་རྗེས་དཔག་གང་སྤྱད་ཀྱང་རུང་གི  མཐར་ཐུག་མངོན་སུམ་གྱི་མྱོང་བ་སྟེ།  མིག་གིས་གཟུགས་དང་རྣ་བས་སྒྲ། སྣས་དྲི། ལྕེས་རོ། ལུས་ཀྱིས་རེག་བྱ་དངོས་སུ་འཛིན་པ་ལྟ་བུ་འབྲས་རྟགས་ཡང་དག་ལ་བརྟེན་ནས་ཡུལ་གྱི་ཚད་གཞལ་བའམ་དངོས་པོའི་གནས་ལུགས་ཐག་གཅོད་པ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན།  །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ལྟ་བུ་དང་། འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ། གང་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་པ་ལྟ་བུའམ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་དང་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་རྒ་ཤི་ཞེས་པ་ལྟ་བུའི་རྒྱུ་འབྲས་རྟེན་འབྲེལ་གྱི་རྟགས་སམ་གཏན་ཚིགས་ལ་བརྟེན་ནས་དངོས་པོའི་ཆོས་ཉིད་ཐག་གཅོད་ལུགས་ཕལ་ཆེར་མེད་ཚོད་རེད་ལ། ཁྱད་པར་དུ་རུ་སོས། “ཚན་རིག་གི་ཁོངས་སུ་སྒྱུ་རྩལ་དང་བརྩེ་བ་སོགས་སམ། འཁོར་བ་ལ་ཕན་རླབས་ཆེ་བའི་ཆོས་སྣ་ཚོགས་འདུས་མེད” པར་གསུངས་ཤིང་། “ཆོས་གང་དེར་གོང་ཐང་གང་ཞིག་ལྡན་མིན་ལ་དཔྱོད་ལུགས་གཞི་ནས་མེད་པས། དགའ་བའི་སེམས་བྱུང་ཁྲོ་སྡང་གི་སེམས་ལས་ཁྱད་དུ་འཕགས་ཤིང་།  བྱམས་དང་སྙིང་རྗེ་གཉིས་གདུག་སྤྱོད་ཀྱི་བསམ་སྦྱོར་ལས་ཀུན་གྱིས་སྨོན་རི་བ་ལྟ་བུའི་བསྒྲུབ་བྱ་ལ་སྒྲུབ་བྱེད་འགོད་ཚུལ་མི་འདུག” གསུངས་པས་མཚོན།  ཚན་རིག་གི་ཁོངས་སུ་མི་ཆོས་དང་སྒྱུ་རྩལ། སེམས་ཁམས་སོགས་ཀྱི་མཚན་ཉིད་རིག་པ་དང་། དེ་དག་ལ་མཁོ་ངེས་ཀྱི་གཟུགས་འདས་རིག་པའི་རྣམ་གཞག་མང་པོ་འདུས་མེད་པས། སྐྱེ་བོ་རང་སྟེང་ན་གདོད་ནས་གྲུབ་པའི་འདྲ་བདེན་དང་དྲང་གཞག   བྱམས་སྙིང་རྗེ་སོགས་དགེ་ཚོགས་ལས་བྱུང་བའི་ལྟ་བ་དང་སྤྱོད་པའི་བག་ཆགས་རྣམས་འཇིག་རྟེན་བཀོད་པ་པོའི་གདམས་པར་བརྟེན་ནས་སད་དགོས་པ་ལས་ཚན་རིག་གི་ལམ་ནས་རྟོགས་ཐབས་མེད་པར་བཞེད་དོ། །

  དེའི་ཕྱིར།  ནུབ་ཕྱོགས་ལ་མཚོན་ན། “ཚན་རིག་པས་ཁེངས་པ་བསྐྱུངས་ཏེ།  ཆོས་ལུགས་ཀྱི་དཔྱོད་ཡུལ་ཁག་ཅིག་ང་ཚོའི་བསྒྲུབ་བྱ་མ་ཡིན་ཞེས་སྨྲ་སྤོབས་ལ།  ཆོས་པ་རྣམས་ཀྱིས་ཀྱང་དེ་བཞིན་དུ་བློ་ཁོག་བསྐྱེད་དེ། ཚན་རིག་གིས་འབྲས་རྟགས་ཡང་དག་ལ་བརྟེན་ནས་ཐག་བཅད་པའི་མངོན་སུམ་གྱི་ཆོས་ལ་གཟུ་ལུམ་དུ་དགག་བྱ་མི་བྱེད་ཅེས་དམ་འཆའ་ངེས”  པར་བཞེད་དོ། །དེ་ལྟར་ཆོས་ལུགས་ཀྱི་ལྟ་སྤྱོད་མང་པོ་ཞིག་ཚན་རིག་གིས་དཔྱད་མི་བཟོད་པའམ་ཁས་ལེན་དཀའ་བར་གྱུར་ཡོད་སྟབས།  ཆོས་ལུགས་གང་ཞིག་ཇི་ལྟར་ཁྱད་དུ་འཕགས་ནའང་མཐའ་གཅིག་ཏུ་ཚན་རིག་ཡིན་པའི་ངེས་པ་སྣ་གཅིག་ཀྱང་མེད་དེ། དེ་སྐད་དུ་མ་ལི་ནའོ་ཝུ་སི་ཀིས།  “ཆོས་ལུགས་ཀྱི་གདམས་པ་ནི་ངོ་བོའི་སྟེང་ནས་ཚན་རིག་གི་ཁོངས་སུ་མི་གཏོགས་པའི་སེམས་ཀྱི་མྱོང་བ་ཡིན” གསུངས་པ་ལྟར་འུ་ཅག་གི་ཆོས་ལུགས་ལ་མཚོན་ནའང་། སྒྲུབ་བྱེད་ལ་མཐའ་མེད་པར་འགྱུར་བ་དགག་པའི་ཕྱིར་དུ་རྗེས་དཔག་ཚད་མ་མཐར་ཐུག་མངོན་སུམ་གྱི་སྟེང་དུ་འབབ་དགོས་པར་བཤད་ཀྱང་།  རྣམ་འགྲེལ་རྩ་བ་ལས།  ཡིད་ཆེས་ཚིག་ནི་མི་སླུ་བའི།  །སྤྱི་ལས་རྗེས་སུ་དཔག་པ་ཉིད།  །གསུངས་པ་ལྟར་ལུང་ཚད་མ་དེ་ལྟ་མ་ཡིན་པས། ཆོས་ལུགས་གང་ཞིག་ཚན་རིག་ཏུ་གྱུར་ཉིན་ལུང་ཚད་མའི་སྒྲུབ་བྱེད་མཐའ་དག་རྩ་བ་ནས་འདོར་དགོས་ལ། དེ་དོར་བས་ཆོས་ལུགས་ཆོས་ལུགས་མ་ཡིན་པར་འགྱུར་ངེས་པ་དཔེར་ན། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པ་ལྟ་བུ་དང་།  ཁམས་གོང་མའི་སེམས་ཅན་ལ་སོགས་ཤིན་ལྐོག་གིས་མཚོན་པའི་ཆོས་ལུགས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་མང་པོ་ཞིག་ལ་ལས་འབྲས་ཀྱི་རྣམ་གཞག་ཕྲ་མོ་དང་།  སྐྱེ་བ་སྔ་ཕྱི་ལྟ་བུ་གཟུགས་འདས་རིག་པས་བཞེད་པའི་ལྟ་བའི་གནད་ཕྲ་མོ་དེ་ཚོ་མེད་ཐབས་ལ། དེ་ལྟ་བུའི་རིག་པའི་གནད་ཕྲ་མོ་རྣམས་དགེ་ཆོས་ཀྱིས་གསུངས་པ་ལྟར་ཆོས་ལུགས་རང་གིས་ཀྱང་ཚད་མ་གསུམ་ལས་ལུང་ཚད་མ་སྟེ། བཅོམ་ལྡན་འདས་ཀྱི་གསུང་རབ་དང་ཀླུ་སྒྲུབ་ཡབ་སྲས།  རྗེ་ཡབ་སྲས་སོགས་ཀྱིས་ཐག་བཅད་པའི་ལུང་ལ་བརྟེན་ནས་བསྒྲུབ་རྒྱུ་ལས་ཐབས་གཞན་ཡོད་པ་མ་ཡིན་ནོ།  །
  ཚན་རིག་གིས་མངོན་སུམ་གྱི་མྱོང་བྱ་ལས་ལུང་ཚད་མའི་བསྒྲུབ་བྱའམ་གཟུགས་འདས་རིག་པས་བཞེད་པའི་ཤིན་ལྐོག་གི་ལྟ་བ་གང་མང་ཞིག་ཁས་མི་ལེན་གཤིས། ཆོས་ལུགས་གང་ཞིག་ཚན་རིག་ཏུ་གྱུར་ཉིན། ལས་འབྲས་ཀྱི་རྣམ་གཞག་དང་སྐྱེ་བ་སྔ་ཕྱིའི་ལྟ་བ་ལྟ་བུ་རང་སྟེང་གི་རིག་པའི་རྩ་ལག་གམ་ལྟ་བ་མང་པོ་ཞིག་ཧྲིལ་གྱིས་མི་འདོར་ཐབས་མེད་ཡིན་ལ།  ལྟ་བ་དེ་དག་དོར་བས་འཁོར་བ་ལ་སྟངས་འཛིན་བྱེད་པའི་བོགས་ཐམས་ཅད་ཀྱང་དེ་དང་ལྷན་ཅིག་འཇིག་འགྲོ་བས། ཆོས་ལུགས་ཆོས་ལུགས་མ་ཡིན་པར་འགྱུར་བ་དཔེར་ན་རྒྱ་ནག་རུའུ་ལུགས་ཀྱི་མི་ཆོས་ཀུན་སྤྱོད་ཀྱི་རྣམ་གཞག་ལྟ་བུ་སྟེ། རིག་གནས་དེ་ལ་མཚོན་ན། ལར་ནས་སྐྱེ་བ་སྔ་ཕྱི་དང་ལས་འབྲས་ཀྱི་རྣམ་གཞག་སྟོང་ཆར་ལུས་ཁར། དུས་སྐབས་གསར་པའི་རིང་ལ། བདག་པོ་ཚོས་ཚན་རིག་གི་བཤད་སྟངས་ཁོ་ན་ལ་བློ་འགེལ་ཡིད་ཆེས་བྱས་ཏེ་མེས་པོའི་གཙུག་ལག་གི་ཤེས་རྒྱ་ཐམས་ཅད་མཁོ་མེད་བར་ཟོམ་དུ་འཇོག་པའམ་བུད་སྟོངས་ཡུལ་གྱར་དུ་བཏང་བ་ན། ཀུན་སྤྱོད་ཀྱི་རྣམ་གཞག་ཙམ་པོ་བ་ཞིག་ལས་ལྷག་མེད་པ་དེས་ཡོད་པའི་ཡོད་གོ་གཅིག་ཀྱང་མི་ཆོད་པས། རྗེས་རབས་པ་རྣམས་རགས་ཁ་ཤོར་ལྟར་ངན་པའི་རྗེས་སུ་སྦ་ཤུགས་ཀྱིས་འབྲངས་པ་ན། དེའི་ཁ་བསྒག་ནུས་ཀྱི་ཆོས་ལ་སྲིད་ཁྲིམས་ལྟ་བུ་དྲག་ཐབས་ལས་འཇམ་ཐབས་གཅིག་ཀྱང་སྤྱོད་རྒྱུ་མེད་པ་ལྟ་བུ་རེད།  ཆོས་ལུགས་ལས་གཞན། ཚན་རིག་གི་རྒྱ་སྲང་ལ་འགྱོག་མི་རུང་བའི་ཆོས་ལ་ད་དུང་རྩོམ་རིག་དང་སྒྱུ་རྩལ་ལ་སོགས་པ་མང་ངོ་། །

  དེ་བཞིན་དུ་ཚན་རིག་ཀྱང་ཆོས་ལུགས་སུ་གྱུར་ཉིན།  ཚན་རིག་རང་སྟེང་གི་དྲང་གཞག་དཀྱེལ་ཆེའི་ཚངས་ཐིག་གི་བདག་པོའི་རང་ཚུགས་ཤོར་ནས་སྤྱི་ཚོགས་ལ་རྔོ་ཐོགས་སྐབས་མེད་པས། བེད་མེད་སྟོང་ལུས་སུ་འགྱུར་ངེས་པ་གོང་གི་དཔྱོད་ལུགས་ཀྱིས་རིགས་བསྒྲེས་ན་གོ་སླའོ། །དེའི་ཕྱིར།  འུ་ཅག་གི་རིགས་པ་སྨྲ་བ་ཁ་ཅིག   ཐུབ་པའི་བསྟན་པ་འདི་ཉིད་ཚན་རིག་གི་རྨང་ཡིན་ཚུལ་དང་ཚན་རིག་ལ་དོ་བསྡོ་ནུས་ཚུལ། ཐ་ན་ཚན་རིག་གི་ཨ་མ་ཡིན་ཚུལ་སོགས་ཀྱི་གསུང་གནང་ལ་ཐུགས་མོས་ཏེ།  ཞིབ་ཏུ་བརྟགས་ན།  གསུང་དེ་ཚོ་འཁོར་འདས་གཉིས་ན་རང་ས་རང་གིས་བཟུང་བའི་རིག་སྒོ་མི་འདྲ་བ་གཉིས་ཀྱི་འགལ་འབྲེལ་དང་ཕན་རླབས་མི་འདྲ་བ་ལ་དགོངས་པ་ཡང་དག་ཏུ་བཞེས་ལས་འཁྲུངས་པའི་ལྟ་བ་ཡང་དག་ཅིག་ཨེ་ཡིན་སྙམ་པའི་དོགས་པ་བདག་ལ་སྔོན་མ་ནས་སྐྱེས་མྱོང་ལ་ད་ལྟའང་དེ་བཞིན་ཡིན།  དེ་ཡང་ཆོས་ལུགས་ཚན་རིག་ཡིན་ན།  ཆོས་ལུགས་ཀྱི་མི་ཆོས་རིག་པ་དང་མཚན་ཉིད་རིག་པ་སོགས་ཀྱང་མཐའ་གཅིག་ཏུ་ཚན་རིག་ཡིན་ཟེར་དགོས་མོད།  ཁོ་བོ་འཁྲུལ་བ་མིན་ན། དེ་ལྟ་བུའི་སྒྲུབ་ངག་བོད་པ་འུར་རྗོད་པ་དབྱངས་ཀྱི་སྒྲ་སྒྲོག་མཁན་འགའ་རེའི་ངག་ན་མ་གཏོགས། ནུབ་ཕྱོགས་མཚན་ཉིད་མཁན་ཆེན་ཚོའི་གསུང་སྒྲོས་ན་མཐོང་རྒྱུ་ཤིན་ཏུ་དཀོན་པར་སྣང་བས། དེ་ལྟ་བུའི་གནད་ཀ་ལ་འུ་ཅག་གི་རིགས་པ་སྨྲ་བ་རྣམས་ཀྱིས་ད་དུང་ཐུགས་བསམ་རེ་བཞེས་དང་། ལྟ་བའི་གནད་ཅིག་ཞོར་ལ་རྟོགས་འོང་སྙམ་མོ། །དེ་བཞིན་དུ་ཆོས་ལུགས་འདིའི་ལྟ་སྒོམ་སྤྱོད་གསུམ་སྐོར་ཞིག་ལ་ཚན་རིག་གི་འབྲས་རྟགས་གང་ཡང་དགོད་མི་ནུས་པ་རྒྱུ་མཚན་དུ་བྱས་ནས་མཐའ་གཅིག་ཏུ་དགག་བྱ་དང་འདོར་བྱ་ཡིན་པར་འདོད་མི་རུང་བའི་གནས་ལུགས་ལའང་དེ་བཞིན་དུ་ཐུགས་དགོངས་བཞེས་དགོས་པར་སྣང་ངོ་། །
  དེ་ལྟ་ནའང་།  འགལ་ཆ་མཐའ་དག་ཕྱི་ནང་གི་ཆོས་རྣམས་ལ་ཡར་སྐྱེད་དམ་འཕེལ་འགྱུར་འབྱུང་བའི་ལྷན་ཅིག་བྱེད་རྐྱེན་དུ་ནུབ་ཕྱོགས་གཏན་ཚིགས་མཁན་པོ་དག་གིས་འདོད་པ་དེ་བཞིན། ཆོས་ལུགས་དང་ཚན་རིག་བར་ལ་གྲུབ་པའི་འགལ་ཚབས་ཇི་ལྟར་ཆེ་ནའང་།  སྣང་མུན་དང་ཚ་གྲང་ལྟར་ནམ་ཡང་ལྷན་ཅིག་མི་གནས་འགལ་དུ་སྡོད་དགོས་མེད་པར་འགལ་བའི་ངང་ལ་གཅིག་ཟླ་གཅིག་གིས་བྱས་ཏེ་གནས་འགྱུར་འབྱུང་ངེས་ཅན་ཡིན་པ་ཆོས་ལུགས་སྲོལ་རྒྱུན་འདིའི་ན་ནིང་དོ་ཚིགས་ཀྱི་འཕེལ་སྟངས་ལ་བལྟས་ན་ཧ་གོ་འོང་། གནས་ལུགས་འདི་བཞིན།  འཇིག་རྟེན་ན་ཚན་རིག་གི་དཔྱད་ཡུལ་དུ་མ་གྱུར་བའམ་དཔྱད་མི་དགོས་པའི་ཆ་ཤིན་ཏུ་མང་ངེས་ལ། ལྷག་པར་དུ་མི་ཚེ་ལྟ་བ་དང་གོང་ཐང་ལྟ་བ། མཚན་ཉིད་རིག་པ་སོགས་ལ་ཚན་རིག་གིས་རྔོ་ཐོགས་སྐབས་ཤིན་ཏུ་ཉུང་བར་མ་ཟད།     ཚན་རིག་གི་ཕྱག་ལེན་གང་ཞིག   འཁོར་བའི་བདེ་ཐབས་སྐྱིད་ཐབས་ལ་ཕན་ཐོགས་རྒྱུ་ཕར་ཟད། ཉེས་ན་མིག་འཛུམ་ཙམ་གྱི་ཡུན་ལ་འཁོར་བའི་བདེ་བ་མིང་གི་ལྷག་མ་ཙམ་དུ་གཏོང་བའི་རྒྱུར་འགྱུར་ཉེན་ཡོད་པ་ཀུན་གྱིས་མཁྱེན་གསལ་ལྟར་ལགས་པས། ཚན་རིག་གི་སྙིང་ཁ་ལ་ཆོས་ལུགས་ཀྱི་བྱམས་དང་སྙིང་རྗེའི་ཤན་དབབ་དགོས་ཚུལ་ལ་རྩོད་པ་རྒྱག་མི་དགོས་ཏེ། ནེ་ཐིན དང་ཁུ་ཡུག་ཝེར ། ཧྥ་ར་ཏེ ། ཏེ་ཁར སོགས་ནུབ་ཕྱོགས་ཚན་རིག་གི་དེད་དཔོན་ཆེན་མོར་སྐྱེ་བ་བཞེས་པའི་མཁས་པ་རྣམས་ཀྱིས།  ཆོས་ལུགས་ཀྱི་ཉེ་སྐྱོར་ཕྱོགས་ལྷུང་དང་འགལ་འཁྲུལ་ནོངས་གསུམ་ལ་སུན་འབྱིན་གྱི་མདའ་གྲི་མདུང་གསུམ་མངོན་པར་འཕྱར་བ་དང་མཉམ་དུ། ཆོས་པ་དག་དང་ཤས་སུ་མི་འགྲོ་བར་ཕན་ཚུན་སྨོན་འདྲིན་མཉེས་གཤིན་གྱི་ངང་ལ་ལྷན་ཅིག་འགྲོགས་པར་བཤད་པའང་།  དོན་ལ་ཚན་རིག་ལ་ཆོས་ལུགས་ཀྱི་བྱམས་དང་སྙིང་རྗེ། ཤེས་རབ་སོགས་མཁོ་ཆེ་བའི་རྒྱུ་མཚན་གྱིས་སོ། །

  དེ་བཞིན་དུ་ཆོས་ལུགས་ལ་མཚོན་ནའང་། སྐྱེད་རྫོགས་ཀྱི་ཉམས་ལེན་དང་བདག་མེད་རྟོགས་པའི་ཤེས་རབ་ལྟ་བུ་འགོག་བདེན་དང་ལམ་བདེན་གྱིས་བསྡུས་པའི་སེམས་ཀྱི་མྱང་བྱ་ཕྲ་མོ་རྣམས་ལ་གནས་སྐབས་ཙམ་དུ་འགྱུར་བ་གཏང་དཀའ་བ་ལས་གཞན།   སྲིད་པ་གྲོལ་ལུགས་སམ་འཇིག་རྟེན་གྱི་རྣམ་གཞག་ནས་ཉི་ཟླ་གཟའ་སྐར་གྱི་རྒྱུ་ལུགས་བར་གྱི་རྣམ་གཞག་ལྟ་བུ་སྣོད་ཀྱི་འཇིག་རྟེན་གྱི་ཆོས་ཉིད་དང་།  སེམས་ཅན་གྱི་བྱུང་བ་ནས་སེམས་ཁམས་ཀྱི་གནས་ལུགས་ལྟ་བུ་སྡུག་ཀུན་གཉིས་ཀྱིས་བསྡུས་པའི་ཆོས་དག་ལ་དཔྱད་པ་ལས་བྱུང་བའི་འབྲས་རྟགས་གསར་པ་དཔེར་ན།  ཚན་རིག་གིས་གསར་དུ་རྟོགས་པའི་དངོས་པོའི་གནས་ཚུལ་དང་བདེན་ལུགས་རྣམས་བསླབ་པ་ལེན་པའི་རྟེན་དུ་བྱས་ཏེ་ཆོས་ལུགས་རང་གི་མཚན་ཉིད་རིག་པའི་ཁང་བཟང་ལ་བདེན་ལུགས་ཀྱི་དཀར་ཆ་ཀུན་ནས་རྒྱས་སུ་འཇུག་ལ་འབད་དགོས་ཏེ། དཔེར་ན། ཁོ་ཕེར་ནི་ཁི་སིའི གནམ་རིག་གི་སྲོལ་གསར་དུ་ཕྱེས་པ་ནས་བཟུང་། ཚན་རིག་གིས་གསར་དུ་རྙེད་པའི་བདེན་ལུགས་ཀྱིས།  ཆུ་བོ་རྒྱུན་གྱི་ངང་ལ་ཡེ་ཤུ་ཆོས་པ་ཚོས་བརྒྱ་ལོ་བར་མའི་རིང་ལ་སོ་སོའི་ཆོས་ཀྱི་སྙིང་པོར་འཁུམས་པའི་དད་པ་དང་ལྟ་སྤྱོད་གང་མང་ཞིག་ལྷག་མེད་དུ་འདོར་བཅུག་ལ། ཡེ་ཤུ་ཆོས་ལུགས་ཀྱི་ཁེ་དང་རྒྱལ་ཁ་ཚན་རིག་ལ་སྟེར་ཞིང་གྱོང་དང་བུབ་ཁ་རང་གིས་ལེན་པའི་བློ་ཁོག་ཡངས་པོས།  ཆོས་ལུགས་རང་སྟེང་ལ་སྔ་ན་མེད་པའི་བསླབ་སྐྱེད་ཀྱི་དགེ་བའི་བོགས་ཆེན་པོ་ཐོན་བཅུག་པས་མ་ཚད།  ཚན་རིག་གི་ཤིང་རྟའི་སྲོལ་འབྱེད་མང་པོ་ཞིག་རང་གི་གྲོགས་སུ་ཉེ་བར་བཀུག་ཚུལ་ནུབ་ཕྱོགས་དཔྱོད་འཇུག་མཁན་ཆེན་ཚོའི་གཞུང་ལ་མཇལ་ན་མཐོང་ཡོང་ངོ་། །
  མདོ་དོན་སྙིང་པོར་དྲིལ་ན། ཆོས་ལུགས་ལ་གནས་འགྱུར་འབྱུང་དགོས་དོན།  ཆོས་ལུགས་ཀྱི་ལྟ་སྤྱོད་ལ་དཔྱོད་ཤེས་དང་ཡ་བྲལ་དུ་མ་སོང་བའི་རྟོགས་པའི་ཁོ་ལག་ཡོངས་སུ་རྫོགས་སུ་བཅུག་སྟེ།   ཆོས་ལུགས་སྲོལ་རྒྱུན་འདི་ཉིད་མི་རིགས་འདིའི་ལུགས་ཀྱི་བྱ་བ་ལ་ཐུགས་འགྲོས་ཆེ་ཞིང་།  རིགས་ཀྱི་སྐྱིད་སྡུག་དང་ལེགས་ཉེས་དར་རྒུད་ལ་དོ་ཁུར་གྱི་དགོངས་པ་ཁུར་སྐྱེད་ཆེ་བ་ཞིག་ཏུ་གནས་འགྱུར་ཡོང་འཇུག་རྒྱུ་དེ་ག་རང་ལས་གཞན་མེད་པས།  ཆོས་ལུགས་ཀྱིས་རང་ཚུགས་སྤངས་ནས་ཚན་རིག་ཏུ་འགྱུར་དགོས་པའི་འབོད་སྐུལ་ངེད་ཅག་གིས་ནམ་ཡང་ཞུ་གིན་མེད།
  ཇི་སྐད་དུ། འཁྲུག་ཆེན་གཉིས་པའི་མཇུག་གི་འཇར་མན་ཐའུ་པིན་གིན་སློབ་གྲྭ་ཆེན་མོའི་སློབ་སྤྱི(UniversitaetTuebingen,图宾根大学)གང་དེས།  ཚོགས་རར་ཞུགས་པའི་སློབ་མ་རྣམས་ལ་ཞལ་བསྟན་ནས། “རྩིས་ཚན་གྱི་བསླབ་པ་དོན་དུ་གཉེར་མཁན་སློབ་གྲོགས་ཚོ། མགོ་བོ་ཡར་དགྱེ་དང་།  ཁྱོད་ཚོ་ནི་འཇིག་རྟེན་འདིའི་མེ་འཁོར་རེད”གསུངས་པའི་མོད་ལ།  རིག་ཚན་གྱི་བསླབ་པ་དོན་དུ་གཉེར་མཁན་སློབ་མ་རྣམས་རེ་ཞིག་ལ་མགོ་བོ་དུད་པར་གྱུར་ཀྱང་། ཁོང་གིས་ཐུགས་ཤིན་ཏུ་སྒམ་པོའི་སྒོ་ནས། “རིག་ཚན་གྱི་བསླབ་པ་དོན་དུ་གཉེར་མཁན་སློབ་གྲོགས་ཚོ།  མགོ་བོ་ཡར་དགྱེ་དང་།  ཁྱོད་ཚོ་ནི་འཇིག་རྟེན་གྱི་མེ་འཁོར་འདི་ལ་རྣམ་ཀུན་ཁ་ལོ་སྒྱུར་མཁན་རེད”ཅེས་གསུངས་པའི་མོད་ལ། དགའ་བའི་ཐལ་མོ་རྡེབ་སྒྲས་ཚོགས་རའི་ཕྱི་ནང་གཡོ་བར་བྱས་སོ། །གནས་ལུགས་འདི་བཞིན། འཇིག་རྟེན་གྱི་ལྟ་བའི་ཉ་ཡོངས་སུ་གང་བའི་ཤེས་བྱའི་རྩ་ལག་གང་ཞིག  སྤྱི་ལྡོག་ནས་མི་ཚུལ་རིག་གནས་ཀྱི་ལྟ་བ་དང་ཚན་རིག་གི་ལྟ་བ་གཉིས་ཀྱིས་གྲུབ་ཅིང་། ཁྱད་པར་དུ་མི་ཚུལ་རིག་གནས་གང་དེས་ཚན་རིག་གི་སྟོབས་རྩལ་འཇིག་རྟེན་གྱི་ཉེར་སྤྱད་དུ་ཡོངས་སུ་སྤྱད་པ་ན།  འབྱུང་འགྱུར་གྱི་ལམ་གེགས་གཙང་སེལ་བྱ་ནུས་པ་དངོས་སྟོབས་ཀྱི་རིགས་པས་སྒྲུབ་ནུས་ཕྱིར། འུ་ཅག་གི་ཆོས་ལུགས་སྲོལ་རྒྱུན་འདི་ཉིད་ཀྱིས་ཀྱང་ཚན་རིག་གི་མཛའ་ན་མོ་ལས་ཀྱི་ཕྱག་རྒྱར་ཉེ་བར་བཀུག་སྟེ་ཟུང་འཇུག་བདེ་ཆེན་གྱི་དགའ་བ་ཉམས་སུ་མྱོང་ཞོར་གངས་རིའི་འདུན་མ་ཕྲག་ཏུ་བཞེས་དགོས་སྙམ་མོ།  །

(རྩོམ་སྒྲིག་འགན་འཁུར་པ། འཇམ་དཔལ།)

འབྲེལ་ཡོད་རྩོམ་ཡིག