དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པར་མི་རྣམས་ཀྱིས་རང་བྱུང་སྲུང་སྐྱོབ་ཀྱི་བགྱི་བའི་ཟླ་ལ་རིམ་གྱིས་རང་བྱུང་ཁམས་སུ་མཆིས་པའི་དངོས་པོའི་རིགས་དག་གི་བར་དང་། སྐྱེ་དངོས་དང་ཉེ་འཁོར་གྱི་ཁོར་ཡུག་བར་དུ་འབྲེལ་བ་ཟབ་མོ་ཡོད་པས། རང་བྱུང་སྲུང་སྐྱོབ་ཟེར་བ་དེ་དངོས་པོའི་རིགས་རང་གི་ངོ་བོ་ཁོ་ན་ནས་སྲུང་སྐྱོབ་བྱེད་པས་ཆེས་ཆེར་མི་འཐུས་པ་རྟོགས། འཇིག་ལ་ཉེ་བའི་དངོས་པོའི་རིགས་སྐྱོབ་པ་ལ་དེ་ཉིད་ཀྱི་རི་སྐྱེས་རིགས་ཁྱུ་ལ་སྲུང་སྐྱོབ་གནད་དུ་འཛིན་པ་ལས་གཞན། ད་དུང་དེ་དག་གི་བསྟི་གནས་ལ་ཡང་སྲུང་སྐྱོབ་བྱ་དགོས། ཡང་ན། དངོས་པོའི་རིགས་དེའི་སྐྱེས་ཁམས་མ་ལག་ཧྲིལ་པོར་ནུས་པ་ཐོན་པའི་སྲུང་སྐྱོབ་བྱ་དགོས་ཞེས་བཤད་པ་ཡིན། གནས་བབ་འདི་འདྲ་ཞིག་གི་འོག་ནས་སྐྱེ་དངོས་སྣ་མང་གི་ཆ་ཟེར་བའི་གོ་དོན་དེ་རང་ཆས་སུ་བྱུང་བར་གྱུར་ཏོ། ། འཛམ་གླིང་ཡོངས་ཀྱིས་སྐྱེ་དངོས་སྣ་མང་གི་ཆ་ལ་སྲུང་སྐྱོབ་བྱེད་པར་འབོད་སྐུལ་བྱ་སླད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐོང་ཆེན་དང་སྐུད་འདེད་ལས《སྐྱེ་དངོས་སྣ་མང་གི་ཆའི་སྤྱི་ཆིངས》ཞེས་པ་གཏན་འབེབས་དང་། སྤྱི་ཆིངས་གང་དེ་ལག་ཏུ་བསྟར་ཆེད། རྒྱལ་ཁབ་སོ་སོས་རང་རང་གི་《སྐྱེ་དངོས་སྣ་མང་གི་ཆ་སྲུང་སྐྱོབ་ཀྱི་འགུལ་སྐྱོད་འཆར་གཞི》གཏན་ལ་ཕབ། དེ་དང་ལྷན་དུ་ལོ་རེའི་ཟླ་ལྔ་པའི་ཚེས་ཉེར་གཉིས་ཉིན་གང་དེ“རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་ཉིན་མོ”རུ་གཏན་ལ་ཕབ་པ་ཡིན་ནོ། །
སྐྱེ་དངོས་སྣ་མང་གི་ཆ་ནི་སའི་གོ་ལའི་སྐྱེ་དངོས་ཁྱུ་ཚན་ཁྲོད་ཀྱི་སྐྱེ་དངོས་མཐའ་དག (སྲོག་ཆགས་དང་། རྩི་ཤིང་། སྐྱེ་དངོས་ཕྲ་མོ་རྣམས་དང་དེ་དག་ལ་ཡོད་པའི་རྒྱུད་རྒྱུ)དང་དེ་དག་གནས་སའི་ཁོར་ཡུག་གིས་གྲུབ་པའི་སྐྱེ་ཁམས་མཉམ་འདུས་ཕུང་པོ་དང་འབྲེལ་ཡོད་ཀྱིི་སྐྱེ་ཁམས་བརྒྱུད་རིམ་སྣ་ཚོགས་ཀྱི་སྤྱི་འདུས་ཤིག་ཡིན། བསྡུས་ཏེ་བཤད་ན། རིགས་མི་འདྲ་བའི་སེམས་ཅན་ཀུན་སའི་གོ་ལའི་སྟེང་འཚོ་བ་རོལ་ཅིང་། ཕན་ཚུན་འདྲེ་སྦྱོར་དང་ཤན་གྱིས་གོ་ལའི་སྐྱེ་ཁམས་བཏང་སྙོམས་སུ་བྱས་པ་ཡིན་ནོ། །
གལ་སྲིད་སྐྱེ་དངོས་སྣ་མང་གི་ཆ་མེད་ན། སྣ་ཚོགས་ཚོགས་སུ་སྣང་བའི་སེམས་ཅན་གྲུབ་ཐབས་མེད་ཅིང་། མི་རྣམས་ཀྱི་འཚོ་བ་ཡང་བྲོ་བ་དང་བྲལ་ཞིང་ཟམ་མ་ཆད་པའི་འཚོ་གནས་དང་རབས་ཕྱི་མ་བསྐྱེད་པར་མི་ནུས། སྐྱེ་དངོས་སྣ་མང་གི་ཆ་ནི་མིའི་རིགས་ཀྱི་འཚོ་གནས་ཀྱི་མཐུན་རྐྱེན་ཡིན་ལ། ཐད་ཀའི་བེད་སྤྱོད་རིན་ཐང་གི་ཆ་ནས་བཤད་ན། དེས་མིའི་རིགས་ལ་བཟའ་ཆས་དང་། སྨན། འཛུགས་སྐྲུན། ཚི་སྣ། ཁྱིམ་སྤྱོད་ཅ་ལག་གི་རྒྱུ་ཆ་དང་བཟོ་ལས་མ་བཅོས་རྒྱུ་ཆ་འདོན་སྤྲོད་བྱེད་པ་མ་ཟད། ཟས་གོས་གནས་མལ་འགྲོ་འདུག་ལ་སོགས་ཀུན་དེ་དང་འབྲལ་དུ་མེད། གོ་ལ་ཧྲིལ་པོའི་སྨན་རྫས་ཀྱི70%ནི་དངོས་སམ་བརྒྱུད་པའི་སྒོ་ནས་རྩི་ཤིང་ལས་ཐོན་པ་ཡིན་ལ། རི་སྐྱེས་སྲོག་ཆགས་མང་པོ་ཞིག་ཀྱང་རིན་བྲལ་སྨན་རྫས་ཡིན། སྐྱེ་དངོས་སྣ་མང་གི་ཆས་མིའི་རིགས་ལ་རྒྱུད་རྒྱུ་ཁྱད་པར་བ་ཡང་སྦྱིན་པར་ནུས་ཏེ། གྲང་བ་བཟོད་ཅིང་ནད་འགོག་གི་རྒྱུད་རྒྱུ་ལྟ་བུ་སྟེ། དེས་སྲོག་ཆགས་དང་རྩི་ཤིང་གི་ས་བོན་གསར་བ་ཞིག་བསྐྱེད་སྲིད་པར་བྱས། བརྒྱུད་པའི་བེད་སྤྱོད་རིན་ཐང་ལ་མཚོན་ན། དེར་འགངས་ཆེ་བའི་སྐྱེ་ཁམས་ནུས་པ་ཡོད་ཅིང་། ད་དུང་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ལྗང་མདོག་གེགས་རྐྱེན་གྱི་སྲུང་སྐྱོབ་ནུས་པ་ལྡན། སྐྱེ་དངོས་སྣ་མང་གི་ཆ་ཉུང་དུ་ཕྱིན་པའི་ཚེ་ན། སྐྱེས་ཁམས་མ་ལག་གི་བརྟན་འཇགས་རང་བཞིན་ལ་གནོད་འཚེ་ཕོག་པ་ཡིན་པས། འགྲོ་བ་མིའི་འཚོ་གནས་ཁོར་ཡུག་ལ་ཤུགས་རྐྱེན་འབྱུང་བ་ཡིན།
རང་རྒྱལ་ནི་སྐྱེ་དངོས་སྣ་མང་གི་ཆ་ཆེས་ཕུན་སུམ་ཚོགས་པའི་རྒྱལ་ཁབ་ཀྱི་གྲས་ཡིན་ལ། དེའི་ཁྲོད་ནས་རང་རྒྱལ་གྱི་མཚོ་བོད་མཐོ་སྒང་ལ་འཛམ་གླིང་གི་རྒྱ་ཕིབས་དང་། ཀྲུང་ཧྭའི་ཆུ་སྟེགས་ཀྱི་མཚན་སྙན་མངའ། ཡུལ་འདི་ས་རྒྱ་ཆེ་ཞིང་རི་མཐོན་པོ་ཕྱོགས་དང་ཕྱོགས་སུ་འབྲེལ། སྐྱེས་ཁམས་ཀྱི་ཁོར་ཡུག་ཤིན་ཏུ་ནས་དམིགས་བསལ་དང་། འཛམ་གླིང་གི་རི་ཁུལ་སྐྱེས་ཁམས་ཀྱི་དངོས་པོའི་རིགས་ཀྱི་འབྱུང་ཁུངས་གཙོ་བོ་དང་གྱེས་འགྱུར་གྱི་ལྟེ་བ་ཞིག་ཡིན་ལ། ཡང་འཛམ་གླིང་གི་གོ་གནས་གལ་ཆེན་ཟིན་པའི་དངོས་པོའི་རིགས་ཀྱི་རྒྱུད་རྒྱུའི་བང་མཛོད་ཅིག་ཀྱང་ཡིན། དེ་ལྟ་ནའང་། ཐོན་ཁུངས་ཚད་ལས་བརྒལ་བའི་བེད་སྤྱོད་དང་། ཁོར་ཡུག་རུལ་བསླད། ནམ་ཟླའི་འགྱུར་ལྡོག ཉ་དང་རི་དྭགས་བཤོར་ཐལ་བ། གཏེར་ཁ་བསྔོགས་ཐལ་བ་ལ་སོགས་པའི་གནད་དོན་གྱིས་ཡུལ་རང་གི་སྐྱེ་དངོས་སྣ་མང་གི་ཆ་སྲུང་སྐྱོབ་དང་སྐྱེ་དངོས་ཐོན་ཁུངས་ཀྱི་རྒྱུན་བསྲིང་ཐུབ་པའི་བེད་སྤྱོད་ལ་ཤུགས་རྐྱེན་ཚབས་ཆེར་ཐེབས་བཞིན་ཡོད། དངོས་པོའི་རིགས་གཅིག་རབས་ཆད་པ་དང་སྐྱེ་ཁམས་མ་ལག་གཅིག་ལ་གཏོར་བརླག་བྱུང་བ་ཀུན་གྱིས་རང་ཅག་གི་འཚོ་བར་ཤུགས་རྐྱེན་འབྱུང་སྲིད་ཅིང་། དེའི་བག་ལ་ཉལ་བའི་རིན་ཐང་ཀུན་བསྐྱར་དུ་འབྱུང་ཐབས་མེད། དེ་བས། དངོས་པོའི་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པ་ནི་འགྲོ་བ་མིའི་རིགས་རང་ཉིད་སྲུང་སྐྱོབ་བྱེད་པ་ཡིན་ལ། རང་ཅག་གི་ཁྱིམ་གཞིས་སྲུང་སྐྱོབ་བྱེད་པ་ཡིན་ན། སྐྱེས་ཁམས་སྣ་མང་གི་ཆ་སྲུང་སྐྱོབ་བྱེད་པའི་ལས་འགན་ལྕི་ཞིང་ལམ་བུ་རྒྱང་རིང་ངོ་། །
(རྩོམ་སྒྲིག་འགན་འཁུར་པ། འཇམ་དཔལ།)