ཐར་པ་དོན་གཉེར་ངེས་ལེགས་བྱང་གྲོལ་ལམ།།
དགེ་སྡིག་ཚོགས་བསགས་འདི་ཕྱིའི་བདེ་འགྲོ་ལམ།།
སྒྲ་ཚད་སྙན་སྦྱོར་ངག་རིག་རྟོག་གེའི་ལམ།།
བཟོ་གསོ་བདུད་རྩི་ཕན་བདེ་སྙིང་རྗེའི་ལམ།།
དྲག་བཙན་བརྟུལ་ཕོད་ཞུམ་མེད་དཔའ་བོའི་ལམ།།
ཁེ་ཚོང་ནོར་སྒྲུབ་དོན་མཐུན་ཚོང་བའི་ལམ།།
དགེར་སྐུལ་བསླབ་སྟོན་རླབས་ཆེན་བཤེས་གཉེན་ལམ།།
མདོར་ན་ལམ་མཆོག་མི་འདྲ་བརྒྱ་རྩ་བརྒྱད།།
གང་ལ་འཇུག་པའི་དོན་གྱི་གནད་བཟུང་ན།།
རང་ཉིད་མགོན་ལ་རང་ཉིད་ཅིས་ཀྱང་དགོས།།
མཆོག་གསུམ་སྐྱབས་སུ་བསླུ་མེད་བདེན་ངེས་ཀྱང་།།
སྒོ་གསུམ་གདོད་ནས་དག་ཅིང་ཟོལ་བྲལ་བའི།།
གཡོ་མེད་དད་པའི་སྟོབས་ཀྱིས་མ་བསྲིངས་ཤིང་།།
རྟག་གུས་བརྩོན་པའི་རྒྱུན་ལ་མ་འབྱམས་ན།།
ལུང་ཁྲིད་མན་ངག་ཟབ་པས་སླེབས་ནུས་མིན།།
གཞན་ཡང་ཁྱུ་མཆོག་རྭ་སྔོན་དཔའ་པོའི་ལམ།།
དོན་མཐུན་འཚོ་བྱེད་དགེར་སྐུལ་བཤེས་གཉེན་ལམ།།
ཐམས་ཅད་གཅིག་ཏུ་དྲིལ་ན་སྙིང་བོའི་དོན།།
རང་ལས་གཞན་ཞིག་སུས་ཀྱང་དོད་མེད་པས།།
རང་གི་དོན་ལ་རང་ཉིད་གཡོག་ཏུ་དགོས།།
དམན་པར་ལྷུང་བས་སུས་ཀྱང་འདེགས་པ་མེད།།
ཉམས་ཆག་སླད་པས་སུས་ཀྱང་གསོ་བ་མེད།།
ཕྱི་རྗེས་མ་ནུས་སུས་ཀྱང་འདྲེན་པ་མེད།།
དེ་བས་མཐར་ཐུག་གྲོགས་ཀྱིས་མ་ནོར་བ།།
རང་བས་གཞན་ལྟ་སུ་ཞིག་སྦྲན་དུ་མེད།།
ངེས་པར་རང་ལ་སྙིང་ནས་གཅེས་འདོད་ན།།
གཞན་ཞིག་གྲོགས་སུ་འདོད་པ་ཤིན་ཏུ་འཁྲུལ།།
གཞན་གྱིས་བརྩེ་བའི་རེ་འདོད་དེ་བས་འཁྲུལ།།
རང་ཉིད་རང་ལ་ཕན་པར་མ་མཐོང་ན།།
གཞན་ཞིག་ཕན་པར་མཐོང་ཡང་ཕུགས་མི་བརྟན།།
ཐ་ན་ཕ་མ་གཉེན་ཚན་ཉེ་འབྲེལ་དང་།།
མཆེད་ལྕམ་ཟླ་གྲོགས་སྙིང་གི་མཛའ་ན་མོ།།
དགེ་བའི་གྲོགས་ཀྱང་ནམ་ནམ་ཞར་ཞར་ལ།།
གཏན་དུ་ཉེ་བར་བསྙེན་པ་མི་སྲིད་པས།།
རང་དོན་རང་ལ་ཆུགས་ཅིག་ཨ་མའི་བུ།།
༢༠༡༧ལོའི་ཟླ༡༠ཚེས༢༠ཉིན་སྟག་ལྷ་རྒྱལ་ནས།