དཔེ་ཚོགས་ཀྱི་འགོ་བརྗོད།
1
དེང་སྐབས་ནི་ཚན་རིག་ལག་རྩལ་དར་ཞིང་དཔལ་འབྱོར་འདུ་འགོད་སྐྱེན་པའི་ཁར། འཛམ་གླིང་ཧྲིལ་བོ་གཅིག་གྱུར་ཅན་དུ་འགྲོ་བཞིན་པའི་རྫོགས་ལྡན་གྱི་དུས་རབས་ཤིག་ལ་འཁེལ་བས། མིའི་རིགས་ལ་མཚོན་ན་འདི་ནི་ཆེས་འོད་སྟོང་ལྡན་པའི་དུས་རབས་ཤིག་དང་ཆེས་ཆ་འཇོག་མེད་པའི་དུས་རབས་ཤིག་ཀྱང་ཡིན་སྲིད། དུས་སྐབས་འདིར་རྒྱལ་ཁབ་དང་མི་རིགས་གང་ཡིན་ཡང་ཕྱིའི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་སོགས་ལ་གནམ་ས་བླ་འོག་བརྗེས་འདྲའི་འགྱུར་ལྡོག་བྱུང་དང་འབྱུང་གི་ཡོད། ཇི་སྐད་དུ་རྩོམ་པ་པོ་ནི་མི་རིགས་ཤིག་གི་བླ་སྲོག་བཞེངས་བསྐྲུན་བྱེད་མཁན་དང་གསང་རྣམ་ཡི་གེར་འགོད་མཁན་ཡིན་ཟེར་བ་ལྟར། ལྟག་ཆུ་ཆད་ལ་ཉེ་བའི་རྫིང་བུ་བཞིན་ཉམ་ཐག་པའི་མི་རིགས་ཤིག་ལ་མཚོན་ན་རྩོམ་པ་པོ་རྣམས་ཀྱི་ཕྲག་སྟེང་ན་དམིགས་གསལ་གྱི་འོས་འགན་རེ་ཡོད་པས། ཁོ་ཚོའི་བརྩེ་དུང་དང་རྣམ་དཔྱོད། རིགས་ཞེན་དང་ཤེས་བྱའི་མ་ལག་ལས་འཁྲུངས་པའི་རྩོམ་རིག་བརྩམས་ཆོས་ནི་མི་རིགས་སོ་སོའི་སྐྱིད་སྡུག་གི་སེམས་ཚོར་ཙམ་མ་ཡིན་པར་“དོན་དམ་པར་གང་ནས་ཡོང་བ་དང་གང་དུ་འགྲོ་བའི”མཛེས་དཔྱོད་ཀྱི་བློ་མིག་ཅིག་དང་མཚན་ཉིད་རིག་པའི་ལྟ་གྲུབ་ཅིག་ཅི་ལ་མིན།
རང་རེའི་བོད་ཀྱི་རྩོམ་རིག་གི་ལོ་རྒྱུས་ནི་ཡར་ཀླུང་གཙང་པོ་བཞིན་རྒྱུན་རིང་ཞིང་མ་ཕམ་གཡུ་མཚོ་བཞིན་ཁ་ཞེང་ཆེ་བས། མི་ལོ་སྟོང་ཕྲག་མང་པོའི་རིང་ཡབ་མེས་གོང་མ་དང་མཁས་བཙུན་བཟང་གསུམ་གྱིས་ཟབ་མོའི་གཞུང་དང་དེའི་ཡན་ལག་ཏུ་གྱུར་བའི་རྩོམ་རིག་སྒྱུ་རྩལ་སོགས་བསམ་བློ་ཡི་རྒྱགས་ཕྱེ་རི་བོའི་གཏོས་བཞིན་བརྩིགས་ཡོད། ཡིན་ནའང་བོད་ཀྱི་རྩོམ་རིག་གསར་པ་ནི་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་ནས་དབུ་བརྩམས་པ་ཡིན་གཤིས། རྒྱལ་ཁབ་དང་མི་རིགས་གཞན་གྱིས་རྩོམ་རིག་གསར་བའི་ལོ་རྒྱུས་ལོ་ངོ་བརྒྱ་ཕྲག་བརྒྱུད་པ་དེ་ང་ཚོས་ལོ་ངོ་སུམ་ཅུ་ཙམ་ལ་རྗེས་བསྙེགས་པ་ཡིན་པས། རྩོམ་ལུས་ཀྱི་ཆ་ནས་བརྩམས་སྒྲུང་དང་ལྷུག་རྩོམ། སྙན་ངག་སོགས་མང་པོ་ཞིག་ཆར་རྗེས་ཀྱི་ཤྭ་མོ་བཞིན་བརྡོལ་ཡང་། སྒྱུ་རྩལ་གྱི་ཞུན་བརྡར་དང་མཚོན་ཐབས། བསམ་བློའི་ཟབ་ཚད་དང་མི་གཤིས་སྔོག་འདོན་སོགས་ཀྱི་ཐད་ནས་ནུབ་ཕྱོགས་སྟོབས་ལྡན་རྒྱལ་ཁབ་ཕར་ཞོག ཐ་ན་རྒྱ་ནག་དང་རྒྱལ་ནང་གི་གྲངས་ཉུང་མི་རིགས་ལ་ཤས་ལ་ཡང་མི་དོ་བའི་གནས་ཚུལ་ཡོད། ཡིན་ནའང་ས་ཆའི་ཚོད་ཀྱི་རི་དྭགས་ཟེར་བ་ལྟར། བོད་ཀྱི་རྩོམ་པ་པོ་རྣམས་ཀྱིས་ཤེས་རབ་ཀྱི་རལ་གྲི་དང་སྙིང་སྟོབས་ཀྱི་གོ་ཆ་ལ་བརྟེན་ནས་གསར་དུ་བརྩམས་པའི་རྩོམ་རིག་བརྩམས་ཆོས་ནི་ཨ་མའི་ནུ་སྐྱིན་ཙམ་མིན་པར། དེའི་ནང་དུ་སེམས་མགོའི་རྣག་དང་སེམས་གཏིང་གི་ཁྲག་མང་པོ་ཞིག་འདུས་ཡོད་པ་སུ་ཡིས་མི་མཁྱེན་ཨང་། ཁྱད་པར་དུ་ཕ་སྐད་མ་ཡིག་གིས་བྲིས་པའི་རྩོམ་རིག་བརྩམས་ཆོས་རྣམས་ནི་ད་གཟོད་རང་མི་རིགས་ཀྱི་སྒལ་ཚིགས་དང་གཟི་བརྗིད་རང་ཡིན་ལ། ཉམ་ཐག་པའི་མི་རིགས་འདི་མིིའི་རིགས་ཀྱི་ཁྱིམ་ཚང་ཆེན་མོ་འདི་ནས་ཁ་ཡོད་ངོ་ཡོད་ཀྱིས་གནས་ཐུབ་མིན་དང་འབྲེལ་བ་ཟབ་མོ་ཡོད་པས། ཟླ་བ་གྲགས་པའི་རྨི་ལམ་ལྟར། བློས་འདོར་མི་ཐུབ་པ་ཡོད་ཚད་ཤོར་ཡང་། མ་མཐའ་ཡང་ཕ་སྐད་མ་ཡིག་འདི་ཤོར་མི་ཉན་ལ། དེ་བས་ཀྱང་ཕ་སྐད་མ་ཡིག་འདི་ལ་ཤི་འཐམ་རོ་འཐམ་བྱེད་པའི་རྩོམ་པ་པོ་རྣམས་སྤ་ཞུམ་ག་ལ་ཉན།
སྐབས་དོན་ལྷུག་རྩོམ་གྱི་རྩོམ་ལུས་ཟེར་བ་ནི་རང་རིགས་ཀྱི་རྩོམ་རིག་ལོ་རྒྱུས་སུ་མེད་པ་མ་ཡིན་པར་༼བཅད་ལྷུག་སྤེལ་མ༽ཟེར་དུས་རྩོམ་ལུས་འདི་དང་འབྲེལ་བ་ངེས་ཅན་ཞིག་ཡོད་པ་གཞིར་བཞག་རེད། ཡིན་ནའང་དེང་རབས་ཀྱི་ངོ་བོའི་ཆ་ནས་བཤད་པའི་ལྷུག་རྩོམ་དང་ཁྱད་པར་ཅུང་ཟད་བདོག དེང་རབས་ཀྱི་ལྷུག་རྩོམ་ཟེར་བ་ཡང་སྒྲ་ཡངས་འཇུག་དང་དོག་འཇུག་གི་ཆ་གཉིས་ཡོད། དོག་འཇུག་གི་ཆ་ནས་དོན་བརྗོད་ལྷུག་རྩོམ་དང་བརྩེ་དུང་མཚོན་པའི་ལྷུག་རྩོམ་སོགས་ཟེར་སྲོལ་ཡོད། ཡིན་ནའང་སྒྲ་ཡང་འཇུག་གི་ཆ་ནས་བཤད་ན་ལྷུག་རྩོམ་ནི་སྙན་ངག་དང་བརྩམས་སྒྲུང་སོགས་ཀྱི་རྩོམ་ལུས་དང་མི་འདྲ་བར། བརྗོད་དོན་གང་རུང་ཞིག་ཚིགས་བཅད་མ་ཡིན་པར་ལྷུག་པར་བརྗོད་པར་བྱ་བའི་བར་སྟོང་ཆེན་པོ་ཞིག་ཡིན་པས། རིག་ཚན་སོ་སོའི་མཁས་དབང་རྣམས་ཀྱིས་རིག་པའི་ཀློང་བརྡོལ་བའི་ལྷུག་རྩོམ་མང་པོ་བྲིས་ཡོད། དཔེར་ན་དབྱི་ཐ་ལིས་ཀྱི་མ་ཁེ་ཕོ་ལོ་ཡི་《ཤར་ཕྱོགས་མཐོང་ཐོས་ཟིན་ཐོ》ལྟ་བུ་ནི་ཡུལ་སྐོར་ལྷུག་རྩོམ་དང་། འཇར་མན་གྱི་སོ་པིན་ཧྥ་ཡི་《ཁེར་རྐྱང་གླེང་བ》ལྟ་བུ་ནི་རིག་གཞུང་ལྷུག་རྩོམ། རྒྱ་ནག་གི་རྩོམ་པ་པོ་ཡོའུ་ཆོ་དབྱི་ཡི་《རིག་གནས་སྡུག་འཚོ》ལྟ་བུ་ནི་རིག་གནས་ལྷུག་རྩོམ། ཁ་ཆེའི་རྩོམ་པ་པོ་ཀྲང་ཁྲིན་ཀྲི་ཡི་《ནུབ་བྱང་ཆེན་མོ》ནི་ལོ་རྒྱུས་ལྷུག་རྩོམ་གྱི་གྲས་སུ་འཇོག་བཞིན་ཡོད་པས། འདི་ཡི་ཐོག་ནས་བལྟས་ན་རང་རེའི་རྡོ་
རིང་བསྟན་འཛིན་དཔལ་འབྱོར་གྱི་《རྡོ་རིང་པཎྚི་ཏའི་རྣམ་ཐར》ནི་ལོ་རྒྱུས་ལྷུག་རྩོམ་དང་། བཙན་པོ་ནོ་མོན་ཧན་གྱི་《འཛམ་གླིང་རྒྱས་བཤད》ནི་རིག་གནས་ལྷུག་རྩོམ། དགེ་ཆོས་ཀྱི་《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་ཐང》ནི་རིག་གཞུང་ལྷུག་རྩོམ། དོན་འགྲུབ་རྒྱལ་གྱི་《ཏུན་ཧོང་ལ་ཕྱིན་པའི་མཐོང་ཐོས》ནི་ཡུལ་སྐོར་ལྷུག་རྩོམ་གྱི་ཁྱབ་ཁོངས་སུ་བཞག་ན་མི་ཆོག་པ་ཅི་ཡང་མེད། དེའི་ཕྱིར་ལྷུག་རྩོམ་གྱི་རྩོམ་ལུས་འདི་ནི་རྒྱུ་ཆ་གཅིག་ཀྱང་དབྱིབས་འདྲ་མིན་གྱི་རྫ་ཁོག་རེ་དང་མཚུངས་པར་དུས་དང་བསྟུན་ནས་འགྱུར་ལྡོག་འབྱུང་གི་ཡོད་པས། དྲ་ལམ་གྱི་རྩོམ་ཐུང་མང་པོ་ཞིག་ཀྱང་ལྷུག་རྩོམ་གྱི་ཁྱབ་ཁོངས་སུ་འདུས་པས། འདི་ཡི་སྐོར་ནས་བརྡ་ཆད་ཙམ་མ་ཡིན་པར་རིག་པའི་གཞུང་ལུགས་ཀྱི་ཐོག་ནས་དབྱེ་ཞིབ་དང་དག་ཐེར་བྱ་རྒྱུ་ཡོད་ཀྱང་། འདི་ནི་དཔེ་ཚོགས་ཀྱི་འགོ་བརྗོད་ཙམ་ཡིན་པས་ན་ཡིག་ཚོགས་ལ་འཇིགས་ནས་མི་གླེང་བ་བྱའོ། །
2
དེས་ལྷུག་རྩོམ་གྱི་དཔེ་ཚོགས་འདི་ཅི་ལྟར་བྱུང་བ་རེད་ཟེར་ན། ལོ་ཤས་ཀྱི་སྔ་རོལ་དུ། སི་ཁྲོན་མི་དམངས་དཔེ་སྐྲུན་ཁང་གི་འབྲེལ་ཡོད་འགོ་ཁྲིད་ཅིག་གིས་བརྒྱུད་ལམ་དུ་མ་ནས་ང་ལ་འབྲེལ་བ་བྱས་ཏེ། ཁོ་ཚོས་བོད་ཀྱི་རྩོམ་རིག་སྐོར་གྱི་དཔེ་ཚོགས་འགའ་པར་སྐྲུན་བྱེད་པའི་འཆར་གཞི་ཡོད་ཀྱང་། ཕྱོགས་གང་ཐད་ནས་ཉམས་མྱོང་མེད་པས་ང་རང་གཙོ་སྒྲིག་པར་གདན་ཞུ་བྱས་པ་ཡིན་ཟེར་ནས་ཅུང་ཟད་ཚད་གཞི་ལས་བརྒལ་བའི་བརྩི་མཐོང་གནང་བྱུང་། གཞུག་ནས་དཔེ་ཚོགས་འདི་པར་སྐྲུན་བྱེད་པའི་མ་དངུལ་ནི་གཞུང་ལ་སྙན་ཞུ་བྲི་དགོས་ཟེར་བས། ངས་ད་གཟོད་རང་རེའི་གཏམ་དཔེ་ལ་“ཨ་ཞང་ལ་མ་དགའ་ཏ་ལེན་ལ་དགའ”ཟེར་བ་ལྟར། ངས་ཀྱང་ཁོ་ཚོས་ང་ལ་དོན་དག་བཅོལ་དགོས་དོན་ཧ་གོ་ཡི་འདུག ཡིན་ནའང་སྐབས་དེར་ཕྲན་གྱིས་འབུམ་རམས་པའི་དཔྱད་རྩོམ་འབྲི་བའི་སྐབས་དང་འཁེལ་བས། དང་ལེན་བྱེད་མ་ཐུབ། གཞུག་ནས་རྩོམ་སྒྲིག་པ་བརྒྱུད་ནས་ཡང་ཡང་དུ་འབྲེལ་བ་བྱས་པས། ད་གཟོད་དཔེ་སྐྲུན་ཁང་དུ་སོང་ནས་ཆེད་དུ་ཁོ་ཚོའི་འགོ་ཁྲིད་དང་ལྷན་དཔེ་ཚོགས་སྐོར་ལ་ཁ་བརྡ་བྱས། སྤྱིར་རྩོམ་ལུས་གང་ཡིན་ཡང་སྒྱུ་རྩལ་མཚོན་ཐབས་དང་བསམ་བློའི་ཟབ་ཚད་སོགས་མི་འདྲ་བ་མ་གཏོགས། རང་རང་ལ་གཞན་དྲིང་མི་འཇོག་པའི་ཁྱད་གཤིས་རེ་ཡོད་སྲིད་ཀྱང་། ལོ་འདི་ཤས་རིང་བོད་ཀྱི་གཞུང་འབྲེལ་དཔེ་སྐྲུན་ཁང་ཚང་མས་བརྩམས་སྒྲུང་གི་དཔེ་ཚོགས་དང་། སྒེར་གཉེར་དཔེ་སྐྲུན་ཁང་མང་པོས་འབོལ་རྩོམ་གྱི་དཔེ་ཚོགས་པར་སྐྲུན་ལ་གཞོལ་ཆེ་བས། ལྷུག་རྩོམ་གྱི་དཔེ་ཚོགས་ལ་བདག་པོའི་ཆ་བྱད་ནས་མཐུན་རྐྱེན་བསྐྲུན་མཁན་ཉིན་མོའི་སྐར་མ་བཞིན་དཀོན། ང་རང་ལོ་ངོ་ཉི་ཤུའི་ཡར་སྔོན་ནས་ལྷུག་རྩོམ་ལ་འཇུག་མཁན་ཞིག་ཡིན་པའི་ཆ་ནས། གཞུང་སྒེར་གང་རུང་ནས་ལྷུག་རྩོམ་གྱི་དཔེ་ཚོགས་མ་དགོས་བདག་ཉིད་གཅིག་ཅན་གྱི་དཔེ་ཆ་ཞིག་པར་དུ་བསྐྲུན་ན་ཡང་དཀའ་ངལ་ཅི་ཙམ་ཡོད་པ་གསལ་བོ་ཤེས་ཡོད། བོད་ཀྱི་དེང་རབས་རྩོམ་རིག་ལ་མཚོན་ན་ལྷུག་རྩོམ་གྱི་དཔེ་ཚོགས་ཤིག་འགྲེམ་སྤེལ་ཐུབ་ན་དེ་ནི་སྟོང་ཆ་བསྐང་བའི་ལེགས་བྱས་ཤིག་ཏུ་བརྩི་ཆོག་ཕྱིར། ངས་དེའི་ཐད་ནས་ཁ་བརྡ་གློད་པས། ཁོ་ཚོས་ལྷུག་རྩོམ་ལ་ཚོང་ར་ཁྱོན་ནས་མེད་པས་རབ་ཡིན་ན་བརྩམས་སྒྲུང་ཡིན་དགོས་ཟེར། ང་ལ་མཚོན་ན་གཞན་གྱིས་བསྒྲུབས་ཟིན་པའི་ལས་ཀ་ཞིག་བསྐྱར་དུ་ཟློས་པར་མོས་པ་མེད་ཁར་རང་གི་རིན་ཆེན་གསེར་ལས་དཀོན་པའི་དུས་ཚོད་མང་པོ་ཞིག་གཟན་རྒྱག་ཏུ་གཏོང་མི་འདོད་པས། ཁོ་ཚོར་དགོངས་དག་ཞུས་པ་ན། དཔེ་སྐྲུན་ཁང་གི་འགོ་ཁྲིད་ཀྱིས་མཐར་རྩོམ་ལུས་ཀྱི་བདམ་ང་ཡི་ཐད་ནས་ངའི་འདོད་ཐོག་ལ་འཇོག་པ་ཁས་འཆེས།
ཡིན་ནའང་ལོ་འདི་ཤས་རིང་བོད་འབྲེལ་དཔེ་སྐྲུན་ཁང་སོ་སོས་བོད་ཀྱི་རྩོམ་རིག་མ་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཀྱི་ཐད་ལ་ཕྱག་རྗེས་མི་དམན་པ་བཞག་ཡོད་ཀྱང་། དཔེ་སྐྲུན་ཁང་དང་རྩོམ་པ་པོའི་བར་ན་འདྲ་མཉམ་ཁྱོན་ནས་མེད་པར་གན་རྒྱ་ཚང་མ་དཔེ་སྐྲུན་ཁང་གི་གང་འདོད་དང་གང་མོས་ལྟར་བཞག་ཡོད་ཕྱིར། རྩོམ་པ་པོའི་ཁེ་ཕོགས་ནི་དཔེ་སྐྲུན་ཁང་གི་མིག་ནང་གི་ལིང་ཏོག་ཏུ་གྱུར་ཡོད། དེའི་ཕྱིར་རྩོམ་པ་པོའི་གྲུབ་འབྲས་དང་ཡོང་འབབ་བར་ལ་ཧེ་བག་ཤོར་བས། རང་རེའི་རྩོམ་པ་པོའི་སྡེ་ནི་དབུལ་ཞིང་ཕོངས་ལ་འཚོ་བ་ངན་ངོན་རོལ་བའི་མཚོན་བྱེད་མི་སྣ་ལྟ་བུར་གྱུར་ཡོད། དེའི་ཕྱིར་ངས་ཁོ་ཚོར་རྩ་དོན་གཅིག་དང་ཡན་ལག་གི་ཆ་རྐྱེན་གཉིས་ཀྱི་རེ་འདོད་ཞུས། དང་པོ་རྩ་དོན་གཅིག་ནི་ཐེངས་འདིར་དཔེ་ཚོགས་སུ་ཚུད་པའི་རྩོམ་པ་པོའི་རྩོམ་ཡོན་ནི་མིག་སྔར་རྒྱལ་ནང་ན་རྒྱུག་ཆེ་བའི་དཔར་གྲངས་ཀྱི་ཚོང་ཚད་ལྟར་རྩོམ་པ་པོར་རྩོམ་ཡོན་སྟེར་རྒྱུ་དང་། གལ་ཏེ་བསྐྱར་དཔར་བྱས་ན་བསྡུར་བ་ལྟར་དེ་མཚུངས་ཀྱི་རྩོམ་ཡོན་ཁ་གསབ་བྱ་དགོས། ཡན་ལག་གི་ཆ་རྐྱེན་དང་པོ་ནི་དཔེ་ཚོགས་ཀྱི་བདམ་བྱའི་ཆ་ནས་དཔེ་སྐྲུན་གྱི་སྒྲིག་ལམ་དང་མ་འགལ་བའི་གནས་ཚུལ་འོག་རྩོམ་པ་པོའི་གཞུང་སྒེར་གྱི་གདན་ཐོབ་སོགས་ལ་མི་བལྟ་བར་བརྩམས་ཆོས་གཙིགས་སུ་འཛིན་པ། ཡན་ལག་གི་ཆ་རྐྱེན་གཉིས་པ་ནི་ནུས་ཚོད་ཀྱིས་སྤྱི་ཚོགས་སྟེང་གི་ཞུས་ཆེན་གདན་ཞུ་བྱས་ཏེ་དཔེ་ཆའི་དག་ཆ་ལ་འགན་གཙང་ལེན་བྱེད་དགོས་ཟེར་བ་ན། དཔེ་སྐྲུན་ཁང་གི་མགོ་བས་“ཁྱོད་ནི་མཁས་པའོ། ཁྱོད་ནི་བདེན་པའོ”སོགས་ཟེར་ནས་བསྟོད་ཚོགས་ཀྱི་གཏམ་ལུང་བ་གང་མཆིད་པས། ང་ཡང་འཇིག་རྟེན་ཆོས་བརྒྱད་ཀྱི་གྲིབ་ནག་མ་ཡལ་བའི་གང་ཟག་ཕལ་བ་ཞིག་ཡིན་པའི་ཆ་ནས། བསྟོད་ཚོགས་ཀྱི་ངོ་མ་ཟློག་པར་ལས་འགན་འདི་དང་དུ་ལེན་ཁུལ་བྱས། །
3
གང་ལྟར། རང་རེའི་སྐྱ་ཟད་སྔོ་སྡུག་གི་རྩོམ་པ་པོ་རྣམས་ཀྱིས་རང་གིས་མ་དངུལ་གཏང་མ་དགོས་བར། དཔེ་ཚོགས་ཤིག་དཔར་དུ་བསྐྲུན་ཐུབ་ན་ཕུན་སུམ་ཚོགས་པའི་ཡན་ལག་ཡིན་པས། སྐྱེ་ཕོ་མོ་དང་རྒན་གཞོན། གྲྭ་གྲོང་དང་ས་གནས་སོགས་ཀྱི་ཚད་བཀག་མེད་པར། འཐུས་ཚབ་རང་བཞིན་གྱི་ལྷུག་རྩོམ་གྱི་དཔེ་ཚོགས་ཤིག་དཔར་དུ་བསྐྲུན་པའི་ཆེད་དུ་ངེད་རྩོམ་སྒྲིག་ཚན་ཆུང་གིས། དེང་སྐབས་གཞུང་སྒེར་གྱི་དུས་དེབ་དང་ཚགས་པར། དྲ་ལམ་དང་སྐད་འཕྲིན་སོགས་ན་ཕ་སྐད་ཀྱི་ལམ་ནས་བརྩམས་ཆོས་འབྲི་བཞིན་པའི་རྩོམ་པ་པོ་དང་ཆེད་མཁས་བཞི་བཅུ་ཡས་མས་ལ་འབྲེལ་གཏུགས་བྱས། དེའི་ཁྲོད་དུ་ཅུང་ཡིད་ཕངས་པ་ནི་འཇུ་སྐལ་བཟང་དང་སྒོ་ཤེར། ཐུབ་བསྟན་ཕུན་ཚོགས། ཚེ་རིང་དོན་འགྲུབ་སོགས་ལ་ལྷུག་རྩོམ་ཡག་ཤོས་རེ་ཡོད་ཀྱང་། ཁ་གྲངས་མ་འདང་བ་སོགས་རྒྱུ་རྐྱེན་གཞན་གྱི་མ་གཏོགས། གང་ལ་གང་འཚམ་གྱི་ལྷུག་རྩོམ་གྱི་བརྩམས་ཆོས་མང་པོ་ཞིག་ལག་ཏུ་སོན། ང་ཚོས་དཔེ་སྐྲུན་ཁང་གི་རེ་བ་ལྟར་དེ་དག་ལས་འཐུབ་ཚབ་རང་བཞིན་གྱི་མ་དཔེ་བཅུ་གཉིས་དཔེ་ཚོགས་སུ་བདམས་ལ། དེ་ནས་བཟུང་ཟླ་ངོགས་གཉིས་ཙམ་གྱི་རིང་ལ་དཔེ་ཆ་བཅུ་གཉིས་ཀྱི་ནང་དོན་གནད་བསྡུས་དང་རྩོམ་པ་པོའི་ལོ་རྒྱུས་སོགས་རྒྱ་ཡིག་ལ་བསྒྱུར་ཞིང་། རྒྱས་བསྡུས་མི་གཅིག་པའི་སྙན་ཞུ་ཡང་དང་བསྐྱར་དུ་བྲིས་ཏེ་ཞིང་ཆེན་དང་རྒྱལ་ཁབ་རིམ་པ་སོགས་གོང་རིམ་དཔེ་སྐྲུན་སྡེ་ཁག་ལ་སྙན་ཞུ་ཕུལ། དུས་ཡུན་ལོ་ངོ་ཕྱེད་རིང་གི་དཀའ་ལས་བརྒྱབ་ཀྱང་། ཡིད་ཕམ་པ་ཞིག་ནི་མཇུག་མཐར་རྒྱལ་ཁབ་ཀྱི་རྣམ་གྲངས་དང་རོགས་དངུལ་སྐར་རྡོག་གཅིག་ཀྱང་མ་རེག མཇུག་འབྲས་འདི་ལ་དཔེ་སྐྲུན་ཁང་གི་འགོ་ཁྲིད་ཡང་རྟབ་རྟབ་པོ་དང་ཡིད་མི་ཆེས་པ་ལྟ་བུ་གྱུར་ཡོད། ཅི་ཁག དེང་གི་ཆར་ཡུལ་ལུང་འདྲ་མིན་གྱི་དམངས་གླུ་ཕྱོགས་བསྡུས་ཙམ་དང་རིག་གཞུང་ཞིབ་འཇུག་གི་གྲུབ་འབྲས་བསྐྱར་ཟློས་ཙམ་ལ་ཡང་རོགས་སྐྱོར་གྱི་མ་དངུལ་ཡང་དང་བསྐྱར་དུ་འཐོབ་བཞིན་ཡོད་ཀྱང་། གསར་རྩོམ་གྱི་ལམ་ན་ཤར་རེ་སྐྱོད་པའི་རྩོམ་པ་པོ་དག་གི་ཤེས་བརྩོན་དང་ཐོས་བསམ་ལས་འཁྲུངས་པའི་སྒྱུ་རྩལ་གྱི་རྣམ་གཞག་འདི་དག་སྣང་མེད་དུ་འཇོག་དོན་ཅི་ཡིན་ནམ། སྤྱིར་ཀ་མད་སུམ་ཅུའི་ཕྲེང་ཐག་ལ་རྒྱུས་པའི་ལྷུག་རྩོམ་འདི་དག་གིས་གང་ཞིག་གི་སྒྲ་བཤད་དང་ཅི་ཞིག་གི་ཡང་སྙིང་མཚོན་བཞིན་ཡོད་ཟེར་དཀའ་ཡང་། མ་མཐའ་ཡང་ཚིག་འབྲུ་རེ་རེ་དང་དེའི་ཞར་བྱུང་གི་གོ་དོན་ནི་རྩོམ་པ་པོ་རྣམས་ཀྱི་རྣམ་དཔྱོད་དང་བརྩེ་དུང་ལས་འཁྲུངས་བའི་བརྒྱ་བཤད་ཚིག་གི་རྩ་བ་དང་སྟོང་བཤིགས་འོ་མའི་མར་ལོ་ཡིན་པ་གདོན་མི་ཟ།
གང་ལྟར་གཞུང་གི་རྣམ་གྲངས་དང་རོགས་དངུལ་མ་རེག་པས། དཔེ་ཚོགས་པར་སྐྲུན་གྱི་འགྲོ་གྲོན་ཐད་ནས་རྩོམ་པ་པོའམ་ཡང་ན་དཔེ་སྐྲུན་ཁང་གིས་མ་དངུལ་གཏང་དགོས་འདུག རྩོམ་པ་པོས་མ་དངུལ་གཏང་དགོས་ན་ཐོག་མ་ཉིད་ནས་ངལ་བ་བྱེད་དོན་ཁྱོན་ནས་མེད། སྟབས་ལེགས་པ་ཞིག་ནི་པར་སྐྲུན་གྱི་གན་རྒྱ་སྔར་ནས་བཞག་ཟིན་པས། ང་ཚོས་དཔེ་སྐྲུན་ཁང་ལ་དཔེ་ཚོགས་ཀྱི་འགྲོ་གྲོན་དཔེ་སྐྲུན་ཁང་གིས་གཏང་དགོས་པའི་རེ་བ་ཞུས། དཔེ་སྐྲུན་ཁང་གི་འགོ་ཁྲིད་འགྱོད་པ་སྐྱེས་པ་ལོས་ཡིན། ཁོ་ཚོས་རྩོམ་པ་པོ་རྣམས་ལ་གུན་གསབ་སྤྲད་དགོས་ཀྱང་དཔེ་ཚོགས་འདི་པར་སྐྲུན་བྱེད་མི་ཐུབ་པའི་རྣམ་འགྱུར་བསྟན་བྱུང་ལ། དུས་ཡུན་ལོ་ཕྱེད་རིང་དེའི་ཕྱོགས་ལ་ཁ་ཡ་མི་བྱེད་པར་ཕྱིར་འགྱངས་བཏང་། མཐར་ངེད་རྩོམ་སྒྲིག་ཚན་ཆུང་གིས་ཨུ་ཚུགས་ཀྱི་སྦྱོར་བ་བཤམས་པས་ད་གདོད་དཔེ་སྐྲུན་ཁང་གིས་མ་དངུལ་གཏང་ནས་དཔེ་ཚོགས་འདི་དགྲམ་རྒྱུ་གཏན་དུ་འཁེེལ། གློ་བའི་ནད་ལ་མ་ཕན་མཆིན་པའི་དུག་ཏུ་གྱུར་ཟེར་བ་ལྟར། དོན་དག་འདི་ཡིས་ཐག་ཞོར་འབྲེང་འདྲུད་ཀྱི་ཚུལ་དུ་ཕ་སྐད་མ་ཡིག་གི་བྲིས་རྩོམ་ཞིག་གཞུང་གི་མིང་ཐོག་ནས་པར་དུ་འདེབས་དགོས་ན་ཅི་འདྲའི་དཀའ་ངལ་ཡོད་པ་ར་སྤྲོད་ཡོད། གང་ལྟར་ལྷུག་རྩོམ་གྱི་དཔེ་ཚོགས་འདི་ནི་པོད་བཅུ་གཉིས་ཀྱི་བདག་ཉིད་ཅན་ཞིག་ཡིན་པས། མཉམ་དུ་དཔར་ན་དཀའ་ལས་ཁག་པོ་ཡོད་སྲིད་པས། ཁོ་ཚོས་བརྟག་དཔྱད་ཡང་ཡང་བརྒྱུད་ཚོང་ར་ཅུང་ཟད་ཡོད་པའི་རྩོམ་པ་པོ་དྲུག་བདམས་ནས་རབས་དང་པོ་དཔར་དུ་བསྐྲུན་རྒྱུའི་འཆར་གཞི་བཟོས་པས། ད་གཟོད་པོད་དྲུག་གི་བདག་ཉིད་ཅན་གྱི་ལྷུག་རྩོམ་གྱི་དཔེ་ཚོགས་ཚེ་རིང་རྣམ་དྲུག་ཟེར་བ་འདི་ཀུན་ཀྱི་སྤྱན་ལམ་དུ་བསྟར་པའོ། །
འདིར་ཆེད་དུ་གསལ་བཤད་བྱ་རྒྱུ་ནི། དང་པོ། འདི་རུ་བདམས་ཟིན་པའི་རྩོམ་པ་པོ་རྣམས་ནི་བོད་ཀྱི་རྩོམ་སྟེགས་སུ་མིང་ཅུང་ཟད་ཡོད་པ་ཤ་སྟག་ཡིན་ཡང་དེ་ནི་དཔེ་སྐྲུན་ཁང་གིས་དམིགས་ཡུལ་ངེས་ཅན་ལ་བརྟེན་ནས་བདམས་པ་ཡིན་པས། ལྷུག་རྩོམ་གྱི་རྒྱུ་སྤུས་ཀྱི་ཆ་ནས་ཡོངས་རྫོགས་རྩེ་གྲ་ཡིན་པའི་ངེས་པ་མེད། གཉིས་པ། དཔེ་ཚོགས་སུ་བདམས་ཟིན་པའི་བརྩམས་ཆོས་བཅུ་གཉིས་དང་ནང་སྒོས་སུ་རབས་དང་པོའི་ཁོངས་གཏོགས་དཔེ་ཆ་དྲུག་ནི་དཔེ་སྐྲུན་ཁང་གི་འགོ་ཁྲིད་དག་གིས་ཐག་གཅོད་པ་ལས་ངེད་གཙོ་སྒྲིག་པ་དང་རྩོམ་སྒྲིག་པ་གཉིས་ལ་ཐེ་གཏོགས་བྱས་དབང་མེད། གསུམ་པ། དཔེ་ཚོགས་འདི་ནི་རབས་དང་པོ་ཡིན་ཡང་། དཔེ་སྐྲུན་ཁང་གི་འཆར་གཞི་ནི་གལ་ཏེ་རབས་དང་པོ་ལམ་དུ་ལྷོངས་བ་ཡིན་ན། རབས་གཉིས་པ་དང་གསུམ་པ་པར་སྐྲུན་བྱ་རྒྱུ་ཡིན་པས། མདོར་ན་དཔེ་ཚོགས་འདི་སྐུ་ཕྲེང་རིམ་པ་བཞིན་འཁྲུངས་ཐུབ་མིན་ནི། དཔེ་ཚོགས་རབས་དང་པོའི་འགྲོ་རྒྱུགས་སོགས་དང་འབྲེལ་བ་དམ་པོ་ཡོད། བཞི་བ། དཔེ་ཚོགས་ཀྱི་མིང་ལ་ཚེ་རིང་རྣམ་དྲུག་ཟེར་བ་ནི། དཔེ་ཚོགས་རབས་རེ་པོད་དྲུག་གི་བདག་ཉིད་ཅན་དུ་ཟད་པས། རྩོམ་གྲོགས་ཤིག་གིས་རང་མོས་སྒོས་ཚེ་རིང་རྣམ་དྲུག་གི་དཔེ་ཚོགས་ཟེར་ནས་རི་མོའི་ཇུས་འགོད་ཀྱི་མ་ཕྱི་ཞིག་ང་ཚོར་བསྐུར་ཡོང་པས། གཞུག་ནས་དཔེ་སྐྲུན་ཁང་གི་ཆོག་མཆན་ལྟར་སོར་བཞག་བྱས་པ་མ་གཏོགས་དེ་ལ་ཐུན་མིན་གྱི་མཚོན་དོན་ཅི་ཡང་མེད། ལྔ་བ། དེང་སྐབས་བོད་ཀྱི་དཔེ་སྐྲུན་ལས་རིགས་སུ་སོག་མའི་ཕུང་བོ་བཞིན་དགོས་པ་ཡོད་མེད་གཉིས་ལ་དཔེ་ཚོགས་རབ་དང་རིམ་པ་པར་སྐྲུན་བྱེད་དང་བྱེད་མུས་སུ་ཡོད་ལ། དེ་དག་ལ་ཡང་འོས་ཤིང་འཚམ་མིན་གྱི་ཆེ་བ་བརྗོད་ཚུལ་དང་ཆོ་ལོ་འདོགས་སྟངས་མང་པོ་ཡོད་མོད། དཔེ་ཚོགས་འདི་ལ་དེང་རབས་བོད་ཀྱི་ལྷུག་རྩོམ་ཕྱོགས་སྒྲིག་ཟེར་བ་ཙམ་ལས་གཞན་པའི་ངལ་བ་མཛད་འདུན་མེད་པས་དེ་ལུགས་ཐུགས་སུ་འཇགས་རོགས།
གང་ལྟར་རང་རེའི་ཁ་དཔེ་ལ་རྩིང་པོ་ཞིབ་ཏུ་འཐག ཞིབ་མོ་ཚགས་ཀྱིས་བཙགས་ཟེར་བ་ལྟར་དཔེ་ཚོགས་འདི་ཐོག་མའི་ཇུས་འགོད་ནས་ད་ལྟ་སྤྱི་ཚོགས་སུ་དངོས་སུ་འགྲེམ་པའི་དུས་ཡུན་ལོ་ངོ་གསུམ་ལྷག་འགོར་བས།དེའི་རིང་རྩོམ་སྒྲིག་པ་དཔའ་ཆེན་རྒྱལ་དང་རིག་འཛིན་ཚེ་རིང་ངེད་གསུམ་གྱིས་ཀུན་སློང་རྣམ་དག་དང་རང་ནུས་གང་ཡོད་ཀྱིས་འབད་འབུངས་བྱས་ཡོད་ཀྱང་། བྱ་དངོས་ཅི་ཡིན་ཡང་གེགས་དང་བར་ཆད་མང་ལ་རང་གི་འདོད་དོན་ལྟར་འགྲུབ་མི་ཐུབ་པ་ནི་ཆོས་ཉིད་ལྟ་བུར་སྣང་བས། དཔེ་ཚོགས་འདི་ལ་ཡང་འཐུས་སྐྱོན་མང་པོ་ཡོད་སྲིད། གང་ལྟར་འདི་ནི་ཕ་སྐད་མ་ཡིག་གི་རིན་ཆེན་མཛོད་ཁང་ནང་གི་ནོར་བུ་ཕྲ་རྒྱན་རེ་ལ་གྱུར་བའི་སྨོན་འདུན་ཞུ་བ་དང་ཆབས་ཅིག་ཏུ། སླར་ཡང་རབས་གཉིས་པ་དང་གསུམ་པ་སོགས་ལ་པར་སྐྲུན་གྱི་མཐུན་རྐྱེན་འཛོམས་པའི་བཀྲ་ཤིས་ཁ་གཡང་སྙིང་ནས་འབོད་དོ། ། ། །