ཀྲུང་གོའི་བོད་ལྗོངས་དྲ་བ།>དཔེ་ཀློག

ཀོང་པོའི་བུ་མོར་འཇོན་ཐང་ཆེ།

2020-11-13 ཕུར་བུ་རྡོ་རྗེ།

       ངས་དྲ་ཐོག་ནས་འཇོན་ཐང་ཅན་གྱི་ཀོང་པོའི་བུད་མེད་བདེ་སྐྱིད་དབང་མོའི་སྐོར་གྱི་རྩོམ་ཡིག་ཅིག་མཐོང་མྱོང་།   ཐེངས་འདིར་སྟེས་དབང་གིས་མོ་དང་དངོས་སུ་མཇལ་བར་མ་ཟད་བཅར་འདྲི་ཞུ་བའི་གོ་སྐབས་ཤིག་ཀྱང་བྱུང་།   དེ་ཡང་སྤྱི་ཟླ་6པའི་ནང་ང་རང་ཉིང་ཁྲི་གྲོང་ཁྱེར་ལས་བྱེད་རྒན་གྲས་ཅུས་ཀྱིས་སྒྲིག་འཛུགས་བྱས་པའི་ལས་འཁྱུར་ལས་བྱེད་པའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལྟ་སྐོར་རྟོག་ཞིབ་ཚོགས་པ་དང་མཉམ་དུ་སྨན་གླིང་རྫོང་ཕད་གྲོང་རྡལ་ཟུར་གསུམ་སྲིད་འཛིན་གྲོང་ཚོར་ལྟ་སྐོར་རྟོག་ཞིབ་ལ་བསྐྱོད་པའི་གོ་སྐབས་ཤིག་བྱུང་།   ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་གནས་ཡུལ་ནས་ང་ཚོ་འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་དེ་ཆུ་ཚོད་གཉིས་ཙམ་བསྐྱོད་རྗེས།   ཟུར་གསུམ་སྲིད་འཛིན་གྲོང་ཚོའི་ཐིམས་པ་གྲོང་ཚོར་སླེབས་སོང་།   གྲོང་ཚོ་དེ་ནི་ཡར་ཀླུང་གཙང་པོའི་ལྗོངས་རྒྱུ་ཁུལ་དུ་གནས་ཡོད་པ་དང་།   དེར་སླེབས་པ་དང་ང་ཚོའི་མིག་མདུན་དུ་མངོན་ཡོང་བ་ནི་ཡུལ་ལྗོངས་ཧ་ཅང་མཛེས་པའི་ཁྲོད་དུ་ལྷུན་ཆགས་སེར་གནས་པའི་ཀོང་བཙུན་དེ་མོ་ཞིང་གྲོང་མགྲོན་ཁང་ཞེས་པ་རེད་འདུག ཞིང་གྲོང་མགྲོན་ཁང་དེ་ནི་ཀྲུང་གོའི་རི་ཀླུང་མཛེས་ཤོས་སུ་གྲགས་པའི་རི་བོ་གནམ་ལྕགས་འབར་བ་དང་ཁ་སྤྲོད་དུ་ཡར་ཀླུང་གཙང་པོའི་ནུབ་ངོགས་སུ་གནས་འདུག་པས།   རི་བོ་གནམ་ལྕགས་འབར་བ་དེ་ཡར་ཀླུང་གཙང་པོའི་ནང་དུ་ཤར་བ་པར་ལེན་སའི་ས་ཆ་ཡག་ཤོས་དེ་ཡིན་འདུག་ལ།   ཡར་ཀླུང་གཙང་པོ་རོང་ཆེན་ལྗོངས་རྒྱུ་ཁུལ་དུ་ཞག་སྡོད་དང་།   བཟའ་བཏུང་།   རོལ་རྩེད་བཅས་མཉམ་འདུས་ཀྱི་མགྲོན་ཁང་ལེགས་གྲས་ཤིག་ཀྱང་ཡིན་འདུག ང་ཚོའི་རླངས་འཁོར་ག་ལེར་མགྲོན་ཁང་སྒོ་ཁར་ཁ་བཀག་པ་དང་ཆབས་ཅིག ཀོང་བཙུན་དེ་མོ་ཞིང་གྲོང་མགྲོན་ཁང་གི་འགོ་འཛིན་བདེ་སྐྱིད་དབང་མོས་ང་ཚོར་བསུ་བ་དང་སྣེ་ལེན་གནང་སྟེ།   རྒྱ་བོད་སྐད་རིགས་གཉིས་ཀྱི་ཐོག་ནས་ཀོང་བཙུན་དེ་མོ་ཞིང་གྲོང་མགྲོན་ཁང་གི་རྩ་བའི་གནས་ཚུལ་ཆུ་བཞུར་བཞུར་བྱས་ཏེ་གསུངས་བྱུང་བས།   མོའི་ཁ་གསལ་གཏིང་གསལ་གྱི་གཤིས་ཀ་དང་།   མོའི་ཀེམ་ཀེམ་གཡོ་ཞིང་སྤྱང་གྲུང་འཛོམས་པའི་མིག་ཟུང་གིས་ང་ཚོར་བག་ཆགས་གཏིང་ཟབ་ཅིག་བཞག་བྱུང་།

བདེ་སྐྱིད་དབང་མོས་ཞིང་གྲོང་མགྲོན་ཁང་གི་གནས་ཚུལ་ངོ་སྤྲོད་བྱེད་པ།

གྲོང་མི་ཚོ་ལག་རྩལ་གསོ་སྦྱོང་དུ་ཞུགས་པ།

བདེ་སྐྱིད་དབང་མོས(གཡས་ནས་བཞི་པ)གྲོང་མིའི་མ་རྐང་འཇོག་མཁན་ལྷན་ཚོགས་བསྡུས་ནས་འབྲེལ་ཡོད་ལས་དོན་ཐག་གཅོད་པ།

བདེ་སྐྱིད་དབང་མོས་ལས་བཟོ་པ་རྣམས་ལ་གླ་ཕོགས་སྤྲོད་པ།

བདེ་སྐྱིད་དབང་མོས་མགྲོན་པོར་སྣེ་ལེན་བྱེད་པ།
       ཕ་ཡུལ་ཡིད་ལ་བཅངས། ཡུལ་མིར་བརྩེ་བ་ཟབ།
       ཀོང་བཙུན་དེ་མོ་ཞིང་གྲོང་མགྲོན་ཁང་གི་འགོ་འཛིན་བདེ་སྐྱིད་དབང་མོ་ནི་ད་ལོར་ལོ་ན་33ཡིན་པ་དང་།   སྨན་གླིང་རྫོང་ཕད་གྲོང་རྡལ་ཐིམས་པ་གྲོང་ཚོ་རུ་སྐྱེས་ཤིང་འཚར་ལོངས་བྱུང་།   མོས་བཤད་རྒྱུར།   ང་ནི་གྲོང་ཚོ་འདི་ནས་ས་སྐྱེས་རྡོ་སྐྱེས་བྱུང་བ་ཞིག་ཡིན་པས་མཛེས་པའི་ཕ་ཡུལ་འདིར་བརྩེ་བ་ཟབ་མོ་ཞིག་ཡོད།   མི་སུ་ཡིན་རུང་གི་དགའ་མོས་བཞིན་བྱ་གཞག་གདམ་ག་བྱེད་ཆོག་ཀྱང་།   གདམ་ག་བྱེད་ཐབས་མེད་པ་ནི་སྐྱེ་ས་འཚར་སའི་ཕ་ཡུལ་ཉག་ཅིག་རེད།   ང་རང་སློབ་ཆུང་ནས་ཐོན་རྗེས་ཁྱིམ་ཚང་གི་དཔལ་འབྱོར་གྱི་དགོས་མཁོ་ལ་བསྟུན་ནས་སྨན་གླིང་རྫོང་མཁར་དང་།   ལྷ་ས་གྲོང་ཁྱེར།   སྟག་རྩེ་རྫོང་སོགས་ལ་ཚོང་གཉེར་གྱི་བྱ་བར་ཞུགས་པ་ཡིན་པས།   ཁེ་སྤོགས་དེ་ཙམ་མ་བྱུང་ཡང་ཉམས་མྱོང་གང་ལ་གང་འཚམ་ཞིག་གསོག་འཇོག་ཐུབ་བྱུང་།   དེར་བརྟེན་ང་རང་ཕ་ཡུལ་ལ་ཡོང་ཐེངས་རེ་རེ་བཞིན་ཐིམས་པ་གྲོང་ཚོའི་ཡུལ་སྐོར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་དག་མཐོང་བ་དང་།   ཡུལ་སྐོར་ཐོན་ཁུངས་ཧ་ལམ་ང་ཚོའི་གྲོང་ཚོ་དང་འདྲ་བའམ་དེ་ལས་ཞན་པའི་ཁྱིམ་མཚེས་གྲོང་ཚོ་རྣམས་ཡུལ་སྐོར་གསར་སྤེལ་ལ་བརྟེན་ནས་དཔལ་འབྱོར་གོང་འཕེལ་འགྲོ་བཞིན་པ་མཐོང་སྐབས་ངའི་སེམས་ནང་བྲེལ་འཚུབ་ལངས་ལ།   བསམ་བློ་གཏོང་བཞིན་དངན་པ་ཤོར།    ངའི་སེམས་སུ་རྟག་པར་ང་རང་ནི་ཕ་ཡུལ་འདིའི་ཆུ་བཏུངས་ཤིང་ཟས་བཟས་ཏེ་འཚར་ལོངས་བྱུང་བའི་བུ་མོ་ཞིག་ཡིན་པས།   ཕ་ཡུལ་དང་ཕ་ཡུལ་གྱི་མི་རྣམས་ལ་ཕན་པའི་བྱ་བ་ཞིག་བསྒྲུབ་ཐུབ་པ་བྱུང་ན་ཅི་མ་རུང་སྙམ་པའི་འདུན་པ་དྲག་པོ་སྐྱེས་ཤིང་།   རྨི་ལམ་དུའང་ང་རང་གིས་ཕ་ཡུལ་གྱི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་ཕ་ཡུལ་མང་ཚོགས་ལ་ཕན་པ་སྒྲུབ་པ་རྨིས།
ཀུང་བཙུན་དེ་མོ་ཞིང་གྲོང་མགྲོན་ཁང་གི་རྣམ་པ།
       སེམས་ནུས་རྩལ་སྤྲུགས་ཀྱིས། ཐབས་འཚོལ་ཇུས་འདོན་བྱས།
       2016ལོར་བདེ་སྐྱིད་དབང་མོ་ཕ་ཡུལ་ལ་ལོ་གསར་གཏོང་བར་ཡོང་སྐབས།   སླར་ཡང་ཀྲུང་གོའི་ཆེས་མཛེས་ཤོས་ཀྱི་རི་ཀླུང་སྟེ་རི་བོ་གནམ་ལྕགས་འབར་བར་དགོང་དྲོའི་མཚམས་སྤྲིན་གྱིས་བརྒྱན་ཞིང་དེ་ཡི་གཟུགས་བརྙན་དལ་གྱིས་བཞུར་བཞིན་པའི་ཡར་ཀླུང་གཙང་པོའི་ཆུ་ངོས་སུ་ཤར་བ་མཐོང་དུས།   མོས་གྲོང་ཚོའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་དེར་ཡུལ་སྐོར་སྣེ་ལེན་ཞུ་བའི་ཞིང་གྲོང་མགྲོན་ཁང་ཞིག་རྒྱག་ཐུབ་ན་ཡག་པོ་ཇི་འདྲ་མི་ཡོང་ངམ་སྙམ་སྟེ།   སེམས་ཐག་གཙང་བཅད་ཀྱིས་འཕྲལ་མར་གྲོང་ཚོའི་འགོ་ཁྲིད་བཙལ་ནས་སོ་སོའི་བསམ་ཚུལ་དྲང་པོར་བཤད།   གྲོང་ཚོའི་འགོ་ཁྲིད་ཀྱིས་བསམ་ཚུལ་དེར་གདེང་འཇོག་ལེགས་པོ་གནང་བ་དང་སྦྲགས་དངོས་འབྲེལ་བློ་ཁོག་དང་འཇོན་ཐང་ཡོད་པའི་སྣེ་ཁྲིད་པ་ཞིག་མེད་པས།   ང་ཚོའི་གྲོང་ཚོ་འདི་ཉེ་འཁོར་གྱི་གྲོང་ཚོ་གཞན་དག་གི་རྗེས་སུ་ལུས་པ་རེད་ཅེས་གསུངས།   དེ་ནས་གྲོང་ཚོའི་འགོ་ཁྲིད་ཀྱིས་མང་ཚོགས་རྣམས་ཚོགས་འདུར་བསྐོངས་ཏེ་ཞིང་གྲོང་མགྲོན་ཁང་རྒྱག་རྒྱུའི་སྐོར་ལ་གྲོས་མོལ་བྱས།   ཚོགས་འདུའི་ཐོག་མ་རྐང་འཇོག་རྒྱུའི་ཐད་དུ་མང་ཚོགས་རྣམས་ལ་བསམ་འཆར་མི་འདྲ་བ་མང་དག་ཅིག་བྱུང་སྟེ།   ལ་ལས་མ་རྐང་འཇོག་དགོས་ན་ཆ་རྐྱེན་ཡོད་པའི་ཁྱིམ་དུད་ཀྱིས་མང་ཙམ་བཞག་སྟེ་ཐོབ་ཆ་ཡང་མང་ཙམ་ལེན་དགོས་ཟེར་བ་དང་།   ཡང་ལ་ལས་གྲོང་ཚོ་སྤྱིའི་མིང་ཐོག་ནས་མ་འཇོག་དང་ལས་གཉེར་བྱེད་དགོས་ཚེ།   ཚང་མར་མ་འཇོག་བྱ་རྒྱུ་དང་ཐོབ་ཆ་འཐོབ་རྒྱུའི་དབང་ཆ་འདྲ་མཉམ་ཡོད་དགོས་ཟེར་བ།   ཡང་དཀའ་ངལ་ཡོད་པའི་ཁྱིམ་དུད་ཚོས་ང་ཚོས་མ་རྐང་འཇོག་དགོས་ན་མ་དངུལ་འདོན་ཐུབ་པ་མི་འདུག་ཟེར་བ་སོགས་བཤད།   དེའི་སྐབས་སུ་བདེ་སྐྱིད་དབང་མོས་ཚིག་ཐག་ཆོད་པོའི་སྒོ་ནས།   ངས་གྲོང་ཚོའི་མང་ཚོགས་ཀྱི་སྣེ་ཁྲིད་ནས་ཞིང་གྲོང་མགྲོན་ཁང་རྒྱག་རྒྱུའི་དམིགས་ཡུལ་ནི་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཚང་མར་ཕན་འདོགས་རྒྱུ་དེ་ཡིན་པ་ལས་མི་ཁག་ཅིག་ལ་ཕན་ཁེ་འཐོབ་རྒྱུ་དང་།   མི་ཁག་ཅིག་ཕྱུག་པོ་ཡོང་བའི་ཆེད་དུ་མིན་པས།   གྲོང་ཚོའི་ཏང་ཀྲི་པུའུ་དང་།   འཇོན་ནུས་ཅན།   ཁྱིམ་དུད་དབུལ་ཕོངས།   དེ་མིན་གྲོང་ཚོའི་ཁྱིམ་དུད་ཕལ་པ་བཅས་མཉམ་འབྲེལ་བྱས་ནས་མ་འཇོག་དང་ལས་གཉེར་བྱ་རྒྱུའི་གྲོས་འགོ་འདོན་རྒྱུ་མ་ཟད།   ཐོ་འགོད་བྱས་པའི་ཁྱིམ་དུད་དབུལ་ཕོངས་ཚོའི་ཆེད་དུ་རང་ཉིད་ཀྱིས་མ་རྐང་ཚབ་འཇོག་བྱ་རྒྱུ་ཡིན་ཞེས་བཤད།   བསམ་འཆར་དེར་མང་ཚོགས་ཚོའི་རྒྱབ་སྐྱོར་ཐོབ་སྟེ།   དེ་བཞིན་བྱས་ན་དངོས་གནས་མང་ཚོགས་ཚང་མར་ཁེ་ཕན་འཐོབ་རྒྱུ་མ་ཟད།   ཐོ་འགོད་བྱས་ཟིན་པའི་ཁྱིམ་དུད་དབུལ་ཕོངས་རྣམས་ཀྱང་མགྱོགས་མྱུར་དབུལ་སྒྲོལ་ཐུབ་རྒྱུར་ཡང་ཕན་ཐོགས་ཆེན་པོ་ཡོང་ངེས་རེད་ཅེས་བཤད་དེ།   གྲོས་འགོ་དེར་ཚང་མས་མོས་མཐུན་བྱས།   དེ་ལྟར་བདེ་སྐྱིད་དབང་མོས་ཐོ་བཀོད་ཟིན་པའི་ཁྱིམ་དུད་དབུལ་ཕོངས་བཞི་ལ་མ་རྐང་འཇོག་རོགས་དང་།   དེ་མིན་དཀའ་ངལ་ཡོད་པའི་ཁྱིམ་དུད་གསུམ་དང་གྲོང་ཚོ་ཡོངས་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མ་རྣམས་ལ་ལས་ཞུགས་གི་གོ་སྐབས་མཁོ་འདོན་བྱ་རྒྱུ་བྱས་ཐོག   ལས་གནས་མི་འདྲ་བར་གཞིགས་ནས་ཟླ་རེར་སྒོར་3000ནས་6000བར་གྱི་གླ་ཕོགས་སྤྲད་རྒྱུ་གཏན་འཁེལ་བྱས།
       འབད་པ་ལྷུར་ལེན་གྱིས། དཀའ་བ་ཁྱད་དུ་བསད།
       ཚང་མས་ལས་གཏོད་དང་།   གྲོང་གསེབ་དར་རྒྱས།   མཉམ་དུ་ཕྱུག་འགྱུར་བཅས་ཡོང་བ་བྱེད་དགོས་པའི་བླང་བྱ་གཞིར་བཟུང་ནས།   2017ལོར་བདེ་སྐྱིད་དབང་མོས་ཐིམས་པ་གྲོང་ཚོའི་མང་ཚོགས་ཀྱི་སྣེ་ཁྲིད་ཐོག  ཚོགས་འདུའི་ཐོག་གཏན་འཁེལ་བྱས་པའི་ཀོང་བཙུན་དེ་མོ་ཞིང་གྲོང་མགྲོན་ཁང་རྒྱག་པའི་ལས་གྲྭ་དེ་དངོས་སུ་ལག་བསྟར་བྱས།   བྱ་བ་གང་ཞིག་ཡིན་རུང་མིའི་འདུན་པ་བཞིན་ལས་སླ་པོར་འགྲུབ་ག་ལ་སྲིད་དེ།   ལས་གྲྭ་ལག་བསྟར་བྱེད་པའི་ཁྲོད་དུ་གནད་དོན་མང་དག་ཅིག་དང་ཕྲད།   དེ་ཡང་དང་ཐོག་ཁོང་ཚོས་ཆོག་མཆན་ཞུས་པའི་དངུལ་ཁང་ནས་དངུལ་བུན་དུས་ལྟར་འབྱོར་མ་ཐུབ་སྟེ།   ལས་གྲྭ་ཆུང་གྲས་ཁག་ཅིག་འགོ་འཛུགས་རྒྱུ་དུས་འགྱང་ཡང་ཡང་མི་བྱེད་ཐབས་མེད་བྱུང་བས།   ཞིང་གྲོང་མགྲོན་ཁང་གི་ཁྱོན་ཡོངས་ཀྱི་ལས་གྲྭར་ཤུགས་རྐྱེན་ཆེན་པོ་ཐེབས།   དེར་བརྟེན་བདེ་སྐྱིད་དབང་མོས་བསམ་བློ་བཞི་གསུམ་བཅུ་གཉིས་དང་།   བྱེད་ཐབས་ཡོད་རྒྱུ་རྩལ་སྤྲུག ཤར་རྒྱུག་ནུབ་རྒྱུག་བཅས་བྱས་མཐར་སྨན་གླིང་རྫོང་གི་འབྲེལ་ཡོད་ཚན་པའི་མཐུན་སྦྱོར་འོག རྫོང་མི་དམངས་སྲིད་གཞུང་ནས་ལས་གྲྭ་གཙོ་གནད་ལ་མ་དངུལ་སྒོར་ཁྲི་400ཡི་རོགས་སྐྱོར་ཐོབ་སྟེ།   གཙོ་གནད་ལས་གྲྭ་དུས་ལྟར་བདེ་བླག་ངང་བསྐྲུན་ཐུབ་པ་བྱུང་།   བདེ་སྐྱིད་དབང་མོས་གྲོང་ཚོའི་མི་རྣམས་ཀྱི་སྒུག་བརྟེན་སློང་གསུམ་གྱི་བསམ་བློ་རྙིང་པ་འདོར་ཆེད།   རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཞིང་གྲོང་མགྲོན་ཁང་གི་ལས་གྲྭའི་ཆ་ཤས་ཏེ།   ས་ཁོད་སྙོམ་རྒྱུ་དང་།   བྱེ་མ་དབོར་རྒྱུ།   ལྕགས་རི་རྒྱག་རྒྱུ།   སྔོ་ཚལ་འདེབས་སའི་རྟེན་གཞི་བསྐྲུན་རྒྱུ་བཅས་ཀྱི་ལས་གྲྭའི་ནང་རང་དཔེ་གཞན་སྟོན་གྱིས་རང་སྟོབས་རང་སྤེལ་བྱ་རྒྱུར་སྣེ་ཁྲིད་བྱས་པས།   གྲོང་ཚོ་ཡོངས་ཀྱི་མང་ཚོགས་ལ་སྐུལ་སློང་ཐེབས་ཏེ་ངལ་རྩོལ་ནུས་ཤུགས་ཡོད་ཚད་ལས་གྲྭའི་ནང་དུ་ཞུགས་ཐུབ་པ་བྱུང་སྟབས།   གཅིག་ནས་འགྲོ་གྲོན་ཉུང་དུ་སོང་བ་དང་།   གཉིས་ནས་ལས་གྲྭ་ཧྲིལ་པོ་དུས་ལྟར་ལེགས་འགྲུབ་བྱུང་།
       གསར་གཏོད་བྱ་གཞག་ལ། གཡུར་ཟའི་འབྲས་བུ་སྨིན།
       ལོ་གཅིག་ལྷག་ཙམ་ལ་འབད་འཐབ་བྱས་པ་བརྒྱུད།   སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ3900ལྷག་ཙམ་ཡོད་ལ།   ཞག་སྡོད་དང་།   བཟའ་བཏུང་།   རོལ་རྩེད།   ཞབས་ཞུ་བཅས་མཉམ་འདུས་ཡིན་པའི་ཀོང་བཙུན་དེ་མོ་ཞིང་གྲོང་མགྲོན་ཁང་གི་ལས་གྲྭ་དེ་སྔར་གྱི་འཆར་གཞི་ལྟར་ལེགས་འགྲུབ་བྱུང་ཞིང་།   ད་དུང་རྒྱ་ཁྱོན་ལ་མུའུ་5ཡོད་པའི་སྔོ་ཚལ་རྟེན་གཞི་དང་།   སྒོར་གཞས་འཁྲབ་ས།   མདའ་མོ་པི་ཤུའི་མདའ་ར་ལ་སོགས་ཞོར་གཏོགས་ལས་གྲྭ་ཁག་ཅིག་ཀྱང་ལེགས་འགྲུབ་བྱུང་སྟེ།   2018ལོའི་ཟླ་4པར་ཐིམས་པ་གྲོང་ཚོའི་ཀོང་བཙུན་དེ་མོ་ཞིང་གྲོང་མགྲོན་ཁང་དངོས་སུ་ལས་གཉེར་གྱི་འགོ་ཚུགས་ཐུབ་པ་བྱུང་ལ།   གྲོང་ཚོ་དེ་གའི་གཞོན་སྐྱེས་མི་གྲངས་40ལྷག་ཙམ་ལ་རྒྱུན་རིང་གི་ལས་གནས་མཁོ་འདོན་བྱེད་ཐུབ་པ་དང་།   མི་20ལྷག་ཙམ་ལ་ནམ་དུས་རང་བཞིན་གྱི་ལས་གནས་མཁོ་འདོན་བྱེད་ཐུབ་པ་བྱུང་།   དེ་དང་ཆབས་ཅིག་ཏུ་ས་གནས་དེ་གའི་གླུ་གར་གྱི་རིག་གནས་ནང་སའི་ཡུལ་སྐོར་པར་འཁྲབ་སྟོན་བྱེད་ས་དང་།   ནང་སའི་མིའི་སྔོན་ཐོན་གྱི་བསམ་བློ་དག་གྲོང་ཚོའི་མང་ཚོགས་ཀྱིས་ཉམས་ལེན་བྱེད་སའི་རྟེན་གཞི་ཞིག་ཀྱང་ཆགས།
       ཀོང་བཙུན་དེ་མོ་ཞིང་གྲོང་མགྲོན་ཁང་གི་ལས་གཉེར་འགོ་བཙུགས་ནས་2019ལོའི་ལོ་མཇུག་བར་ཏེ་ལོ་ཕྱེད་ལྷག་ཙམ་གྱི་རིང་དུ་ཡོང་འབབ་ཁེར་གཙང་སྒོར་ཁྲི་311ལྷག་ཙམ་བྱུང་སྟེ།   ལོ་དེ་རང་ལ་གྲོང་ཚོ་ཡོངས་ཀྱི་ཁྱིམ་དུད་རེར་ཆ་སྙོམས་སྒོར་ཁྲི་2རེ་བགོ་བཤའ་རྒྱག་རྒྱུ་བྱུང་བ་དང་།   ཐིམས་པ་གྲོང་ཚོ་དེ་ཉིད་ཀྲུང་གོའི་གྲོང་གསེབ་འཕེལ་རྒྱས་སྐུལ་སྤེལ་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་ཁྱད་ལྡན་གྲོང་ཚོའི་གྲས་སུ་བཅུག་ཐོག  བདེ་སྐྱིད་དབང་མོ་ལ་ཡང་བོད་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའུ་ཡི་གཞུང་དོན་ཁང་དང་།   བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ཚོགས་པའི་དབུལ་སྒྲོལ་འགག་སྒྲོལ་ཐད་ཀྱི་བུད་མེད་འཇོན་ཐང་ཅན་གྱི་མཚན་སྙན་ཡང་ཐོབ་པ་རེད།   གཞན་ཡང་2019ལོར་བདེ་སྐྱིད་དབང་མོ་རིག་གནས་ཡུལ་སྐོར་པུའུ་ཡི་གྲོང་གསེབ་ཀྱི་རིག་གནས་དང་ཡུལ་སྐོར་འཇོན་ནུས་ཅན་གྱི་རོགས་སྐྱོར་རྣམ་གྲངས་སུ་ཚུད་པ་དང་།   སྨན་གླིང་རྫོང་ཨུད་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་ལ་ཡང་འདེམས་ཐོན་བྱུང་།   ཞིང་པའི་ལས་བརྩོན་ཕྱུག་འགྱུར་གྱི་འཇོན་ནུས་ཅན་བདེ་སྐྱིད་དབང་མོའི་ངོས་ནས་བཤད་ན།   གྲུབ་འབྲས་ཀྱི་མདུན་དུ་ཁེངས་དྲེགས་གང་ཡང་མེད་པར་སྔར་བཞིན་མངོན་ཆུང་ངང་ཐིམས་པ་གྲོང་ཚོའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་དུ་མདུན་ནས་མདུན་དུ་སྐྱོད་བཞིན་ཡོད་ལ།   དཀའ་སྤྱད་ཀྱིས་བཏབ་པའི་ས་བོན་ལ་ལོ་འདབ་རྒྱས་ཤིང་ཞིམ་མངར་གྱི་འབྲས་བཟང་ཡང་གཡུར་དུ་ཟ་བ་སྨིན་དང་སྨིན་བཞིན་ཡོད་དོ། །
ཀུང་བཙུན་དེ་མོ་ཞིང་གྲོང་མགྲོན་ཁང་གི་མཚན་ལྗོངས།
འབྲེལ་ཡོད་རྩོམ་ཡིག