ལྷ་ལྡན་ཞིང་གི་སྐྱིད་ཆུ་རིང་མོའི་མིང་དང་འདྲ་བར་སྐྱིད་ཆུའི་འགྲམ་དུ་དགའ་སྐྱིད་ངང་བརྩེ་དུང་གི་གཏམ་རྒྱུད་རིང་མོ་ལྡན་པའི་བོད་སོག་གི་ཁྱོ་ཤུག་གཉིས་ཡོད།
ཁྱོ་གའི་མིང་ལ་ཚེ་རིང་ཉི་མ་དང་། ཆུང་མའི་མིང་ལ་བསྐལ་བཟང་གཡང་སྒྲོན་ཟེར་ལ། བགྲང་བྱ་ཉི་ཤུ་ལྷག་གི་རིང་ལ་བཟའ་ཟླ་འདི་གཉིས་ཀྱིས་ཕན་ཚུན་བར་བརྩེ་སེམས་དང་ནག་ནོག་གི་དྲི་མ་མེད་པའི་ལྷག་བསམ་བཅངས་ནས། ནམ་ཡང་ལག་པའི་ནང་དུ་ལག་པ་དང་སེམས་པའི་ནང་དུ་སེམས་པ་བཞག་ནས་མི་ཚེ་ཡི་གཏམ་རྒྱུད་རིང་མོ་ཞིག་འབྲི་བཞིན་འདུག
བོད་སོག་བཟའ་ཚང་འདི་ནི་མགྲོན་པོ་ལ་ཧ་ཅང་དགའ་བའི་ཁྱིམ་ཚང་ཞིག་ཡིན་ཏེ། མགྲོན་པོ་ཞིག་ཁོ་ཚོའི་ནང་ལ་སླེབས་མ་ཐག བསྐལ་བཟང་གཡང་སྒྲོན་གྱིས་དེ་མ་ཐག་ཏུ་གསོལ་ཇ་འདྲེན་པ་དང་། ཚེ་རིང་ཉི་མ་ཡིས་ཐབ་ཚང་ནང་ནས་ཚགས་ཤ་དང་ལུག་ཤ་སོགས་མགྲོན་པོར་འབུལ། ཁོ་གཉིས་ཀྱིས་མགྲོན་པོར་བཅངས་པའི་བརྩེ་སེམས་དྲོན་མོ་དེ་ནི་མཚོ་བོད་མཐོ་སྒང་གི་ཉི་འོད་བཞིན་དྲོ་ཞིང་འཇམ་པས། མགྲོན་པོའི་སེམས་ཁོང་ལ་དེ་མ་ཐག་ཏུ་དྲོད་སྐྱིད་ལྡན་པར་འགྱུར་སྲིད།
ཉི་མ་ཚེ་རིང་དང་བསྐལ་བཟང་གཡང་སྒྲོན།
ཁྱིམ་གྱི་སྒྲོག་ཙེའི་ཐོག་ཏུ་སོག་པོའི་ཕྱུར་བ་དང་། བོད་ཀྱི་ཚགས་ཤ་སྐམ་པོ་སོགས་བོད་སོག་མི་རིགས་གཉིས་ཀྱི་ཁྱད་ལྡན་ཟས་རིགས་སྣ་ཚོགས་ཀྱིས་ཁེངས་འདུག་ལ། ཁོ་གཉིས་ཀྱིས་མགྲོན་པོར་ཟས་སྣ་འདི་དག་ལ་རོལ་བར་ཡང་དང་བསྐྱར་དུ་སྐུལ་གྱིན་འདུག
ཁོ་གཉིས་ཀྱི་ཁང་ཁྱིམ་གྱི་རྒྱན་བཀོད་ཁྱད་ཆོས་ལ་གཞིགས་ན། དེ་ནི་ལྷ་སའི་བོད་ཀྱི་ཁང་ཁྱིམ་མང་ཆེ་བ་དང་འདྲ་བར་སྲོལ་རྒྱུན་གྱི་བོད་ཀྱི་ཁང་ཁྱིམ་གྱི་ཁྱད་ཆོས་ཀྱིས་ཆེར་ཕྱུག་ན་ཡང་། ཚོན་མདོག་དང་རི་མོ་སོགས་ཀྱི་ཞིབ་ཆའི་སྟེང་ནས་སོག་པོའི་རིག་གནས་ཀྱི་ཆ་ཡང་མཐོང་ཐུབ། ཁང་པའི་རྒྱན་བཀོད་འདི་ནང་བཞིན་ཁྱིམ་ཚང་འདིའི་ནང་དུ་བོད་སོག་མི་རིགས་གཉིས་ཀྱི་རིག་གནས་ཞི་མཐུན་ངང་གནས་ལ། བོད་སོག་མི་རིགས་གཉིས་བར་གྱི་མཐུན་སྒྲིལ་གྱི་མེ་ཏོག་རྐང་གཅིག་ལ་མཛེས་སྡུག་གི་ལང་ཚོ་མངོན་བཞིན་ཡོད།
ཚེ་རིང་ཉི་མ་ནི་ནང་སོག་རང་སྐྱོང་ལྗོངས་ཁྲི་ཧྥེང་གྲོང་ཁྱེར་གྱི་ཨ་ལུ་ཁུ་ཨར་ཆིང་རྫོང་གི་མི་ཡིན་ལ། བསྐལ་བཟང་གཡང་སྒྲོན་ནི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ནས་ཡིན། ཚེ་རིང་ཉི་མ་གཞུང་རྒྱུད་དྲང་ལ་བསྐལ་བཟང་གཡང་སྒྲོན་གཤིས་ཀ་འཇམ་ཞིང་བྱང་སེམས་ལྡན། ཁོ་གཉིས་ཀྱི་ཐུན་མོང་གི་ཁྱད་ཆོས་ནི་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་ཞིག་ཡོད་པ་དེའོ། །
1997ལ་ཁོ་གཉིས་ཀོང་ཏུང་ཞིང་ཆེན་གྱི་ཧྲེན་ཀྲེན་གྲོང་ཁྱེར་དུ་འཁྲབ་སྟོན་ཞིག་གི་ཁྲོད་ཐེངས་དང་པོར་ངོ་འཕྲད་པའི་གོ་སྐབས་བྱུང་ལ། སྐབས་དེ་ནས་བཟུང་ཁོ་གཉིས་ཀྱི་བར་ལ་ལྷད་མེད་བརྩེ་དུང་གི་མྱུ་གུ་འབུས་འགོ་བརྩམས།
ཧྲེན་ཀྲེན་ནི་ས་ཆ་ཧ་ཅང་སྐྱིད་པོ་ཞིག་རེད་ཅེས་བཟའ་ཟླ་གཉིས་ཀྱིས་མགྲིན་གཅིག་ཏུ་བཤད།
ཚེ་རིང་ཉི་མས་བཤད་རྒྱུར། རིག་གནས་གྲོང་དེའི་ནང་དུ་འཁྲབ་སྟོན་བྱེད་དུས་ཀྱི་འདས་དོན་དེ་དག་ཡིད་ལ་དྲན་ཐེངས་རེར་དེ་ནི་དངོས་གནས་བརྗེད་པར་དཀའ་བ་ཞིག་ཡིན་ཏེ། དེར་ངེད་གཉིས་ཀྲུང་གོའི་གྲངས་ཉུང་མི་རིགས་56གི་སྤུན་གྲོགས་ཚང་མ་དང་མཉམ་འཛོམས་བྱུང་བའི་གོ་སྐབས་ཡག་པོ་ཞིག་ཕྲད་བྱུང་། དེ་རུ་གྲངས་ཉུང་མི་རིགས་སོ་སོའི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་སོགས་ཉམས་སུ་མྱོང་བའི་གོ་སྐབས་ཡག་པོ་བྱུང་།
སྐབས་དེ་དུས་ཚེ་རིང་ཉི་མར་མཚོན་ན། ཆེས་དགའ་སྤྲོ་ལྡན་པའི་འདས་དོན་ཞིག་ཡོད་པ་ནི་གྲངས་ཉུང་མི་རིགས་གཞན་དག་གི་གྲོགས་པོ་རྣམས་དང་ལྷན་དུ་ཕྱི་ལོགས་སུ་ཕྱིན་ནས་རྩེད་མོར་རོལ་བ་དང་ཆང་འཐུང་རྒྱུ་དེ་ཡིན། གོ་རིམ་འདིའི་ཁྲོད་དུ་ཁོའི་རང་གི་དགའ་མ་ཡང་ཐེངས་དང་པོར་ངོ་ཤེས།
ཧྲེན་ཀྲེན་གྲོང་ཁྱེར་དུ་བགྲང་བྱ་གཉིས་ཀྱི་རིང་དུ་གླུ་གར་འཁྲབ་སྟོན་གྱི་ལས་ཀ་བྱས་རྗེས། ཁོ་གཉིས་1999ལོར་ལྷ་ལྡན་གྲོང་ཁྱེར་དུ་སླེབས་ཏེ་གཉེན་བསྒྲིགས། དེ་ནས་བཟུང་ལོ་ངོ་ཉི་ཤུའི་རིང་ལ་ཁོ་གཉིས་བོད་ལྗོངས་ཀྱི་ས་ཁུལ་ཁག་ཏུ་ཞིང་ལས་དང་། གླུ་གར་འཁྲབ་སྟོན་སོགས་ཀྱི་ལས་ཀ་བྱས་མྱོང་བར་མ་ཟད། ཟ་ཁང་དང་ཇ་ཁང་སོགས་ཚོང་ལས་ཀྱང་གཉེར་མྱོང་།
ད་ལྟ་བསྐལ་བཟང་གཡང་སྒྲོན་གྱིས་ལྷ་ས་གྲོང་ཁྱེར་གྱི་གླུ་གར་ཁང་དུ་འཁྲབ་སྟོན་པ་བྱེད་བཞིན་ཡོད་ལ། ཚེ་རིང་ཉི་མས་གྲོང་ཁྱེར་ལྷ་སའི་འཛུགས་སྐྲུན་ཀུང་སི་ཆེན་མོ་ཞིག་གི་ནང་དུ་ལས་ཀ་བྱེད་བཞིན་ཡོད།
ལོ་རེ་བཞིན་བསྐལ་བཟང་གཡང་སྒྲོན་ནི་གཞན་གྱི་གདན་འདྲེན་ཞུས་པ་བཞིན་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་འཁྲབ་སྟོན་ལ་འགྲོ་དགོས་པ་དང་། ཚེ་རིང་ཉི་མ་ཡང་འཛུགས་སྐྲུན་ཀུང་སིའི་ལས་ཀའི་ཞོར་ལ་གང་སར་འཁྲབ་སྟོན་ལ་འགྲོ་བཞིན་ཡོད། ཁོ་གཉིས་ལ་བུ་མོ་ལོ་དགུ་ཅན་མིང་ལ་བསྐལ་བཟང་ལྷ་མོ་ཞེས་འབོད་པ་ཞིག་ཡོད། བུ་མོར་སོག་མིང་ཞིག་ཀྱང་བཏགས་པར་པད་དཀར་ཟེར། དེ་ནི་སོག་སྐད་དུ་རང་བྱུང་གི་དོན་ཡིན་ཟེར། བུ་མོ་ད་ལྟ་སློབ་ཆུང་ལོ་རིམ་བཞི་པ་རེད།
ཁྱོ་ཤུག་གཉིས་ཀྱིས་སོག་ཆས་སྤྲས་པ།
མི་རིགས་མི་འདྲ་བ་གཉིས་བཟའ་ཚང་གཅིག་ཏུ་ཆགས་པ་ཡིན་པས། རིག་གནས་ཀྱི་གདོང་ཐུག་ནི་གཡོལ་ཐབས་མེད་པ་ཞིག་རེད། ཁོ་གཉིས་ཆུང་ཆུང་ནས་སོ་སོའི་མི་རིགས་ཀྱི་སྐད་རྒྱག་པར་གོམས་ཡོད་པས། ཕན་ཚུན་བར་གོ་བརྡ་ཡག་པོ་མི་འཕྲོད་པ་ནི་ཁོ་གཉིས་བར་འཕྲད་པའི་གནད་དོན་དང་པོ་དེ་རེད། དེ་བས་ཐོག་མའི་དུས་སུ་ཁོ་གཉིས་ཀྱིས་སྒྲ་ཧ་ཅང་མི་དག་པའི་རྒྱ་སྐད་ཀྱི་ལམ་ནས་བརྡ་སྤྲོད་དགོས་བྱུང་།
བསྐལ་བཟང་གཡང་སྒྲོན་གྱིས་བཤད་རྒྱུར། ད་ལྟ་ངེད་གཉིས་ཀྱིས་སྤྱིར་བཏང་ཕན་ཚུན་བར་རྒྱ་སྐད་བཤད་བཞིན་ཡོད་ལ། མཚམས་རེར་བོད་སྐད་དང་སོག་སྐད་ཅུང་ཙམ་རེ་འདྲེས་ནས་བཤད་བཞིན་ཡོད་ཟེར། བསྐལ་བཟང་གཡང་སྒྲོན་གྱིས་རྒྱུན་སྤྱོད་ཀྱི་སོག་སྐད་མང་ཆེ་བ་གོ་ཐུབ་ལ་བཤད་ཀྱང་ཤེས།
སོག་སྐད་དང་བོད་སྐད་གཉིས་སྒྲ་གདངས་ཀྱི་སྟེང་ནས་འདྲ་ས་མང་པོ་ཡོད་པས། བསྐལ་བཟང་གཡང་སྒྲོན་ལ་མཚོན་ན། སོག་སྐད་སྦྱང་རྒྱུ་ནི་ཧ་ཅང་ལས་སླ་མོ་ཞིག་རེད། དེ་མིན་བོད་སོགས་མི་རིགས་གཉིས་ཀྱི་ཟ་མ་ཡང་ཧ་ཅང་འདྲ་བས། ཟ་འཐུང་གི་ཕྱོགས་ནས་སྐྱོན་ཆེན་པོ་མི་འདུག
ང་ཚོས་ཇ་བསྲུབས་མ་འཐུང་བ་དང་། ཁོ་ཚོ་འོ་ཇ་འཐུང་རྒྱུར་དགའ། ང་ལ་མཚོན་ན་འོ་ཇ་ཞིམ་ལ་ཇ་བསྲུབས་མ་ཡང་ཞིམ་པོ་རེད་བསམས།
ཡིན་ན་ཡང་། ས་བབ་དང་གནམ་གཤིས་ཀྱི་ཧེ་བག་གི་རྐྱེན་གྱིས་ཚེ་རིང་ཉི་མ་དང་ཐོག་ལྷ་སར་སླེབས་དུས་ཡུལ་དེར་ཆ་རྒྱུས་མེད་པས་ཅུང་ཙམ་མ་གོམས་པ་བྱུང་། འོན་ཀྱང་ཁོ་ནི་ས་ཆ་གང་དུ་ཕྱིན་ཀྱང་གོམས་པ་མགྱོགས་པའི་རྐྱེན་གྱིས་དུས་ཡུན་ཐུང་ཐུང་ནང་ལྷ་ས་ནི་རང་ཉིད་ཀྱི་ཕ་ཡུལ་ཡིན་པ་ལྟ་བུའི་ཚོར་སྣང་བྱུང་།
ཚེ་རིང་ཉི་མ་ཡིས་བཤད་པ་ལྟར་ན། སོག་པོའི་མིང་མང་ཆེ་བ་ནི་བོད་ཡིག་གི་ཆོས་དཔེའི་ནང་གི་མིང་ལྟར་བཏགས་པ་ཡིན་ལ། སོག་པོ་མང་ཆེ་བས་ཀྱང་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ལ་དད་པ་བྱེད།
བོད་མི་རིགས་ལ་དུས་ཆེན་འདྲ་མིན་མང་བ་དང་། བོད་པ་རྣམས་ནི་དུས་ཆེན་རོལ་བར་ཧ་ཅང་དགའ། བོད་སོག་བཟའ་ཚང་འདི་ལ་མཚོན་ན། ཁྱིམ་ཚང་གཅིག་གི་ནང་དུ་རིག་གནས་གཉིས་འདུས་པས། ཁོ་གཉིས་ཀྱིས་ནམ་རྒྱུན་རྟེན་འབྲེལ་ཞུ་བའི་དུས་ཆེན་ནི་མི་གཞན་དག་ལས་ཀྱང་མང་།
ཚེ་རིང་ཉི་མས། ངས་ལོ་རེར་ལོ་གསར་གཉིས་གཏོང་བ་སྟེ། བོད་པའི་ལོ་གསར་སྐབས་ངས་བོད་ཆས་གྱོན་པ་དང་། སོག་པོའི་ལོ་གསར་སྐབས་སོག་ཆས་གྱོན་པ་ཡིན་ཞེས་བཤད།
ཚེ་རིང་ཉི་མ་ནི་ལྷ་སར་ཡུན་རིང་དུ་གནས་མོད། ཁོས་ནམ་ཡང་རང་གི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་རྣམས་མ་བརྗེད་པར་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ཁོ་ལ་མཚོན་ན་ཆེས་དགའ་བའི་བོད་པའི་དུས་ཆེན་ནི་བོད་པའི་ལོ་གསར་ཡིན་ཏེ། དེ་དུས་སྣང་བ་ཧ་ཅང་སྐྱིད་ཅིང་ཟས་རིགས་ཞིམ་པོ་ཡང་འདྲ་མིན་སྣ་ཚོགས་ཡོད།
ཚེ་རིང་ཉི་མ་ནི་བྱིས་པའི་དུས་ནས་རྟ་རྒྱུག་མདའ་འཕེན་དང་སྦེ་ག་འགྲན་པ་སོགས་ལ་དགའ་ལ། ཁོ་རང་ཆེས་དགའ་བའི་སོག་པོའི་དུས་ཆེན་ནི་ནཱ་ཏཱ་མུ་ཡིན། འོན་ཀྱང་ད་ལྟ་ལུས་རྩལ་དེ་དག་རྒྱུན་དུ་སྦྱོང་བརྡར་བྱེད་མི་ཐུབ་པས་ཁོ་ལ་ཕངས་སེམས་ཅུང་ཙམ་ཡོད། དུས་ཆེན་དེ་ནི་བསྐལ་བཟང་གཡང་སྒྲོན་ཆེས་དགའ་བའི་སོག་པོའི་དུས་ཆེན་ཡང་རེད། དེ་མིན་མོ་ད་དུང་སོག་པོའི་རྩྭ་ཐང་དང་། སྦེ་ག རྟ་རྒྱུག་སོགས་ལ་བལྟ་རྒྱུར་དགའ་པོ་ཡོད་ཟེར།
ཁོ་གཉིས་ལ་ཐུན་མོང་གི་དགའ་ཕྱོགས་ཤིག་ཡོད་པ་ནི་དབྱར་དུས་སུ་རང་གི་གཅེས་པའི་བུ་མོ་དང་གྲོགས་པོ། གཉེན་ཉེ་སོགས་དང་མཉམ་དུ་གླིང་ག་གཏོང་རྒྱུ་དེ་རེད། གླིང་ག་གཏོང་ཐེངས་རེར་ཕྱོགས་གཉིས་ཀའི་ཕ་མ་རྣམས་ཀྱིས་ཚེ་རིང་ཉི་མས་སོག་གླུ་ཞིག་ལེན་རྒྱུར་རེ་སྒུག་དང་དགའ་བསུ་བྱེད་ལ། དེ་ཡང་ཚེ་རིང་ཉི་མའི་དམིགས་བསལ་གྱི་ཡོན་ཏན་ཡིན།
བདེ་སྐྱིད་ལྡན་པའི་ཁྱིམ་ཚང་།
2017ལོར་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་ཚེ་རིང་ཉི་མ་དང་བསྐལ་བཟང་གཡང་སྒྲོན་གྱི་དུད་ཚང་ལོ་དེའི་ལྷ་སའི་ཁྱིམ་ཚང་བཟང་ཤོས་སུ་བདམས།
ཚེ་རིང་ཉི་མས་བཤད་རྒྱུར། བྱ་དགའ་འདི་ནི་ངེད་གཉིས་ལ་མཚོན་ན་དོན་སྙིང་ཧ་ཅང་ཆེ་བ་ཞིག་ཡིན། མི་རིགས་སྤུན་ཟླ་མང་པོ་ཡོད་པའི་རྒྱལ་ཁབ་ཅིག་ལ་མཚོན་ན། མི་རིགས་ཕན་ཚུན་བར་འཆམ་མཐུན་དང་ཞི་བདེ་ཡོང་རྒྱུ་ནི་རྒྱལ་ཁབ་སྟོབས་འབྱོར་དང་མི་རིགས་ཡར་རྒྱས་ཡོང་བའི་གཞི་རྩ་ཡིན་ཟེར།
ཁྱིམ་མི་དག་དང་ལྷན་དུ་ཡོད་པ།