ཀྲུང་གོའི་བོད་ལྗོངས་དྲ་བ།>དཔེ་ཀློག

དེང་རབས་ཆ་འཕྲིན་ལག་རྩལ་གྱི་ཕོ་ཉ་ཉི་མ་བཀྲ་ཤིས།

2021-03-18 ཁུང་ཞ།
        ཉི་མ་བཀྲ་ཤིས་ལགས་ནི་ཆུང་དུས་ནས་བཟུང་《ཚན་རིག་བརྙན་དེབ》ཅེས་པའི་ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་བའི་དུས་དེབ་ཀློག་པར་དགའ་ཞིང་།  ཚན་རིག་རྟོག་བཟོའི་སྒྲུང་གཏམ་ཀློག་པ་ལའང་ཧ་ཅང་དགའ།  དེབ་འདི་དག་ནི་ཉི་མ་བཀྲ་ཤིས་ཀྱི་ཚན་རིག་རྟོག་བཟོའི་སྒོ་ཆེན་འབྱེད་པའི་ལྡེ་མིག་དང་འདྲ་བས།  ཁོས་ཆུང་དུས་ནས་བཟུང་འཇིག་རྟེན་འདིར་ངོ་མཚར་བའི་འཕྲུལ་ཆས་མིང་ལ་རྩིས་འཁོར་ཟེར་བ་ཞིག་ཡོད་པ་ཤེས་པ་དང་།  དེའི་ལས་ཀའི་རྩ་བའི་རིག་པ་ཇི་ལྟ་བུ་ཞིག་ཡིན་པ་ཤེས་འདོད་ཀྱི་འདུན་པ་དྲག་ཏུ་སྐྱེས།  ཉི་མ་བཀྲ་ཤིས་ཀྱིས་“ཕ་མས་ང་ལ་ཤུགས་རྐྱེན་ཟབ་མོ་ཞིག་ཐེབས་ཡོད་”ཅེས་བཤད་པ་དང་།  ཁོའི་ཨ་མས་རྒྱུན་དུ་ཁོ་ལ་“ཁྱོས་རྟག་ཏུ་འབད་བརྩོན་ལྷོད་མེད་བྱེད་པས།  གྲུབ་འབྲས་ག་འདྲ་བྱུང་རུང་ང་ཚོས་དེ་ལ་བསམ་ཤེས་བྱེད་ངེས་”ཞེས་བཤད་མོད།   འོན་ཀྱང་ཁོ་ལ་གནོན་ཤུགས་གཏན་ནས་སྤྲོད་མི་སྲིད།  
        ཉི་མ་བཀྲ་ཤིས་ལགས་ནི་རང་རྒྱལ་གྱི་བོད་ཡིག་ཆ་འཕྲིན་མ་ལག་ཁྱབ་ཁོངས་ཀྱི་རིག་གཞུང་གི་ཤིང་རྟའི་སྲོལ་འབྱེད་པ་ཡིན་ལ།   ལོ་ངོ་30ལྷག་གི་རིང་དུ་རྩིས་འཁོར་དང་བོད་ཡིག་ཆ་འཕྲིན་ལག་རྩལ་ལ་ཞིབ་འཇུག་དང་ལག་ལེན་གནང་ནས་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་གསར་སྤེལ་གྱི་ཁྱབ་ཁོངས་གསར་པ་བཏོད།   དེ་བཞིན་རྩིས་འཁོར་གྱི་བོད་ཡིག་ཨང་ཕབ་རྒྱལ་སྤྱི་དང་རྒྱལ་ཁབ་ཀྱི་ཚད་གཞི་གཏན་འབེབས་དང་།  བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་རྨང་གཞིའི་གཞུང་ལུགས་ཞིབ་འཇུག་དང་།  བཀོལ་སྤྱོད་མ་ལག་བོད་ཡིག་ཅན་དུ་གཏོང་བའི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་།   བོད་ཡིག་གི་གནའ་དཔེ་གློག་རྡུལ་རྣམ་པས་སྲུང་སྐྱོང་དང་བཀོལ་སྤྱོད་བཅས་ཀྱི་ཐད་རྒྱུན་མཐུད་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་པར་མ་ཟད་བཀོལ་རྒྱ་ཆེན་པོ་ཐོབ་རྐྱེན།   རང་རྒྱལ་གྱི་སྐད་དང་ཡི་གེའི་ཆ་འཕྲིན་ལག་རྩལ་ཡར་ཐོན་དང་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུད་འཛིན་འཕེལ་རྒྱས་གཏོང་བར་བྱས་རྗེས་བླ་མེད་བཞག་ཡོད།   ཁོང་ལ་རྒྱལ་ཁབ་ཚན་རྩལ་ཡར་ཐོན་བྱ་དགའ་ཨང་གཉིས་པ་དང་ཀྲུང་གོའི་ཚད་གཞི་གསར་གཏོད་བྱས་རྗེས་བྱ་དགའ་ཨང་དང་པོ།   རྒྱལ་ཁབ་རིམ་པའི་སློབ་ཁྲིད་གྲུབ་འབྲས་བྱ་དགའ་ཨང་གཉིས་པ།   བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་བྱ་དགའ་ཨང་དང་པོ་གཉིས་དང་ཨང་གཉིས་པ་གཉིས།   ཧེ་ལིང་ཧེ་ལི་ཐེབས་རྩའི་ཚན་རིག་དང་ལག་རྩལ་གསར་གཏོད་བྱ་དགའ་བཅས་སྔ་ཕྱིར་ཐོབ་པ་དང་།   ཀྲུང་གོའི་ན་གཞོན་ཚགས་པར་ཁང་གིས་“བོད་ལྗོངས་ཀྱི་ITཡི་ཤིང་རྟ་བ་”ཞེས་པའི་མཚན་མཆོག་གནང་བ་དང་།   2019ལོར་ཀྲུང་གོའི་བཟོ་སྐྲུན་ཁང་གི་ཡོན་ཧྲི་འཕར་འདེམས་ཀྱི་རིམ་པ་གཉིས་པའི་དཔྱད་བཤེར་གྱི་གྲས་སུ་ཚུད།  
རྩིས་འཁོར་གྱི་བོད་ཡིག་ཨང་ཕབ་ཚད་གཞི་ནི་བོད་ཡིག་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཀྱི་རྨང་རྡོ་ཡིན།   སྔོན་ཆད་ཨང་ཕབ་ཚད་གཞི་མེད་སྟབས།   བོད་ཡིག་ཨང་ཕབ་ལ་རྒྱ་ཡིག་གི་ཨང་ཕབ་བར་སྟོང་བཀོལ་ཡོད་པ་དང་།   དེ་མཚུངས་སུ་ཡིག་གཅིག་ཨང་གཅིག་གི་ཨང་ཕབ་རྣམ་པས་བོད་ཡིག་གི་ཡི་གེའི་གྲུབ་ཚུལ་ངོ་མ་ཡང་དག་པར་མངོན་མི་ཐུབ་པས།  ཨང་ཕབ་མི་ཐུབ་པའི་ཕྱི་རོལ་ཡི་གེ་མང་པོ་བྱུང་བས་ཆ་འཕྲིན་གོ་ཆོད་སྒོས་སྒྲིག་གཅོད་བྱེད་པར་བཀག་རྒྱ་ཆེན་པོ་བཟོས་རྐྱེན།   བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་གསར་སྤེལ་གྱི་མདུན་སྐྱོད་གོམ་ཁར་བར་ཆད་མང་པོ་ཕྲད།  
        1993ལོའི་ལོ་མཇུག་ཏུ་ཉི་མ་བཀྲ་ཤིས་ཀྱིས་“ISO/IEC 10646《ཆ་འཕྲིན་བརྗེ་རེས་ལ་བཀོལ་བའི་བོད་ཡིག་ཨང་ཕབ་ཡིག་རྟགས་ཚོགས་》”རྒྱལ་སྤྱིའི་ཚད་གཞི་ཞིབ་འཇུག་དང་གཏན་འབེབས་ཀྱི་འགན་བཞེས།   སྐབས་དེར་ཧ་ཅང་གལ་ཆེ་བའི་གཞི་རྩའི་ཡིག་རིགས་མང་པོའི་སྙོམས་ངོས་ཀྱི་ཨང་ཕབ་བར་སྟོང་མང་པོ་ལྷག་མེད་པར་མ་ཟད།   དབྱིན་ཇི་དང་ཨེར་ལན་གཙོས་པའི་རྒྱལ་ཁབ་མང་པོས་བོད་ཡིག་ཨང་ཕབ་རྒྱལ་སྤྱིའི་ཚད་གཞིར་ཞིབ་འཇུག་དང་གྲོས་འཆར་ཡར་སྤྲོད་བྱེད་བཞིན་ཡོད།   དེ་བས་ལྗིད་ཏིག་ཏིག་གི་འགན་འཁྲི་དང་ཛ་དྲག་གི་འགྲན་རྩོད་ལ་རིག་པ་ནན་མོས་བློ་ཕྱོགས་ནས་ཉིན་མཚན་དབྱེར་མེད་དུ་ཞིབ་འཇུག་ཚོགས་པའི་སྣེ་དྲངས་ནས་“ISO/IEC 10646”ཡི་ཨང་ཕབ་གཞུང་ལུགས་དང་ངེས་སྲོལ།   དེ་མིན་འཛམ་གླིང་གི་ཡིག་རིགས་སྣ་ཚོགས་པའི་ཨང་ཕབ་ལག་རྩལ་ལ་ཞིབ་འཇུག་གནང་བ་དང་།   བོད་ཡིག་དབྱངས་གསལ་གྱི་རྩ་བའི་སྦྱོར་ཚུལ་དང་བོད་ཡིག་ཆ་འཕྲིན་ལག་རྩལ་གཉིས་ཟུང་དུ་སྦྲེལ་ཏེ།   བོད་ཡིག་གི་རྩ་བའི་ཡིག་རྟགས་དང་སྡེབ་སྒྲིག་ཡིག་རྟགས་བཀོལ་ནས་བོད་ཡིག་ཡོངས་རྫོགས་ཨང་ཕབ་ཐུབ་པའི་ལག་རྩལ་དང་ཐབས་ལམ་གསར་དུ་བཏོན་ནས་བོད་ཡིག་ཆ་འཕྲིན་མཚོན་པ་དང་།   བརྗེ་རེས།   སྒྲིག་གཅོད་ལག་རྩལ་གྱི་འཕྲང་འགག་སྒྲོལ།   ལོ་ངོ་བཞི་ལྷག་གི་ལག་རྩལ་གྱི་འགག་སྒྲོལ་དང་ཛ་དྲག་གི་འགྲན་རྩོད་བརྒྱུད།   1997ལོའི་ཟླ7པར།   ཁོང་གིས་ཞིབ་འཇུག་དང་གཏན་འབེབས་གནང་བའི་བོད་ཡིག་ཨང་ཕབ་རྒྱལ་སྤྱིའི་ཚད་གཞི་ཡི་གྲོས་གཞི་རྣམ་པར་རྒྱལ་ནས།   ISOརྩ་འཛུགས་ཀྱིས་དངོས་སུ་“ISO/IEC 10646《ཆ་འཕྲིན་བརྗེ་རེས་ལ་བཀོལ་བའི་བོད་ཡིག་ཨང་ཕབ་ཡིག་རྟགས་ཚོགས》”རྒྱལ་སྤྱིའི་ཚད་གཞི་ཡིན་པར་གཏན་ཁེལ་བྱས་པས།   གོ་ལ་ཧྲིལ་པོའི་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཚད་གཞིར་གྱུར་པ་དང་བོད་ཡིག་འཕེལ་རྒྱས་ལ་རྨང་གཞི་བཏིང་བར་མ་ཟད།   བོད་ཡིག་ནི་རང་རྒྱལ་གྱི་ཆེས་ཐོག་མའི་ཨང་ཕབ་རྒྱལ་སྤྱིའི་ཚད་གཞི་གཏན་འབེབས་ལེགས་འགྲུབ་བྱུང་བའི་གྲངས་ཉུང་མི་རིགས་ཀྱི་ཡི་གེར་གྱུར་པས་རྒྱལ་ཁབ་ཀྱི་ཚད་ལྡན་ཅན་གྱི་དབང་ཆ་སྲུང་སྐྱོང་དང་རང་རྒྱལ་གྱི་བོད་འབྲེལ་རྒྱལ་སྤྱིའི་སྐད་ཆའི་བདག་དབང་ཇེ་མཐོར་བཏང་།  དེ་དང་ལྟོས་ཟླའི་“GB 16959-1997《ཆ་འཕྲིན་ལག་རྩལ།   ཆ་འཕྲིན་བརྗེ་རེས་ལ་བཀོལ་བའི་བོད་ཡིག་ཨང་ཕབ་ཡིག་རྟགས་ཚོགས།   རྩ་བའི་ཚོགས།》”རྒྱལ་ཁབ་ཚད་གཞི་ནི་རང་རྒྱལ་ཆ་འཕྲིན་ལག་རྩལ་གྱི་ངེས་མཁོའི་རྒྱལ་ཁབ་ཚད་གཞི་གཉིས་ཡོད་པའི་གྲས་ཀྱི་གཅིག་ཡིན་ལ་རྒྱལ་ཁབ་ཀྱི་སྐད་ཡིག་ཆ་འཕྲིན་ཅན་དུ་འགྱུར་བར་སྐུལ་འདེད་བཏང་།   2019ལོའི་ཟླ་3པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་སྡེ་ཚན་གྱིས་སྤེལ་བའི་《རླབས་ཆེན་གྱི་མཆོང་སྐྱོད་ཆེན་མོ་སྟེ་བོད་ལྗོངས་དམངས་གཙོའི་བཅོས་བསྒྱུར་གྱི་ལོ་ངོ་དྲུག་ཅུ་》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཏུ་“བོད་སྐད་ཡིག་གི་བཀོལ་སྤྱོད་ཆ་འཕྲིན་ཅན་དུ་སླེབས་ཟིན་པ་དང་།   བོད་ཡིག་ཡིག་རྟགས་ཀྱི་རྩིས་འཁོར་ཨང་ཕབ་ལ་རྒྱལ་སྤྱིའི་ཚད་གཞི་དང་རྒྱལ་ཁབ་ཚད་གཞི་ལྡན་པར་གྱུར་”ཅེས་བསྟན།  གོང་གི་ཞིབ་འཇུག་འབྲས་བུར་2004ལོའི་རྒྱལ་ཁབ་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་ཨང་གཉིས་པ་དང་2010ལོའི་ཀྲུང་གོའི་ཚད་གཞི་གསར་གཏོད་བྱས་རྗེས་བྱ་དགའ་ཨང་དང་པོ་ཐོབ།  
ཆ་འཕྲིན་ལག་རྩལ་གྱི་འཕེལ་རྒྱས་ཆོས་ཉིད་གཞིར་བཟུང་སྟེ།   རྨང་གཞིའི་གཞུང་ལུགས་ཞིབ་འཇུག་ལེགས་པར་བསྒྲུབས་ནས་ལག་རྩལ་གྱི་འཕྲང་འགག་བསྒྲལ་ན་ད་གཟོད་ཞིབ་འཇུག་གསར་སྤེལ་གསར་གཏོད་གྱི་ཆུ་ཚད་མཐོ་རུ་གཏོང་ཐུབ།   
        བོད་ཡིག་སྦྱོར་ཀློག་དང་བརྡ་སྤྲོད་ནི་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཞིབ་འཇུག་བྱ་ཡུལ་གལ་ཆེན་ཞིག་ཡིན་ལ།   བོད་ཡིག་རིག་ལྡན་ནང་འདྲེན་དང་ཡི་གེའི་རིམ་སྒྲིག་སོགས་བཀོལ་སྤྱོད་མ་ལག་བོད་ཡིག་ཅན་དུ་གཏོང་བའི་ལག་རྩལ་གྱི་ཞིབ་འཇུག་ཆུ་ཚད་མཐོ་རུ་གཏོང་ཆེད།   བོད་ཡིག་གི་སྦྱོར་ཀློག་དང་བརྡ་སྤྲོད་ལ་རིག་ཚན་ལས་བརྒལ་བའི་གཞུང་ལུགས་ཞིབ་འཇུག་གནང་།   ཐོག་མར་རྟགས་འགྲོས་སྐད་བརྡ་དང་རང་འགུལ་འཕྲུལ་ཆས་གཞུང་ལུགས་དེ་བོད་ཡིག་ཆ་འཕྲིན་ལག་རྩལ་དང་ཟུང་དུ་སྦྲེལ་ནས།   བོད་ཡིག་སྦྱོར་ཀློག་གི་རྟགས་འགྲོས་སྐད་བརྡ་དང་རང་འགུལ་འཕྲུལ་ཆས་གཞུང་ལུགས་ཀྱི་དཔེ་དབྱིབས་གསར་བཟོ་གནང་བ་དང་།   ཡི་གེའི་ནང་རོལ་གྱི་གཏན་ཚིགས་ཆོས་ཉིད་ཀྱི་མཐིལ་བརྟོལ་ནས་ཡི་གེའི་གྲུབ་ཆ་ངོས་འཛིན་གྱི་ཐབས་ལམ་གསར་དུ་བཏོན་པར་མ་ཟད།   གོང་བརྗོད་ཀྱི་ལག་རྩལ་དང་གཞུང་ལུགས་ལ་བརྟེན་ནས་རྩིས་འཁོར་བོད་ཡིག་རིག་ལྡན་ནང་འདྲེན་དང་ཡི་གེའི་རིམ་སྒྲིག ཡིག་ནོར་འཚོལ་བ་སོགས་ཀྱི་ལག་རྩལ་གསར་གཏོད་གནང་ནས་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་གསར་སྤེལ་གྱི་ཁྱབ་ཁོངས་སུ་རྒྱ་ཆེར་བཀོལ།   གྲུབ་འབྲས་དེ་དག་ཚན་རིག་དཔེ་སྐྲུན་ཁང་གིས་པར་དུ་བཏབ་པའི་ཆེད་རྩོམ་《བོད་ཡིག་སྦྱོར་ཀློག་གི་རྟགས་འགྲོས་སྐད་བརྡ་དང་རང་འགུལ་འཕྲུལ་ཆས་ཞིབ་འཇུག་དང་བཀོལ་སྤྱོད་》ཅེས་པར་ཕྱོགས་བསྡོམས་གནང་ཡོད་པར་མ་ཟད།   ཡོན་ཧྲི་ཕན་ཡུན་ཧོ་ཡིས་འགོ་བརྗོད་དུ་“བོད་ཡིག་གི་ཤེས་བྱ་དང་རྩིས་འཁོར་ལག་རྩལ།   བོད་ཡིག་ཆ་འཕྲིན་ལག་རྩལ་བཅས་གཞི་གཅིག་ཏུ་འབྲེལ་རྐྱེན་བརྩམས་ཆོས་འདི་ལ་ཡོངས་ཁྱབ་རང་བཞིན་དང་གཞུང་ལུགས་ཀྱི་ཟབ་ཚད་ལྡན་”ཞེས་གདེང་འཇོག་གནང་།   ཆེད་རྩོམ་འདིར་ཕྱོགས་ཡོངས་ནས་བཟོ་བཅོས་བརྒྱབ་མཐར།   ཆེད་རྩོམ་གྱི་དབྱིན་ཡིག་པར་མ་ 《Research on Tibetan Spelling Formal Language and Automata with Application》 ནི་སི་པི་རིན་གྷིར(Springer)དཔེ་སྐྲུན་ཁང་གིས་པར་དུ་བཏབ་པ་དང་།   སི་པི་རིན་གཞི་གྲངས་མཛོད་(Springer Link)དུ་ཕབ་ལེན་བྱེད་ཚད་526ལ་སླེབས།   དེས་རྒྱལ་ཁབ་ཕྱི་ནང་གི་སྐད་རིགས་གཞན་དག་གི་ཆ་འཕྲིན་སྒྲིག་གཅོད་ལ་དཔྱད་གཞི་མཁོ་འདོན་བྱས་པས།   2017ལོའི་ཧེ་ལིང་ཧེ་ལི་ཐེབས་རྩའི་ཚན་རིག་དང་ལག་རྩལ་གསར་གཏོད་བྱ་དགའ་ཐོབ།   དེར་མ་ཟད།   ཚན་རིག་དཔེ་སྐྲུན་ཁང་གིས་ཆེད་རྩོམ་《བོད་སྐད་རང་བྱུང་སྐད་བརྡ་སྒྲིག་གཅོད་ཀྱི་རྩ་བའི་གཞུང་ལུགས་དང་ཐབས་ཤེས་》ཞེས་པ་པར་དུ་བཏབ་ནས་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་གཞུང་ལུགས་ལ་རྨང་གཞི་བཏིང་།  
        བོད་ཡིག་ཨང་ཕབ་ཚད་གཞིར་བརྟེན་པའི་བདག་དབང་ཅན་གྱི་རྒྱ་བོད་བཀོལ་སྤྱོད་མ་ལག་ནི་བོད་ཡིག་ཆ་འཕྲིན་ལག་རྩལ་གསར་སྤེལ་གྱི་འདེགས་སྐྱོར་དང་ཆ་འཕྲིན་བདེ་འཇགས་ཁག་ཐེག་བྱེད་པའི་རྨང་གཞི་ཡིན།  
        ཉི་མ་བཀྲ་ཤིས་ལགས་ཀྱིས་ད་དུང་སྤོ་འགུལ་ཁ་པར་གྱི་བཀོལ་སྤྱོད་མ་ལག་ཁྲོད་ཀྱི་བོད་ཡིག་ཨང་ཕབ་དཀར་ཆག་ལག་རྩལ་གསར་གཏོད་གནང་ཞིང་།   སྤོ་འགུལ་ཁ་པར་གྱིས་བོད་ཡིག་ཨང་ཕབ་ཚད་གཞིར་བརྟེན་ནས་བོད་ཡིག་སྒྲིག་གཅོད་བྱ་མི་ཐུབ་པའི་ལག་རྩལ་གྱི་གནད་འགག་སྒྲོལ་ནས་ཨང་ཕབ་ཚད་གཞི་དང་བསྟུན་པའི་བོད་ཡིག་ནང་འདྲེན་ཕྱིར་གཏོང་དང་འཕྲིན་ཐུང་ཨང་ཕབ་ཨང་བཀྲོལ་གྱི་ལག་རྩལ་མངོན་འགྱུར་བྱུང་།   2005ལོར།   སྤོ་འགུལ་ཁ་པར་ཐོན་སྐྱེད་ཚོང་རས་གོང་གི་ལག་རྩལ་བཀོལ་ནས་ཆེས་ཐོག་མའི་བོད་ཡིག་ཁ་པར་འགྲེམ་སྤེལ་བྱས་ནས་བོད་ཡིག་སྤོ་འགུལ་འཕྲིན་གཏོང་གི་དུས་རབས་སུ་སླེབ་ཐུབ་པ་བྱུང་།   ཁོང་གིས་སྣེ་ཁྲིད་བྱས་ནས་Androidདང་Symbianདང་Windows Mobileརིག་ལྡན་སྤོ་འགུལ་ཁ་པར་གྱི་བཀོལ་སྤྱོད་མ་ལག་བོད་ཡིག་ཅན་དུ་གཏོང་བའི་ལག་རྩལ་དང་དེ་འཕྲོས་མཉེན་ཆས་རབ་དང་རིམ་པ་ཞིབ་འཇུག་གསར་སྤེལ་གནང་།   དེའི་རྨང་གཞིའི་སྟེང་དུ་2013ལོར་ཧྭ་ཝེ་ཀུང་སི་དང་མཉམ་འབྲེལ་བྱས་ནས་རྒྱ་བོད་སྐད་གཉིས་ཀྱི་Androidབཀོལ་སྤྱོད་མ་ལག་གསར་སྤེལ་གནང་བ་དང་ཧྭ་ཝེ་ཡིས་ཆེས་ཐོག་མའི་བོད་ཡིག་རིག་ལྡན་སྤོ་འགུལ་ཁ་པར་འགྲེམ་སྤེལ་བྱས།   གོང་བརྗོད་གྲུབ་འབྲས་ཀྱིས་སྤོ་འགུལ་ཁ་པར་གྱི་བཀོལ་སྤྱོད་མ་ལག་བོད་ཡིག་ཅན་ཏུ་གཏོང་བའི་ལག་རྩལ་གྱི་རྨང་གཞི་བཏིང་བ་དང་།   མིག་སྔར་སྤོ་འགུལ་ཁ་པར་གྱི་བཀོལ་སྤྱོད་མ་ལག་སྣ་ཚོགས་པས་བོད་ཡིག་རྒྱུན་འཁྱོངས་བྱེད་བཞིན་ཡོད།  བོད་ལྗོངས་གློག་འཕྲིན་གྱིས་གོང་བརྗོད་ཀྱི་གྲུབ་འབྲས་རྒྱ་ཆེར་བཀོལ་སྤྱོད་བྱས་ནས་སྒོར་དུང་ཕྱུར་དུ་མའི་ཕྱིར་འཚོང་ཡོང་འབབ་མངོན་འགྱུར་བྱུང་།   2013ལོའི་ཟླ་10པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་སྡེ་ཚན་གྱིས་སྤེལ་བའི་《བོད་ལྗོངས་ཀྱི་འཕེལ་རྒྱས་དང་ཡར་ཐོན་》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཀྱི་ནང་དུ།   “དྲ་རྒྱ་དང་ཁ་པར་སོགས་བོད་སྐད་ཡིག་གི་སྟེགས་བུ་བརྒྱུད་ནས།   རྒྱལ་ཕྱི་ནང་གི་གསར་འགྱུར་དང་བརྡ་འཕྲིན་སྣ་ཚོགས་ལ་ལྟ་བ་དང་ཉན་པ།   ཀློག་པ་ནི་བོད་སྐད་ཡིག་བཀོལ་བའི་མི་མང་པོའི་རྒྱུན་ལྡན་འཚོ་བའི་ཆ་ཤས་སུ་གྱུར་ཡོད”ཅེས་བསྟན།   2008ལོར་བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་བྱ་དགའ་ཨང་གཉིས་པ་དང་2012ལོའི་བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་བྱ་དགའ་ཨང་དང་པོ་ཐོབ།  
        རིག་ལྡན་ནང་འདྲེན་དང་ཡི་གེའི་རིམ་སྒྲིག་སོགས་ཀྱི་ལག་རྩལ་བཀོལ་ནས་བཀོལ་སྤྱོད་མ་ལག་བོད་ཡིག་ཅན་དུ་གཏོང་བའི་ལག་རྩལ་མངོན་འགྱུར་བྱུང་བ་དང་།   རྒྱལ་སྲུང་ཚན་རྩལ་སློབ་ཆེན་དང་ཆི་ལིན་མཉེན་ཆས་ཀུང་སི་དང་མཉམ་འབྲེལ་བྱས་ནས་ཆེས་ཐོག་མའི་རྒྱ་བོད་དགུ་ཚིགས་ཆི་ལིན་ཅོག་ངོས་བཀོལ་སྤྱོད་མ་ལག་གསར་སྤེལ་གནང་ནས་རྒྱལ་ཁབ་ཀྱི་རང་བདག་ཅན་གྱི་ཚན་རྩལ་བཟོ་སྐྲུན་ལས་ཀར་སྐུལ་འདེད་བཏང་།  
        ཁོང་གིས་སྣེ་ཁྲིད་དེ་བོད་ཡིག་ཨང་ཕབ་ཚད་གཞི་དང་མཐུན་པའི་ཆ་འཕྲིན་མ་ལག་སྣ་ཚོགས་གསར་སྤེལ་གནང་ཞིང་།  དེ་ལས་རྒྱ་བོད་དང་བོད་རྒྱ་འཕྲུལ་ཆས་ཡིག་སྒྱུར་མ་ལག་དང་ཡིག་རིགས་སྣ་མང་གི་འཚོལ་བཤེར་མ་ལག  བོད་སྐད་ལ་ཁ་ཕྱོགས་པའི་གླེང་ཕྱོགས་དབྱེ་ཞིབ་དང་ལྟ་བཤེར་མ་ལག་ནི་བོད་རང་སྐྱོང་ལྗོངས་དྲ་རྒྱའི་ཆ་འཕྲིན་གཞུང་ལས་ཁང་གིས་གཙོས་པའི་ཚན་པ་མང་པོའི་ལས་ཀའི་ཐོག་ཏུ་བཀོལ་སྤྱོད་རྒྱ་ཆེར་བྱས་ནས་དྲ་རྒྱའི་བོད་ཡིག་ཆ་འཕྲིན་གྱི་གཅིག་གྱུར་སྒྲིག་གཅོད་མངོན་འགྱུར་བྱུང་རྐྱེན།  2017ལོའི་བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་བྱ་དགའ་ཨང་དང་པོ་དང་།  2017ལོའི་ཀྲུང་གོའི་དྲ་རྒྱ་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་“བོད་ལྗོངས་དྲ་རྒྱའི་བདེ་འཇགས་འཇོན་མིའི་བྱ་དགའ་སྟེ་དྲ་རྒྱའི་བདེ་འཇགས་མངོན་གསལ་བྱས་རྗེས་བྱ་དགའ་”ཐོབ།  
        རི་བོའི་གཏོས་དང་མཉམ་པའི་བོད་ཡིག་དཔེ་རྙིང་ནི་ཀྲུང་ཧྭ་མི་རིགས་རིག་མཛོད་ཁྲོད་ཀྱི་འོད་སྟོང་འབར་བའི་ནོར་བུ་ཡིན་ལ།   བོད་ཡིག་གི་གནའ་དཔེ་གློག་རྡུལ་རྣམ་པས་སྲུང་སྐྱོབ་དང་བཀོལ་སྤྱོད་བྱ་རྒྱུ་ནི་རྒྱལ་ཁབ་ཕྱི་ནང་གི་གནའ་དཔེ་གློག་རྡུལ་ཅན་གྱི་ཞིབ་འཇུག་ནང་དོན་ཚ་ཤོས་ཡིན།  
        བོད་ཡིག་གི་དཔེ་རྙིང་ལ་ལོ་རྒྱུས་ཡུན་རིང་ལྡན་ཕྱིར།   དཔེ་རྙིང་མང་པོ་ཞིག་གི་དཔེ་རིས་མི་གསལ་བ་དང་།   ཡི་གེ་མང་པོ་མཉམ་གཅིག་ཏུ་འདྲེས་ཡོད་པར་མ་ཟད།   བོད་ཡིག་དཔེ་རྙིང་གི་པར་ངོས་ལ་ཐུན་མིན་གྱི་ཁྱད་ཆོས་ལྡན་རྐྱེན།   བཤེར་འབེབས་ངོས་འཛིན་བྱ་རྒྱུ་ཧ་ཅང་ཁག་པོ་འདུག  ཁོང་གིས་དབུ་བཞུགས་ཚན་རིག་པའི་འགན་ཁུར་ནས་རྒྱལ་ཁབ་ཀྱི་གཙོ་གནད་ཞིབ་འཇུག་རྣམ་གྲངས་ལ་སྣེ་ཁྲིད་གནང་བ་དང་།   “ཟབ་མོའི་སློབ་སྦྱོང་”ལ་བརྟེན་པའི་བོད་ཡིག་དཔེ་རྙིང་བཤེར་འབེབས་ངོས་འཛིན་ལག་རྩལ་གསར་གཏོད་གནང་ནས་བོད་ཡིག་དཔེ་རྙིང་གི་ཡི་གེ་ངོས་འཛིན་ཁྲོད་ཀྱི་ཤོག་ངོས་ཀྱི་ཐིག་ཕྲེང་རིང་དྲགས་པ་དང་།   ཡི་གེ་ཕན་ཚུན་འབྱར་ཡོད་པ་དང་།   ཐིག་ཕྲེང་བསྐྱར་ཟློས་ཡོད་པ།   ཡི་གེའི་གཟུགས་རྣམ་འདྲ་བ་སོགས་ཀྱི་དཀའ་གནད་ཐག་གཅོད་བྱས་ནས་བོད་ཡིག་དཔེ་རྙིང་བཤེར་འབེབས་ངོས་འཛིན་གྱི་ལག་རྩལ་ཐོད་བརྒལ་བྱུང་བ་དང་།   བོད་ཡིག་དཔེ་རྙིང་གི་པར་ངོས་དབྱེ་ཞིབ་དང་ཡིག་གཟུགས་སྣ་མང་ངོས་འཛིན་བྱེད་པའི་མ་ལག་སྣེ་ཁྲིད་གསར་སྤེལ་བྱས་ནས་བོད་ཡིག་གི་དཔེ་རྙིང་དག་གློག་རྡུལ་རྣམ་པས་སྲུང་སྐྱོང་དང་བཀོལ་སྤྱོད།   དེ་བཞིན་བོད་ཀྱི་གསོ་བ་རིག་པའི་ཤེས་བྱའི་བཟོ་སྐྲུན་ལག་རྩལ་གསར་སྤེལ་བཅས་ཀྱི་ཁྱབ་ཁོངས་སུ་རྒྱ་ཆེར་བཀོལ་ཐུབ་པ་བྱུང་།   ད་དུང་བོད་ཡིག་གི་གནའ་དཔེའི་ཐོན་ཁུངས་ཀྱི་གློག་རྡུལ་སྟེགས་བུ་དང་རྩོམ་ཡོངས་འཚོལ་བཤེར་ལག་རྩལ་སྣེ་ཁྲིད་གསར་སྤེལ་བྱས་ནས་བོད་ཡིག་གི་གནའ་དཔེ་མང་པོ་གློག་རྡུལ་ཅན་དུ་བཏང་ནས་དེའི་གཞི་གྲངས་མཛོད་བཙུགས་པ་སྟེ།   2013ལོར་ཕྱོགས་བསྡུས་རང་བཞིན་གྱི་བོད་ཡིག་གི་གནའ་དཔེའི་ཐོན་ཁུངས་ཞབས་ཞུ་ལྟེ་གནས་ཀྲུང་གོའི་བོད་ལྗོངས་རིག་དྲ་དངོས་སུ་ཚུགས་སྟབས།   བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་བྱ་དགའ་ཨང་གཉིས་པ་ཐོབ།   དེ་དག་གི་རྨང་གཞིའི་སྟེང་དུ་ད་ཆ་རྒྱལ་ཁབ་རིམ་པའི་སྤྱི་སྤྱོད་བོད་ཡིག་གི་གནའ་དཔེའི་ཐོན་ཁུངས་ལྟེ་གནས་བཙུགས་ཟིན་པ་དང་དེས་རྒྱལ་ཁབ་ཀྱི་རིག་གནས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཐུབ་ཡོད།  
        2012ལོར་བོད་ལྗོངས་སློབ་ཆེན་ཆ་འཕྲིན་ཅན་ཞིབ་འཇུག་ཁང་གསར་དུ་བཙུགས་པ་དང་།   ཁོང་གིས་རྒྱལ་ཁབ་ཆ་འཕྲིན་ཅན་གྱི་ཆེད་མཁས་པའི་འདྲི་རྩད་ཨུ་ཡོན་ཁང་གི་ཞིབ་འཇུག་རྣམ་གྲངས་ཀྱི་འགན་ཁུར་ནས་《བོད་ལྗོངས་མཉེན་ཆས་དང་ཆ་འཕྲིན་ལག་རྩལ་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་འཐབ་ཇུས་ཞིབ་འཇུག་》ཅེས་པའི་ཆེད་རྩོམ་པར་དུ་བཏབ་པ་དང་།   དེར་ཆེས་ཐོག་མར་བོད་ལྗོངས་མཉེན་ཆས་དང་ཆ་འཕྲིན་ལག་རྩལ་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ཇུས་གཞི་གསར་པ་དང་།   འཐབ་ཇུས་འཆར་འགོད།   འཐབ་ཇུས་ལག་ལེན་དང་འགན་སྲུང་བྱ་ཐབས་བཅས་བཀོད་ཡོད།   ཡོན་ཧྲི་ཝུ་ཧོ་ཆོན་གྱིས་འགོ་བརྗོད་དུ་གདེང་འཇོག་འདི་ལྟར་གནང་ཡོད་དེ།   “ཞིབ་འཇུག་སྙན་ཞུ་ཡིས་བོད་ལྗོངས་སུ་མཉེན་ཆས་དང་ཆ་འཕྲིན་ལག་རྩལ་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ཇུས་གཞི་འཛུགས་པར་རྨང་གཞི་གལ་ཆེན་བཏིང་ཡོད་པར་མ་ཟད།   རྒྱལ་ཁབ་ཀྱི་མི་རིགས་ས་ཁུལ་གཞན་གྱིས་འཕེལ་རྒྱས་འཆར་འགོད་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བར་དཔྱད་གཞི་ཧ་ཅང་གལ་ཆེན་བཏོན་ཡོད།  ”
        ཉི་མ་བཀྲ་ཤིས་ལགས་རྒྱལ་ཁབ་ལ་གཅེས་ཤིང་ལས་ཀར་བློ་གཅིག་སེམས་གཅིག་གིས་གཞོལ་བས།   ཁོང་ལ་རྒྱལ་ཁབ་མི་དོན་པུའུ་ཡི་བྱས་རྗེས་ཨང་དང་པོ་ཐོབ་པ་དང་།   རྒྱལ་ཁབ་མི་ཁྲིའི་འཆར་གཞི་ལས་རབས་དང་པོའི་འཇོན་མིའི་གྲས་སུ་བདམས་པར་མ་ཟད།   རྒྱལ་ཡོངས་ཕུལ་བྱུང་ཆེད་ལས་ལག་རྩལ་འཇོན་མི་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་དངུལ་ཐོབ་པའི་ཆེད་མཁས་པ།   རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་བཅས་རྒྱལ་ཁབ་རིམ་པའི་མཚན་སྙན་མང་པོ་ཐོབ།   དུས་རབས་གོང་མའི་ལོ་རབས་80པའི་མཇུག་ནས་བཟུང་སྟེ།   ཁོང་གིས་རྩིས་འཁོར་དང་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་འཇོན་མི་གསོ་སྐྱོང་གི་མ་ལག་འཛུགས་པར་ནུས་ཤུགས་ཡོད་རྒུ་བཏོན་ནས།   བོད་ལྗོངས་སུ་རྩིས་འཁོར་ཚན་རིག་དང་ལག་རྩལ་ཆེད་ལས་ཐོག་མ་བཙུགས།   དེར་མ་ཟད་བོད་ཡིག་ཆ་འཕྲིན་ལག་རྩལ་རྒྱལ་ཁབ་གསར་གཏོད་འཇོན་མི་གསོ་སྐྱོང་དཔེ་སྟོན་ལྟེ་གནས་དང་སློབ་གསོ་པུའུ་བཟོ་སྐྲུན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ནས།   བོད་ལྗོངས་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་ཆེད་དུ་ཡོན་ཚད་མི་འདྲ་བའི་ཆ་འཕྲིན་ལག་རྩལ་མི་སྣ་མང་པོ་གསོ་སྐྱོང་བྱས་རྐྱེན།   སློབ་གསོ་པུའུ་ཡི་སྐབས་དང་པོའི་མཐོ་རིམ་སློབ་གྲྭའི་ཕུལ་བྱུང་ན་གཞོན་དགེ་རྒན་གྱི་སློབ་དཔྱོད་གཟེངས་བསྟོད་འཆར་གཞི་ལས་ན་གཞོན་དགེ་རྒན་གྱི་བྱ་དགའ་ཐོབ་པ་དང་།   པཱོ་ཀང་ཕུལ་བྱུང་དགེ་རྒན་བྱ་དགའི་ཡང་རྩེ་སོགས་ཐོབ།   ད་དུང་བོད་ལྗོངས་ཆ་འཕྲིན་ཅན་གྱི་ཁྱབ་ཁོངས་གསར་དུ་བཏོད་པ་དང་1997ལོར་ཁོང་གིས་འགན་ཁུར་ནས་འཛུགས་སྐྲུན་གནང་བའི་ཀྲུང་གོ་སློབ་གསོ་དང་ཚན་རིག་ཞིབ་འཇུག་རྩིས་འཁོར་དྲ་བའི་ལྷ་སའི་དྲ་བ་ནི་བོད་ལྗོངས་ཀྱི་ཆེས་ཐོག་མའི་དབྱིན་ཐིར་དྲ་བ་སྦྲེལ་བའི་ཞབས་ཞུ་ལས་ཁུངས་སུ་གྱུར་ནས་བོད་ལྗོངས་སུ་ཆ་འཕྲིན་བཟོ་སྐྲུན་དཔེ་སྟོན་ཀྱི་ནུས་པ་གལ་ཆེན་ཐོན་ཡོད།  
        ཉི་མ་བཀྲ་ཤིས་ལགས་ནི་བོད་ལྗོངས་སུ་རྩིས་འཁོར་ཆེད་ལས་སློབ་སྦྱོང་དང་དེའི་ལས་དོན་གཉེར་མཁན་སྔ་ཤོས་ཡིན་པའི་ཆ་ནས།  སློབ་ཁྲིད་ལས་གཞན་ད་དུང་མཉེན་ཆས་གསར་སྤེལ་ལ་གཞོལ་བ་དང་།  མི་ལོ་སུམ་ཅུ་ལྷག་གི་རིང་ལ་དཀའ་སྤྱད་འབད་བརྩོན་བྱས་ནས།  བོད་ཡིག་ཆ་འཕྲིན་ལག་རྩལ་ཁྱབ་ཁོངས་ཀྱི་སྟོང་ཆ་བསྐངས་ཤིང་།  བོད་ཡིག་ཆ་འཕྲིན་ལག་རྩལ་དང་བོད་སྐད་རྩིས་འཁོར་སྐད་བརྡའི་གཞུང་ལུགས་ཀྱི་རྨང་གཞི་བཏིང་བར་མ་ཟད།  བོད་ཡིག་བརྡ་འཕྲིན་ལག་རྩལ་གྱི་ཞིབ་འཇུག་གི་ཁ་ཕྱོགས་བཏོད་པས།  ཆ་འཕྲིན་ལག་རྩལ་གྱི་ཚད་གཞི་གསར་འཛུགས་དང་རྨང་གཞིའི་གཞུང་ལུགས་ཞིབ་འཇུག   འགག་རྩར་ཐུག་པའི་ལག་རྩལ་དང་མཉེན་ཆས་གསར་སྤེལ་སོགས་ཀྱི་ཐད་ལ་གསར་གཏོད་རང་བཞིན་གྱི་བྱ་གཞག་སྤེལ་དང་སྤེལ་མུས་ཡིན་ནོ། །
འབྲེལ་ཡོད་རྩོམ་ཡིག