ཁོ་ཚོ་ནི་རྒྱལ་ཡོངས་ཀྱི་ཆེས་དབུལ་ཕོངས་ས་ཁུལ་ནས་ཡིན་ཞིང་། རང་ཉིད་ཀྱི་ཕུགས་བསམ་འཚོལ་སྙེག་དང་དགའ་ཞེན་ཆེ་བའི་ལས་རིགས་ལ་འབད་བརྩོན་བྱེད་བཞིན་མཆིས། ཁོ་ཚོས་རང་གི་བློ་གྲོས་དང་འབད་འཐབ་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བའི་ཕྱོགས་སུ་གོམ་སྟབས་བསྒྱུར་བ་དང་ཆབས་ཅིག་ཏུ། གྲོང་མི་ཡོངས་ཀྱི་སྣེ་ཁྲིད་དེ་ཐུན་མོང་ཐོག་དབུལ་ཐར་ཕྱུག་འགྱུར་ཡོང་རྒྱུ་སེམས་ནས་མ་བརྗེད་པར་ཡོད། ཁོ་ཚོ་ནི་མཉམ་སྦྲེལ་དྲ་རྒྱའི་བརྙན་ཐུང་སྟེགས་བུའི་ཁྲོད་ཀྱི་“དྲ་སྐར་”ཡིན་པར་མ་ཟད། དུས་རབས་གསར་པའི་དཔང་པོ་དང་གསར་གཏོད་པའང་ཡིན། ཁོ་ཚོ་ནི་རྩོམ་འདིའི་མི་སྣ་གཙོ་བོ་སྟེ། བཀྲ་ཤིས་ལྷ་མོ་དང་། ཨ་ཁུ་ཕུན་ཚོགས་དང་ཁོའི་བུ་ཟླ་བ་བཀྲ་ཤིས་བཅས་སོ། །
བཀྲ་ཤིས་ལྷ་མོ།ཐད་གཏོང་གི་ལམ་ནས་ཚོང་བརྒྱབ་སྟེ་གྲོང་མི་ཕྱུག་འགྱུར་ལ་རམ་འདེགས་བྱས།
བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི་འཇུ་གྲོང་ཚོ་ནི་མཚན་སྙན་ཕྱོགས་སུ་ཁྱབ་པའི་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་དཔལ་ཡོན་གྲོང་ཚོ་ཞིག་ཡིན། འཇུ་གྲོང་ཚོའི་མངའ་ཁོངས་སུ་རང་བྱུང་གྲོང་ཚོ་5ཡོད་ལ། ཤར་དུ་ཤ་གསོས་ཤང་སྲིད་གཞུང་དང་ཉེ་ཞིང་། ནུབ་ཏུ་འཕྱོངས་རྒྱས་རྫོང་དང་འབྲེལ་ཡོད། ཆ་སྙོམས་ཀྱི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི་3960དང་། གྲོང་ཚོ་ཡོངས་ཀྱི་རྨོ་ཞིང་གི་རྒྱ་ཁྱོན་ལ་མུའུ་1877.23དང་རྩྭ་སའི་རྒྱ་ཁྱོན་ལ་མུའུ59403.6ཡོད།
2020ལོའི་ཟླ་8པའི་ཚེས་17ཉིན། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱི་གསར་འགོད་པ་དག་ལྷ་མོའི་ཁྱིམ་དུ་སླེབས་ཤིང་། མོ་དང་བཟའ་མི་ཚོས་བརྙན་ཐུང་Appཐོག་མར་བཀོལ་སྤྱོད་བྱས་པ་ནས་མགོ་བརྩམས་ཏེ་དོ་ཁུར་བྱེད་མཁན་འབུམ་གཅིག་ལྷག་ཏུ་འཕར་བ་དང་། འཁྱུག་དབྱངས་དང་མགྱོགས་འཕྲིན་སོགས་ཐད་གཏོང་བརྒྱུད་ནས་ཚོང་བརྒྱབ་སྟེ་གྲོང་མི་ཚོའི་ཡོང་སྒོ་འཕར་སྣོན་ལ་རོགས་ཕན་བསྒྲུབས་པའི་གཏམ་རྒྱུད་ལ་མཉན།
“ང་ཚོས་དང་ཐོག་འཁྱུག་དབྱངས་དང་མགྱོགས་འཕྲིན་Appབཀོལ་བ་ནི་རྩེད་མོ་ཙམ་གྱི་ཕྱིར་དུ་ཡིན། ཆེས་ཐོག་མར་ཕབ་པའི་བརྙན་ཐུང་ནི་ལྷ་མོས་ཆུ་ཁུར་བའི་རྣམ་པ་དེ་ཡིན་ཞིང་། བརྙན་ཐུང་དེ་དྲ་ངོས་སུ་བཞག་རྗེས་དོ་ཁུར་བྱེད་མཁན་གྱི་ཁ་གྲངས་འཕར་བ་ཧ་ཅང་མགྱོགས་པ་དྲན། ཕྱིས་སུ་མུ་མཐུད་དུ་ལྷ་མོས་འབྲི་བཞོ་བ་དང་མར་བརྫི་བ་སོགས་རྒྱུན་ལྡན་གྱི་འཚོ་བ་དང་ཕ་ཡུལ་གྱི་རང་བྱུང་མཛེས་ལྗོངས་ཀྱི་རྣམ་པ་གང་མང་བརྙན་དུ་ཕབ་ནས་བསྟན་ཅིང་། རིམ་གྱིས་དོ་ཁུར་བྱེད་མཁན་གྱི་ཁ་གྲངས་འབུམ་ཁ་ཤས་སུ་འཕར། དངོས་སུ་གློག་རྡུལ་ཚོང་ལས་ཀྱི་ལམ་དུ་ཞུགས་པ་ནི་ཧ་ལམ་2019ལོའི་ཟླ་8པ་ནས་མགོ་བརྩམས་པ་ཡིན་ཞིང་། གཙོ་བོ་མགྱོགས་འཕྲིན་Appབཀོལ་བ་ཡིན། སྐབས་རེར་ལྷ་མོས་མར་བཟོ་ཚུལ་གྱི་བརྙན་ཐུང་དྲ་ལམ་དུ་བསྐུར་པ་ན་དྲ་གྲོགས་ཁ་ཤས་ཀྱིས་དེ་མཐོང་རྗེས་ཉོ་འདོད་སྐྱེས། ཡིན་ཡང་ང་ཚོ་རང་ཉིད་ཀྱིས་མར་དེ་འདྲ་མང་པོ་བཟོ་ཐབས་མེད་པས། གྲོང་མི་ཚང་མར་སྐུལ་སློང་བྱས་ཏེ་མཉམ་དུ་བཟོ་བ་དང་དེ་ནས་ཁོ་ཚོར་འཚོང་རོགས་བྱེད་ཆོག་སྙམ་བྱུང་། ”
“ང་ཚོའི་གྲོང་མི་ཚོར་མར་ཡོད་ཀྱང་རང་ཉིད་ཀྱིས་དེ་འདྲ་མང་པོ་བཟའ་མི་ཐུབ་ལ། ཇི་ལྟར་ཕྱིར་འཚོང་བྱེད་དགོས་པའང་མི་ཤེས་མོད། ཐད་གཏོང་གི་ལམ་ནས་ཚོང་གཉེར་རྗེས། ང་ཚོར་དོ་ཁུར་བྱེད་མཁན་མང་པོས་ལྷ་མོའི་མར་ཉོ་འདོད་ཡོད་པས། ང་ཚོས་གོ་སྐབས་དེར་བརྟེན་ནས་གྲོང་ཚོའི་མི་མི་ཉུང་བ་ཞིག་ལ་མར་འཚོང་རོགས་བྱས་པ་ཡིན། ཐེངས་ཤིག་ལ་གྲོང་ཚོའི་ནང་གི་ཨ་ཅག་ལགས་ཤིག་གིས་ཐེངས་གཅིག་ལ་མར་རྒྱ་མ་20ཁྱེར་ཡོང་ཞིང་། སྐབས་དེར་དབྱར་ཁ་ཡིན་པས་མར་ཉར་ཚགས་བྱེད་དཀའ། ལྷ་མོས་མོ་རང་ལ་འཚོང་རོགས་བྱས་རྗེས་ཨ་ཅག་དེ་དགའ་སྤྲོ་ཚད་མེད་སྐྱེས་ནས་བཀའ་དྲིན་ཡང་ཡང་ཞུས་སོང་། ད་ཆ་ང་ཚོའི་ལོ་གཅིག་གི་ཚོང་རྫས་ཕྱིར་འཚོང་གི་ཡོང་འབབ་ཧ་ལམ་སྒོར་ཁྲི་30ཡིན་ལ། རྗེས་མ་ནས་བཟུང་ཞིང་ཕྱུགས་ཐོན་རྫས་ཀྱི་རྣམ་གྲངས་ཇེ་མང་དུ་བཏང་ནས། མང་ཚོགས་རང་ཉིད་ཀྱིས་འདེབས་འཛུགས་དང་ཐོན་སྐྱེད་བྱས་པའི་ས་གནས་ཁྱད་ཐོན་དངོས་རྫས་མང་པོ་ཞིག་ཕྱིར་འཚོང་བྱེད་པར་རོགས་རམ་བྱ་རྒྱུའི་འཆར་གཞི་ཡོད། ”
ལྷ་མོ་ནི་དུད་ཚང་ཆེན་པོ་ཞིག་ནས་ཡིན་ལ། ཕ་མ་གཉིས་ཀ་ས་དེའི་ཞིང་པ་ཡིན་པ་དང་། མོའི་ཁྱིམ་ལ་ས་ཞིང་མུའུ་10ཡོད། མོ་ནི་མིང་སྲིང་དྲུག་ཡོད་པའི་ནང་གི་གསུམ་པ་ཡིན་ཞིང་། ཨ་མ་ལགས་ལོ་འགའི་སྔོན་ནད་ཀྱི་དབང་གིས་ཚེ་ལས་འདས། མོ་ལ་ཕུ་བོ་2དང་ནུ་བོ་3ཡོད་ལ། ཕུ་བོ་ཆེ་བ་བཀྲ་ཤིས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་སྲིད་འཛིན་ལས་ཁུངས་ག་གེ་མོརལས་ཀ་བྱེད་བཞིན་ཡོད་པ་དང་། ཕུ་བོ་ཆུང་བ་རྡོ་རྗེ་ཡིས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་དུ་སློབ་ཆུང་གི་དགེ་རྒན་བྱས་ཡོད། ནུ་བོ་ཚེ་རིང་བསམ་འགྲུབ་ཀྱིས་ཁྱིམ་དུ་ཞིང་ལས་གཉེར་བཞིན་ཡོད་པ་དང་། ནུ་བོ་བསོད་ནམས་ཉིང་ཁྲི་རྫོང་དུ་དམག་ལ་ཞུགས་ཡོད། ནུ་བོ་ཆུང་བ་སྐལ་བཟང་ནི་ཆུང་དུས་ནས་སྨན་པ་བྱེད་རྒྱུའི་འདུན་པ་ཡོད་ལ་ད་ལོའི་མཐོ་རྒྱུགས་སྐབས་ཁོའི་རེ་འདོད་བཞིན་ཧྲེན་དབྱང་སྨན་ཚན་སློབ་ཆེན་དུ་ཡིག་ཚད་ལོངས་ཡོད། ལྷ་མོ་གཞོན་ནུའི་སྐབས་སུ་མ་མ་བྱས་མྱོང་བ་དང་། ཨར་ལས་བྱེད་ས་ནས་ཨར་འདམ་འཁུར་བ་སོགས་ཀྱི་ལས་ཀ་ཆུང་ཙག་བསྒྲུབས་མྱོང་ཞིང་། ཟ་ཁང་དུ་དཀར་ཡོལ་འཁྲུད་པ་དང་། མགྲོན་ཁང་དུ་ཞབས་ཞུ་བ་སོགས་ཀྱི་ལས་ཀ་སྣ་ཚོགས་བྱས་ཏེ་དཀའ་ལས་མི་ཉུང་བ་མྱངས་མྱོང་། ཡིན་ཡང་མོས་ནམ་རྒྱུན་སྤྲོ་སྣང་ལྡན་པའི་འཚོ་བ་རོལ་བཞིན་ཡོད། གསར་འགོད་པས་བཅར་འདྲི་བྱེད་སྐབས་ལྷ་མོས་འདི་སྐད་དེ། “ང་ནི་ཁྱིམ་གྱི་ཡིག་རྨོངས་པ་གཅིག་པུ་ཡིན་ལ། ངའི་ཕུ་ནུ་ཚང་མ་ནི་ཤེས་ཡོན་ཡོད་མཁན་རྐྱང་རྐྱང་ཡིན་”ཞེས་བཤད། འོན་ཀྱང་ལྷ་མོས་རང་ཉིད་ཀྱི་གཞུང་དྲང་དང་སེམས་བཟང་། འབད་འཐབ་དང་བློ་གྲོས་ལ་བརྟེན་ནས་བོད་རང་སྐྱོང་ལྗོངས་ཀྱི་དོ་ཁུར་བྱེད་མཁན་གྱི་ཁ་གྲངས་ཁྲི་བརྒྱ་ལས་བརྒལ་བའི་འཁྱུག་དབྱངས་བརྙན་ཐུང་གི་དྲ་བདག་ཐོག་མ་ཆགས་ཡོད།
“2020ལོའི་ཟླ་10པའི་ཟླ་མཇུག་གི་བར་དུ། ལྷ་མོའི་མགྱོགས་འཕྲིན་བརྙན་ཐུང་སྟེགས་བུར་དོ་ཁུར་བྱེད་མཁན་གྱི་ཁ་གྲངས་ཁྲི་167.2དང་། འཁྱུག་དབྱངས་སྟེགས་བུར་དོ་ཁུར་བྱེད་མཁན་གྱི་ཁ་གྲངས་ཁྲི་144.3ལ་སླེབས་ཡོད། དྲ་དམངས་ཀྱི་དཔྱད་བརྗོད་ལས་ཆེས་མང་བ་ནི་‘ལྷ་མོར་ཤེད་ཤུགས་ཆེ་བ་ལ། ལས་ཀ་གང་ཡང་ལས་ཐུབ་’ཅེས་དང་། ཡང་འགའ་རེས་‘ལྷ་མོ་ནི་ཇི་འདྲའི་མཛེས་པ་ལ་ཨང་’ཞེས་དང་། ‘བོད་ལྗོངས་ཀྱི་ནམ་མཁའ་ཇི་འདྲའི་སྔོ་ཞིང་དྭངས་པ་ལ། ང་རང་བོད་ལྗོངས་ལ་འགྲོ་འདོད་ཆེ་’ཞེས་པ་སོགས་ཡིན་”ཞེས་བཀྲ་ཤིས་ལྷ་མོའི་ཁྱོ་གས་དེ་ལྟར་དུ་བཤད།
2019ལོའི་ལོ་མཇུག་ལ། འཇུ་གྲོང་ཚོར་དུད་ཁྱིམ་230དང་མི་གྲངས་1007ཡོད་ལ། དེའི་ཁྲོད་ངལ་རྩོལ་མི་གྲངས་638ཡོད་པ་དང་། ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་11205ཡོད། འཇུ་གྲོང་ཚོ་ནི་ཞིང་ཕྱུགས་གཉིས་ཀ་གཉེར་བའི་གྲོང་ཚོ་ཞིག་ཡིན་ལ། གཙོ་བོ་ནས་དང་། གྲོ། སྲན་མ། སྐེ་ཚེ་སོགས་ཞིང་ལས་ལོ་ཏོག་དང་། ཞོག་ཁོག་དང་ཚོད་དཀར་སོགས་སྔོ་ཚལ་གྱི་རིགས་འདེབས་འཛུགས་བྱེད་པ་དང་། ཕྱུགས་ལས་ཐོན་རྫས་གཙོ་བོར་ལུག་ཤ་དང་སྐམས་ཤ། མར། བལ། ཁུ་ལུ། པགས་པ་དང་ཀོ་བ་སོགས་ཡོད། ལོ་འདི་དག་གི་རིང་ལ་འཇུ་གྲོང་ཚོས་ཏང་དང་སྲིད་གཞུང་གི་ཡང་དག་པའི་སྣེ་ཁྲིད་འོག འཕེལ་རྒྱས་ཀྱི་ལམ་ཁ་གསལ་པོ་ཞིག་རྙེད་ཅིང་འཚོ་བ་འབྱོར་ཕྱུག་ལྡན་པར་གྱུར། ད་ལྟ་ཁོར་ཡུག་མཛེས་སྡུག་ལྡན་པའི་གྲོང་ཚོ་འཛུགས་སྐྲུན་བྱ་རྒྱུ་ནི་ཁོ་ཚོའི་དམིགས་འབེན་གསར་པ་ཞིག་ཏུ་གྱུར་ཡོད།
ཨ་ཁུ་ཕུན་ཚོགས།“དམངས་ཀྱི་མགྲོན་ཁང་”གཉེར་ཏེ་ཀླུ་ནང་གི་“མིང་བྱང་”གྲགས་ཅན་དུ་གྱུར།
ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གྲོང་རྡལ་ལ་འབྱོར་མྱོང་བའི་མི་ཞིག་ཡིན་ཕྱིན་ཕལ་ཆེ་བས་ཨ་ཁུ་ཕུན་ཚོགས་ཞེས་པའི་མིང་འདི་ཐོས་ཡོད་ཤག་རེད། གསར་འགོད་པས་ཀྱང་མིང་དེ་ཐོས་རྗེས་ཨ་ཁུ་ཕུན་ཚོགས་ཀྱི་ཁྱིམ་དུད་མགྲོན་ཁང་དུ་སླེབས་ཤིང་། བབ་ཆགས་ཤིང་བྱམས་བརྩེ་ཆེ་བའི་ཨ་ཁུ་ཁོང་གི་ཉེ་གམ་དུ་བཅར་ནས་ཁོང་གི་གཏམ་རྒྱུད་ལ་མཉན།
1998ལོར། དམག་ཁོངས་ནས་ཕྱིར་ལོག་པའི་ཨ་ཁུ་ཕུན་ཚོགས་ཀྱིས་ཕ་ཡུལ་ཀླུ་ནང་བཀྲ་ཤིས་སྒང་ནས་ལས་གཏོད་གནང་ཞིང་ཁྱིམ་དུདམགྲོན་ཁང་ཞིག་གཉེར། “དང་ཐོག་བཟའ་བཏུང་དང་སྡོད་ཁང་། འགྲིམ་འགྲུལ་བཅས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཞིང་། ཆུ་དང་གློག་ཀྱང་བརྟན་འཇགས་ཤིག་མིན། ཕྱིས་སུ་རྒྱལ་ཁབ་ཀྱི་གློག་དྲ་དང་བགྲོད་ལམ་ཡོད་པར་གྱུར་པས། ཆུ་དང་གློག་བརྟན་འཇགས་བྱུང་བ་དང་། དྲ་རྒྱ་ཡང་ཡོད་པར་གྱུར།”ཅེས་ཨ་ཁུ་ཕུན་ཚོགས་ཀྱིས་དེ་ལྟར་བཤད།
ཨ་ཁུ་ཕུན་ཚོགས་ཀྱིས་སྔར་མེ་ཏོག་རྫོང་གི་མཐའ་སྲུང་རུ་ཁག་ཏུ་ལོ་ངོ་8ལ་དམག་མི་བྱས་པ་དང་། རྒྱལ་ཡོངས་ཀྱི་གཞུང་ལམ་གཏོད་པ་ཆེས་འཕྱི་བའི་རྫོང་མཁར་འདི་ཉིད་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་བརྟེན་ནས་གོམ་གང་མདུན་སྤོས་ཀྱིས་འཕེལ་རྒྱས་བྱུང་ཞིང་། ཁོད་དོག་པའི་ས་ལམ་ནས་སྣུམ་ལམ་དུ་འགྱུར་ལྡོག་བྱུང་བའི་གནས་ཚུལ་མཐའ་དག་མངོན་སུམ་མིག་གིས་མཐོང་མྱོང་ཞིང་དངོས་སུ་བརྒྱུད་མྱོང་བས། ཁོང་གིས་སེམས་གཏིང་ནས་“རྒྱལ་ཁབ་དང་སྲིད་གཞུང་ལ་བཀའ་དྲིན་ཆེ་ཞུ་”ཞེས་བརྗོད་བྱུང་། ཁོང་ལོ་ངོ་བཅུའི་སྔ་རོལ་དུ་ཏང་ནང་དུ་ཞུགས་པ་དང་། ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་རིང་ལ་རྒྱུན་ཆད་མེད་པར་ནངས་སྔ་ལངས་ཀྱིས་ཁྱིམ་དུད་མགྲོན་ཁང་ལ་གཙང་སྦྲ་བྱས་རྗེས་ཕྱི་རོལ་དུ་འཆམ་འཆམ་ལ་འགྲོ་བ་དང་། གྲོང་ཚོའི་གཞུང་ལམ་གྱི་ལོགས་གཉིས་སུ་ལམ་འགྲོ་བ་དག་གིས་སྣང་མེད་དུ་གཡུག་པའི་གད་སྙིགས་འཐུ་ཞོར་དུ་རྒྱལ་ལམ་318ཀྱི་བར་དུ་འགྲོ། ཁོ་ཉིད་སྔར་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་ཕབ་སྐྲུན་བྱས་པའི་《ཞའོ་ཚུའེ་ཡིས་བཤད་པ་》ཞེས་པའི་ལེ་ཚན་ལ་ཞུགས་པར་མ་ཟད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལའང་མཇལ་མྱོང་། ཁོང་གི་གཤིས་རྒྱུད་འཇམ་ལ་ཞི་ཞིང་དུལ་བས། ལམ་གྱི་འགྲུལ་པ་དང་ཉེ་འགྲམ་གྱི་གྲོང་མི་ཚང་མས་ཁོང་ལ་“ཨ་ཁུ”ཞེས་མི་འབོད་མཁན་གཅིག་ཀྱང་མེད། ཁོང་གིས་སྤྲོ་སེམས་ཆེན་པོས་འགྲུལ་པ་དང་ཐག་རིང་ནས་ཕེབས་པའི་གྲོགས་པོ་དག་ལ་སྣེ་ལེན་བྱེད་ཅིང་། རང་ཉིད་ཀྱི་ངོ་མཚར་བའི་མི་ཚེའི་བརྒྱུད་རིམ་གླེང་བར་སྤྲོ་བར་མ་ཟད་མཐོ་སྒང་གི་འབྲོག་ར་དང་ཞིང་སྡེའི་ཡུལ་ལྗོངས་སོགས་ཀྱང་གླེང་བ་དང་། ཡུལ་སྐོར་པ་དག་ལ་ལམ་སྟོན་དང་པར་ལེན་རོགས་སོགས་ཀྱང་བྱེད།
ཨ་ཁུ་ཕུན་ཚོགས་ཀྱིས་ཁྱིམ་དུད་མགྲོན་ཁང་གཉེར་ནས་ལོ་ངོ་22ཕྱིན་ཡོད་པ་དང་། དུས་ནམ་ཡང་གཞུང་དྲང་ལྷད་མེད་ཀྱིས་བདག་གཉེར་བྱས་ཤིང་། འགྲུལ་པ་དག་གིས་མགྲོན་ཁང་དུ་ལུས་པའི་སྒོར་ཁུག་དང་དངུལ་བྱང་སྒོར་གྲངས་ཁྲི་ཁ་ཤས་ཡོད་པ་ནས་ཆུང་བ་ཞྭ་མོ་གཅིག་གམ་རྐང་འབོབ་ཆ་གཅིག་ཡིན་ཡང་ཁོས་ཕྱིར་བདག་པོར་སྤྲོད་ངེས། ཁོས་གིས་རང་གི་བུ་ཚ་རྣམས་ལའང་གཞུང་དྲང་ལྷད་མེད་དང་སྤྲོ་སེམས་འཁོལ་པོས་མགྲོན་པོར་སྣེ་ལེན་བྱ་དགོས་པའི་སློབ་གསོ་གཏོང་། ད་ལྟ་བུ་ཟླ་བ་བཀྲ་ཤིས་ཀྱིས་བདེ་བླག་ངང་ཁོང་གི་ལས་ཀའི་རྒྱུན་བསྐྱངས་ནས་ཁྱིམ་དུད་མགྲོན་ཁང་གི་བདག་གཉེར་པ་གཙོ་བོར་གྱུར་ཡོད་པ་དང་། ཚ་བོ་ཚ་མོ་རྣམས་ཀྱིས་ཀྱང་སློབ་ཆེན་གྲགས་ཅན་དག་ཏུ་ཡིག་ཚད་ལོན་ཡོད། གསར་འགོད་པ་ཁྱིམ་དུད་མགྲོན་ཁང་དུ་སླེབས་པའི་ཉིན་དེར། ཨ་ཁུ་ཕུན་ཚོགས་ཀྱི་ཚ་མོ་ཉི་མ་སྒྲོལ་མ་ད་དུང་སློབ་གྲྭ་འཚོགས་མེད་པར་ཁྱིམ་དུ་ཡོད་ལ། མོས་སྤྲོ་བག་དོད་པོས་གསར་འགོད་པར་འཚམ་འདྲི་བྱས་ཤིང་རང་ཉིད་ཀྱི་སློབ་སྦྱོང་གི་འཚོ་བ་གླེངས་པར་མ་ཟད། སྐབས་སྐབས་སུ་གསོལ་ཁང་དུ་ཕེབས་པའི་སྐུ་མགྲོན་དག་ལ་འཚམ་འདྲི་བྱེད།
ཨ་ཁུ་ཕུན་ཚོགས་ཀྱི་སྣེ་ཁྲིད་ལ་བརྟེན་ནས། བཀྲ་ཤིས་སྒང་གྲོང་ཚོའི་དུད་ཁྱིམ་68ལས་ཁྱིམ་ཚང་54ཡིས་ཁྱིམ་དུད་མགྲོན་ཁང་གཉེར་བ་དང་། 2016ལོར་ཁྱོན་ཡོངས་ནས་དབུལ་ཐར་བྱུང་། ལོ་ངོ་22ཀྱི་རིང་ལ་ཉིང་ཁྲིའི་ཀླུ་ནང་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོས་ངོ་མཚར་ཁྱད་དུ་འཕགས་པའི་རང་བྱུང་མཛེས་ལྗོངས་དང་ཐུན་མོང་མ་ཡིན་པའི་རིག་གནས་ཐོན་ཁུངས་ལ་བརྟེན་ཅིང་། སྲོལ་རྒྱུན་གྱི་སྡོད་ཁང་དང་དམངས་སྲོལ་རིག་གནས་གཞི་རྩར་བྱས་པའི་སྐྱེ་ཁམས་ཡུལ་སྐོར་གྱི་གྲོང་ཚོ་གསར་པ་འཛུགས་སྐྲུན་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་ཀྱི་ཡོང་སྒོ་འཕར་བའི་ལམ་ཀ་གསར་པ་ཞིག་ཏུ་བསྐྱོད་པར་མ་ཟད། གྲོང་ཚོ་འདི་ལ་སྔ་ཕྱིར་“མཛེས་སྡུག་ལྡན་པའི་ཤང་གྲོང”དང་“འབྱོར་འབྲིང་དཔེ་སྟོན་སྔོན་ཐོན་གྲོང་ཚོ”“ཡུལ་སྐོར་དམངས་ཕྱུག་གི་སྔོན་ཐོན་སྡེ་ཁག་”སོགས་ཀྱི་གཟི་བརྗིད་མཚན་སྙན་10ལྷག་ཐོབ།
ཟླ་བ་བཀྲ་ཤིས།ཡབ་ཀྱིས་བསྐྲུན་པའི་ཁྱིམ་དུད་མགྲོན་ཁང་བདག་ཏུ་གཉེར་བ།
ཨ་ཁུ་ཕུན་ཚོགས་ཀྱི་བུ་ཆེ་བ་ཟླ་བ་བཀྲ་ཤིས་ནི་ད་ལོར་ལོ་39ཡིན་ཞིང་། ད་ལྟ་སྤུན་ཆུང་ཚེ་རིང་དང་ལྷན་དུ་ཕུན་ཚོགས་ཁྱིམ་དུད་མགྲོན་ཁང་ལ་བདག་གཉེར་བྱེད་བཞིན་ཡོད། ཁོང་གིས་གསར་འགོད་པར་འདི་སྐད་དེ། ཁྱིམ་དུད་མགྲོན་ཁང་གི་གསོལ་ཁང་དུ་ཀླུ་ནང་རྡོ་ཁོག་བྱ་ཤ་ཞེས་པའི་ཟས་རིགས་གྲགས་ཅན་དེ་ཡོད་ཅིང་། དེ་ནི་རང་གི་ཁྱིམ་ཚང་གིས་གསོས་པའི་བྱ་དེའི་ཤ་ཡིན་པས་ཀུན་གྱི་དགའ་བསུ་ཆེན་པོ་ཐོབ། ཁྱིམ་དུད་མགྲོན་ཁང་གཉེར་ཞོར་དུ་འགྲུལ་པ་དག་གི་རེ་འདོད་ལྟར་བོད་ལྗོངས་ཀྱི་ཁྱད་ཐོན་དངོས་རྫས་ཏེ་དབྱར་རྩྭ་དགུན་འབུ་དང་སྦྲང་རྩི་སོགས་སྦྲགས་སྐུར་བྱེད་ཀྱིན་ཡོད་ལ། མགྲོན་ཁང་གཉེར་བ་དང་ས་གནས་ཁྱད་ཐོན་དངོས་རྫས་འཚོང་བ་བཅས་ལས་ལོ་རེའི་ཡོང་འབབ་སྒོར་ཁྲི་60ལྷག་སོན་ཐུབ་ཅེས་ཟེར།
ཟླ་བ་བཀྲ་ཤིས་ན་རེ། ཨ་ཕ་ནི་“གཞན་ལ་རོགས་བྱས་ཏེ་རང་ཉིད་སྐྱིད་པོ་གཏོང་བའི་”དཔེ་མཚོན་མི་སྣ་ཞིག་ཡིན་ཞིང་། ཁོང་གིས་གྲོང་མི་ཚང་མའི་སྣེ་ཁྲིད་དེ་ཁྱིམ་དུད་མགྲོན་ཁང་འཕེལ་རྒྱས་ཆེ་རུ་འགྲོར་བཅུག ཁོང་གི་བུ་ཡིན་པའི་ཆ་ནས། ཕའི་ལས་དོན་གྱི་རྒྱུན་བསྐྱངས་ཏེ་ཁྱིམ་དུད་མགྲོན་ཁང་ལ་བདག་གཉེར་གང་ལེགས་བྱེད་པ་དང་། ཡུལ་སྐོར་པ་དག་ལ་རང་ཁྱིམ་དུ་སླེབས་པ་ལྟ་བུའི་ཞབས་ཞུ་ཡག་པོ་ཞིག་བྱེད་ཕྱིར། ཟླ་བ་བཀྲ་ཤིས་ཀྱིས་ཁྱིམ་དུད་མགྲོན་ཁང་གི་གཙང་སྦྲ་དང་བཟའ་བཏུང་གི་ཐད་ལ་རང་གིས་དངོས་སུ་རྒྱུན་འཁྱོངས་དང་འབད་པ་བྱས་ཏེ་མཚན་གུང་བར་དུ་བྲེལ་བ་ཆེ། ཡུལ་སྐོར་པ་མང་བའི་དུས་སུ་ཆུ་ཚོད་གཅིག་གཉིས་ཀྱི་སྔོན་ལ་སྔོན་མངག་མ་བྱས་ཚེ་འདུག་ས་མི་རེག་ཅིང་། ཁོང་གི་ཁྱིམ་དུ་འགྲུལ་པ་ཁ་གང་རྗེས་ཁྱིམ་དུད་མགྲོན་ཁང་གཞན་དག་ལ་ངོ་སྤྲོད་བྱས་ཏེ་འདུག་ཏུ་འཇུག འགྲུལ་པ་ཇེ་མང་དུ་གཏོང་བའི་ཆེད་དུ་ཁོ་དང་ནུ་བོ་གཉིས་ཀྱིས་མེ་ཐོན་སོགས་མཉམ་སྦྲེལ་དྲ་རྒྱའི་སྟེགས་བུའི་ཐོག་ནས་མཉམ་ལས་དང་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས།
ས་གནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་འགྱུར་ཡོང་བའི་ཕྱོགས་ནས་ཟླ་བ་བཀྲ་ཤིས་ཀྱིས་འདི་སྐད་དེ། “ཁོ་བོས་སྐད་འཕྲིན་གྱི་གྲོགས་ཚོམས་དང་འཁྱུག་དབྱངས་Appསྟེང་ནས་ཁྱབ་བསྒྲགས་བྱས་པར་ཡུལ་སྐོར་པ་མི་ཉུང་བ་ཞིག་གིས་རྒྱབ་སྐྱོར་དང་སྐུལ་སློང་། ཡིད་ཆེས་བཅས་གནང་བྱུང་བ་དང་། ཀླུ་ནང་བཀྲ་ཤིས་སྒང་གྲོང་ཚོར་ཡུལ་སྐོར་དུ་ཡོང་མཁན་ཇེ་མང་ནས་ཇེ་མང་དུ་ཕྱིན་ཡོད་ལ། མི་མང་པོ་ཞིག་ངེད་ཚང་གི་གྲོགས་པོར་གྱུར། ད་ལྟའི་བར་དུ་ང་རང་ལ་བག་ཆགས་ཆེས་ཟབ་ཤོས་བཞག་པ་ནི་ཐེན་ཀྲི་ཆང་དང་དགེ་རྒན་པའེ་གཉིས་ཀ་ཡིན་ཏེ། ཐེན་ཀྲི་ཆང་ནི་ངའི་པ་ལགས་ཀྱི་རྒྱ་རིགས་ཀྱི་བུ་ཚབ་ཡིན་ཞིང་ལོ་རེ་རེར་ངའི་ཨ་ཕ་ལ་ཐུག་ཏུ་ཡོང་གིན་ཡོད། དགེ་རྒན་པའེ་ནི་བརྙན་ལེན་པ་ཞིག་ཡིན་ཞིང་། ངེད་ཚང་དུ་ཟླ་བ་ཁ་ཤས་ལ་བསྡད་པ་དང་། དུས་རྒྱུན་རང་མོས་སྒོས་ཀླུ་ནང་གི་མཛེས་པའི་ཡུལ་ལྗོངས་དག་གཞན་ལ་ངོ་སྤྲོད་བྱེད་པར་མ་ཟད། ངེད་ཚང་གི་ཁྱིམ་དུད་མགྲོན་ཁང་དྲིལ་སྒྲོག་བྱེད་རོགས་ཀྱང་བྱས་མྱོང་བས་ཁོང་ཚོར་བཀའ་དྲིན་ཆེ་ཞུ་འོས་ལ། འདིས་ཀྱང་བཀྲ་ཤིས་སྒང་གྲོང་ཚོའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་དང་ང་ཚོའི་གྲོང་ཚོའི་དཔལ་འབྱོར་ཡོང་སྒོ་འཕར་སྣོན་ལ་སྐུལ་འདེད་ངེས་ཅན་ཐེབས་ཡོད། ”
ཁྱིམ་དུད་མགྲོན་ཁང་གི་མ་འོངས་པའི་འཕེལ་རྒྱས་ཀྱི་དམིགས་འབེན་ཐད་དུ་ཟླ་བ་བཀྲ་ཤིས་ཀྱིས་འཁྱུག་དབྱངས་སོགས་བརྙན་ཐུང་སྟེགས་བུ་བརྒྱུད་ནས་ཨ་ཕས་བསྐྲུན་པའི་ཁྱིམ་དུད་མགྲོན་ཁང་གི་མིང་བྱང་འདི་མུ་མཐུད་དུ་བདག་གཉེར་ལེགས་པར་བྱ་བ་དང་། བཀྲ་ཤིས་སྒང་གྲོང་ཚོའི་ལྷད་ཀྱིས་མ་གོས་པའི་རང་བྱུང་གི་མཛེས་པ་དང་། མི་དང་རང་བྱུང་འཆམ་མཐུན་གྱི་རྣམ་པ་ཇི་མ་ཇི་བཞིན་གཞན་ལ་སྟོན་རྒྱུའི་རེ་བ་ཡོད་ལ། དེ་དང་ཆབས་ཅིག་ཏུ་བརྙན་ཐུང་སྟེགས་བུ་སྤྱད་ནས་བཀྲ་ཤིས་སྒང་གྲོང་ཚོའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་རོགས་ཕན་བསྒྲུབས་ཏེ་གྲོང་མི་ཚང་མ་ཐུན་མོང་ཐོག་ཕྱུག་འགྱུར་དང་འབྱོར་འབྲིང་དུ་བསྐྱོད་རྒྱུ་དེ་ཡིན་ནོ། །
བླ་བཀྲས་བསྒྱུར།