ཀྲུང་གོའི་བོད་ལྗོངས་དྲ་བ།>དཔེ་ཀློག

ང་ཚོའི་སྡོད་ཁང་གསར་པར་དྲོད་སྐྱིད་ལྡན།

2022-05-12 བདེ་ཁོ།
          2021ལོའི་ཟླ་8པའི་ཟླ་མགོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བརྟག་ཞིབ་ཚོགས་པ་དང་ལྷན་དུ་མཐའ་མཚམས་གྲོང་ཚོ་དང་པོར་གྲགས་པའི་མངའ་རིས་ས་ཁུལ་རྩ་མདའ་རྫོང་བསྟི་ཡག་ཞང་སྲིབ་སྐྱིད་གྲོང་ཚོར་བསྐྱོད་རྒྱུའི་སྐལ་བ་བྱུང་།  སྲིབ་སྐྱིད་གྲོང་ཚོ་ནས་རྩ་མདའ་རྫོང་གྲོང་བར་སྤྱི་ལེ་290ལྷག་ཙམ་ཡོད་པ་དང་།  རྒྱ་གར་གྱིས་བདག་ཏུ་བཟུང་བའི་སྲིབ་སྐྱིད་ལ་དང་བར་སྤྱི་ལེ་6.5ཙམ་ལས་མེད་པས།  ཡུལ་དེ་ནི་ཀྲུང་གོ་དང་རྒྱ་གར་གཉིས་ཀྱི་མཐའ་མཚམས་ཀྱི་བདག་བཟུང་མཚམས་ཐིག་ཉེ་འཁོར་གྱི་ས་ཆ་དམིགས་བསལ་ཅན་ཞིག་རེད།
          2017ལོར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་《བོད་རང་སྐྱོང་ལྗོངས་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་འཆར་འགོད་(2017ལོ་ནས་2020ལོ་བར་)》ཞེས་པ་པར་འགྲེམས་བྱས་ལ།  དེ་དོན་དོན་འཁྱོལ་བྱས་པ་དང་བསྟུན་ནས་སྲིབ་སྐྱིད་གྲོང་ཚོའི་སྡོད་ཁང་གི་ཆ་རྐྱེན་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།  དེ་སྔའི་སྡོད་ཁང་ཐོག་གཅིག་མ་དག་སྒོ་ར་རང་འགྲིག་ཅན་གྱི་ཐོག་ཁང་དུ་གྱུར་པ་དང་།  ཁང་པའི་གྲུབ་ཆའང་རྡོ་དང་ཤིང་ནས་ལྕགས་དང་ཨར་འདམ་དུ་རིམ་འཕར་བྱུང་བས།  མིག་ལ་མཛེས་ཤིང་ཁོད་ཡངས་པར་མ་ཟད།  ཡོམ་འགོག་རང་བཞིན་ཡང་ཆེ་རུ་ཕྱིན་ཡོད།  
          ཚུར་རི་ནས་ཕར་རིའི་རི་སྐེད་དུ་ཆགས་པའི་སྲིབ་སྐྱིད་གྲོང་ཚོར་རྒྱང་ལྟ་བྱས་ཚེ།  ནགས་གསེབ་ཀྱི་ཐོག་ཁང་དཀར་པོ་དེ་དག་ཨ་སྔོན་དབྱིངས་ཀྱི་སྐར་ཚོགས་དང་འདྲ་བར་ཁྲ་ལམ་མེར་ཡོད།  གྲོང་ཚོའི་ནང་གོམ་ཁ་གློད་ཚེ།  འགྲོ་ལམ་དང་ཐོག་ཁང་གསར་པ་དག་གཙང་ཞིང་གྲལ་འགྲིག་པོར་རིམ་བསྟར་དུ་ཆགས་པས།  མི་ཚོར་ལྷིང་འཇགས་བག་ཡངས་དང་།  འབྱོར་ཕྱུག་ལྡན་པའི་སྤྲོ་གསེང་གླིང་དུ་སྐྱོད་པ་ལྟ་བུའི་སྣང་བ་དབང་མེད་དུ་འཆར་སྲིད།  
          ད་ཐེངས་བརྟག་ཞིབ་བྱེད་རིང་དུ།  ང་རང་ལ་བག་ཆགས་ཟབ་ཤོས་ནི་སྲིབ་སྐྱིད་གྲོང་ཚོའི་ཚེ་རིང་ལྷག་སྒྲོན་དང་མོའི་སྡོད་ཁང་གསར་པ་དེ་རེད།  
          ཚེ་རིང་ལྷག་སྒྲོན་ནི་བུད་མེད་གཟུགས་ཐུང་ལ་ཤ་རིད་པ་ཞིག་ཡིན་ཡང་ཆས་ལུགས་བབ་ཆགས་ཤིང་ངོ་གདོང་ནས་བདེ་ཐང་གི་ཉམས་བཟང་རྒྱས་འདུག ཐེངས་དང་པོར་གླེང་མོལ་བྱེད་སྐབས་བག་འཁུམ་ཞིང་ངོ་ཚ་སྨིན་པོ་ཞིག་ཏུ་མཐོང་ལ།  རྒྱ་ཆེའི་བོད་རིགས་བུད་མེད་ཚོའི་སྨྲ་བ་ཉུང་ཞིང་འཛུམ་མདངས་རྒོད་པའི་ཁྱད་ཆོས་དང་ལྡན།  གླེང་མོལ་བྱས་རྗེས་མོ་ནི་གཟུགས་པོ་ཆུང་ཞིང་ཉམ་ཞན་པར་སྣང་ཡང་དཀའ་བ་ཁུར་དུ་འཁྱེར་ནུས་ཤིང་ཞུམ་མེད་ཀྱི་སྙིང་སྟོབས་དང་ལྡན་པ་ཞིག་ཡིན་པ་ཚོར་ཐུབ། 2021ལོར་ཚེ་རིང་ལྷག་སྒྲོན་རང་ལོ་44ཡིན།  ཁྱིམ་དུ་ལོ་25དང་ལོ་19ཅན་གྱི་བུ་མོ་གཉིས་དང་།  དགུང་ལོ་80ཕེབས་པའི་མ་རྒན་དང་ལོ་ན་40ཡིན་པའི་དབང་པོ་སྐྱོན་ཅན་གྱི་གཅུང་པོ་བཅས་ནང་མི་5ཡོད།  ཁྱིམ་ཚང་གི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ནི་འབྲས་ཤིང་རྐང་200དང་བ་གླང་མགོ་གྲངས་9དང་ས་ཞིང་མུའུ་9བཅས་ཡིན།  ཚེ་རིང་ལྷག་སྒྲོན་གྱིས་ཚོད་རྩིས་བྱས་པར་གཞིགས་ན།  2020ལོར་ཁྱིམ་ཚང་གི་ཡོང་འབབ་ཁེ་གཙང་སྒོར་ཁྲི་གསུམ་བཞི་ཙམ་ཟིན་ཅིང་།  དེའི་ཁྲོད་སྲིད་ཇུས་རང་བཞིན་གྱི་ཁ་གསབ་དངུལ་དང་བུ་མོ་ཚོའི་རོགས་དངུལ་ཚུད་ཡོད་འདུག འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་རིང་མོ་ནི་ཁྱིམ་གྱི་གདུང་འདེགས་ཀ་བ་ལྟ་བུ་ཡིན་ལ།  ངལ་རྩོལ་ནུས་ཤུགས་གཅིག་པུ་དེའང་ཡིན།  མོས་ཁྱིམ་གྱི་ལས་ཀ་བསྒྲུབ་དགོས་པར་མ་ཟད།  ཨ་མ་དང་གཅུང་པོར་ལྟ་སྐྱོང་དང་བུ་མོ་གསོ་སྐྱོང་བྱེད་པའི་འགན་འཁྲི་ལྕི་མོ་ཕྲག་ཏུ་འཁུར་བཞིན་ཡོད།  
          ཚེ་རིང་ལྷག་སྒྲོན་གྱིས་བཤད་དོན།  མོ་ཆུང་དུས་འཚར་ལོངས་བྱུང་ས་སྲོལ་རྒྱུན་གྱི་རྡོ་ཁང་ཡིན་ཟེར།  རྡོ་ཁང་དེ་མ་གཞི་སྲ་ཞིང་བརྟན་པ་ཡོད་མོད་ཁང་མིག་གཉིས་གསུམ་ཙམ་ལས་མེད།  སྒོ་དང་སྒེའུ་ཁུང་གུ་དོག་པས་དཀར་ཆ་ཞན་པ་དང་།  མཁའ་རླུང་ཡག་པོ་རྒྱུ་མི་ཐུབ་ལ།  ཁྱིམ་གྱི་འཚོ་བའི་མཁོ་ཆས་ཀྱང་ཧ་ཅང་ཐབས་ཆག་ཡིན།  གྱང་ངོས་འབར་འབུར་ཡིན་པས་དཔྲལ་བ་རྡབ་པའི་གནས་ཚུལ་རྟག་ཏུ་འཐོན་གྱི་ཡོད།  དེས་མ་ཚད་མི་ཕྱུགས་གཉིས་ཀྱི་ཁང་པ་གཤིབ་མར་ཡོད་པས་འཕྲོད་བསྟེན་གྱི་ཆ་རྐྱེན་ཞན་པོ་ཡོད།  ལོ་འདི་འགའི་རིང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག་ས་གནས་དེ་གར་བདེ་སྡོད་ལས་གྲྭའི་སྡོད་ཁང་སྐྲུན་འགོ་བཙུགས་པས།  ཚེ་རིང་ལྷག་སྒྲོན་ཚང་ད་གཟོད་རྡོ་ཁང་ནས་སྤོས་ཏེ་ས་དང་ཤིང་ལས་གྲུབ་པའི་ཤིང་ཁང་གྲུ་བཞི་ནང་སྡོད་རྒྱུ་བྱུང་ཡོད།  ད་ཆ་ཁྱིམ་ནང་དཀར་ཆ་དོད་ཅིང་ཕྱུགས་ར་དང་ལོགས་སུ་གནས་ཡོད་པས་གཙང་སྦྲ་དོད་པོ་ཡོད།  ཆུ་ཀ་ལ་སྒོ་རའི་ཕྱིར་ཁྲིད་ཡོད་པས་འཚོ་བ་དེ་སྔ་ལས་སྟབས་བདེ་རུ་སོང་ཡོད།  
          ཡིན་ན་ཡང་།  བུ་མོ་ཚོ་ནར་སོན་བཞིན་ཡོད་པས་ཤིང་ཁང་ཆུང་ཆུང་འདིའི་ནང་ནང་མི་ལྔས་འཚོ་བ་སྐྱེལ་དུས་སྔར་བཞིན་གུ་དོག་པོར་སྣང་།  
          མོས་“སྔར་ནས་བཟུང་གི་བསམ་འདུན་ཆེ་ཤོས་ནི་ནང་མི་ཚང་མ་བདེ་བདེ་ཐང་ཐང་ཡོང་བ་དང་།  ཚོམས་ཆེན་གུ་ཡངས་ཤིང་ཉལ་ཁང་གསུམ་བཞི་ཙམ་ཡོད་པའི་གཙང་ཞིང་དྲོ་སྐྱིད་ལྡན་པའི་སྡོད་ཁང་ཆེན་པོ་ཞིག་རྒྱག་རྒྱུ་དེ་ཡིན།  དེ་མངོན་གྱུར་བྱུང་ན་ཨ་མ་དང་གཅུང་པོས་བློ་བདེ་པོའི་ངང་ནད་གསོ་ཐུབ་པ་དང་།  བུ་མོ་ཚོ་ཁྱིམ་དུ་ལོག་ཡོང་སྐབས་རང་རང་གི་ཉལ་ཁང་ཡོད་པས།  ཁྱིམ་དུ་མགྲོན་པོ་སླེབས་ཀྱང་སེམས་ཁྲལ་བྱེད་མི་དགོས་”ཞེས་བཤད།  
          འོན་ཀྱང་ལོ་མང་རིང་ཁྱིམ་གྱི་ཡོང་འབབ་དང་ངལ་རྩོལ་ནུས་ཤུགས་སྣ་རྐྱང་ཡིན་པ་དང་།  དུས་རྒྱུན་གྱི་འཚོ་བའི་གྲོན་དངུལ་དང་སྨན་བཅོས་འགྲོ་སོང་ཕུད།  བུ་མོ་ཚོའི་འཚོ་བ་དང་སློབ་སྦྱོང་གི་འགྲོ་གྲོན་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་གཤིས་དངུལ་ཆེར་གསོག་ཐུབ་ཀྱི་མེད།  དེ་བས་སྡོད་ཁང་ཆེན་པོ་ཞིག་རྒྱག་རྒྱུ་ནི་ཚེ་རིང་ལྷག་སྒྲོན་གྱི་བསམ་འདུན་ཙམ་ལས་མངོན་འགྱུར་འབྱུང་ཐབས་བྲལ་བ་ཞིག་ཏུ་གྱུར་ཡོད།  
          2017ལོར།  ཚེ་རིང་ལྷག་སྒྲོན་གྱི་ཁྱིམ་ཚང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མིང་ཐོག་ནས་ཞང་དེས་གསར་དུ་བསྐྲུན་པའི་འབྱོར་འབྲིང་གྲོང་ཚོའི་སྡོད་ཁང་འཆར་འགོད་ནང་ཚུད་པ་རེད།  དེ་ནས་བཟུང་།  ཚེ་རིང་ལྷག་སྒྲོན་ཚང་གི་སྡོད་ཁང་གི་ཆ་རྐྱེན་རྨང་ནས་འགྱུར་ལ།  འགྲོ་སོང་ཚང་མ་རྒྱལ་ཁབ་ནས་བཏང་བས་རང་གིས་དངུལ་སྐར་མ་གང་ཡང་འདོན་དགོས་བྱུང་མེད།  ཏང་དང་རྒྱལ་ཁབ་ཀྱིས་མཐའ་མཚམས་མི་སེར་ལ་དམིགས་བསལ་གྱི་ཐུགས་ཁུར་གནང་བས་ཚེ་རིང་ལྷག་སྒྲོན་གྱི་བསམ་འདུན་མངོན་འགྱུར་བྱུང་བ་རེད།  
          ཉིན་ཞིག་གི་ཉིན་གུང་ང་རང་ཚེ་རིང་ལྷག་སྒྲོན་གྱི་གདན་ཞུས་ལྟར་མོའི་སྡོད་ཁང་གསར་པར་ལྟ་སྐོར་དུ་བསྐྱོད་པ་ཡིན།  རྒྱང་རིང་ནས་མོས་སྒོ་ཁར་ང་ལ་བསྒུགས་ཡོད་པ་མཐོང་བྱུང་།  གཞི་དམར་དཀར་གྱིས་བརྒྱན་པའི་ཐོག་ཁང་ཐོག་སོ་གཉིས་ལྡན་དེ་མཛེས་ཉམས་དོད་པོ་ཞེ་དྲགས་འདུག གལ་ཏེ་རང་ཉིད་མཐའ་མཚམས་ཀྱི་གྲོང་ཚོ་ཆུང་ཆུང་ཞིག་ཏུ་ཡོད་པ་བརྗེད་པའི་དབང་དུ་བཏང་ཚེ་འདི་ནི་གྲོང་ཁྱེར་ཞིག་གི་ཉེ་འཁོར་གྱི་སྤྲོ་ཁང་ཞིག་ཡིན་སྣང་སྐྱེ་སྲིད།  སྒོ་རའི་ནང་འཛུལ་སྐབས་སོས་ལེགས་པའི་རྩྭ་རྩི་ཤིང་མེ་ཏོག་དང་གཙང་སྦྲ་དོད་པའི་སྒོ་ར་ཆུང་ཆུང་ཞིག་མིག་ལམ་དུ་མངོན་བྱུང་།  གསར་དུ་བརྒྱབ་པའི་ཐབ་ཚང་སྟབས་བདེ་ཞིག་ཡོད་པའི་འགྲམ་དུ་ཆུ་ཀ་ལ་དང་གོས་འཁྲུད་འཕྲུལ་འཁོར་བཞག་འདུག་པས།  རྒྱུན་གཏན་གྱི་འཚོ་བའི་འཐུང་ཆུ་བེད་སྤྱོད་གཏོང་བདེ་པོ་ཆགས་ཡོད།  རྒྱལ་སྒོའི་ཁ་སྤྲོད་དེར་ དགུན་ཁ་སྡོད་སའི་ཁང་པ་སྟབས་བདེ་དཀར་ཆ་དོད་པ་ཞིག་བརྒྱབ་འདུག
          གནས་འདིར་ཡུལ་མི་ཚོས་དགུན་ཁ་སྡོད་སའི་ཁང་པ་ཞིག་ཟུར་དུ་རྒྱག་གི་ཡོད།  གནམ་གཤིས་གྲང་ངར་ཆེ་བས་བུད་ཤིང་དང་ལྕི་བ་བསྲེག་དགོས་སྟབས་དུ་སྨུག་གིས་ཁང་པ་ནག་པོ་ཆགས་ཀྱི་ཡོད་པས།  ཚེ་རིང་ལྷག་སྒྲོན་གྱིས་ཀྱང་དགུན་ཁང་ཐོག་ཁང་གསར་པའི་ནང་རྒྱག་མི་སྲིད་པ་ཁོ་ཐག་ཡིན།  
          ཐོག་ཁང་གསར་པའི་སྒོར་འཛུལ་མ་ཐག་ཚོམས་ཆེན་རེད་འདུག གཙང་སྦྲ་དོད་པའི་ས་ངོས་དང་།  མཛེས་ཤིང་ལྟ་ན་སྡུག་པའི་གྱང་རིས།  གྲལ་སྟར་འགྲིག་པའི་བོད་ལུགས་གསོལ་ལྕོག་དང་།  རྐུབ་སྟེགས།  ཁ་གདན།  བརྙན་འཕྲིན་སྒྲོམ་བཅས་ལས་ཉམས་བཟང་མངོན་པར་མ་ཟད།  ད་དུང་མི་རིགས་ཀྱི་སྲོལ་རྒྱུན་མཛེས་ཆོས་མངོན་གསལ་དོད་པོ་འདུག རྒྱལ་སྒོའི་ནང་འཛུལ་ཚེ་གཡས་ཕྱོགས་སུ་ཐོག་ཁང་རྒྱག་སྐབས་བཟོས་པའི་ཐབ་ཚང་དང་གཉེར་ཚང་འདུག ཚེ་རིང་ལྷག་སྒྲོན་གྱིས་མོ་ནི་དཀར་ཆ་དོད་པའི་ཐབ་ཚང་ལ་དགའ་པོ་ཡོད་པས་དེ་སྔ་ཇུས་འགོད་བྱས་པའི་ཐབ་ཚང་གི་བར་སྟོང་ཅུང་ཆུང་བས་ཐབ་ཚང་སྒོ་རའི་ནང་སྤོས་ཐོག་ཁང་ཆུང་གཉིས་ཟླ་སྒྲིལ་བཏང་ནས་གཉེར་ཚང་དུ་བྱས་པ་ཡིན་ཟེར།  ངས་གཉེར་ཚང་དུ་ཞོར་ཟས་དང་བཏུང་ཇ་སྣ་ཚོགས་བཞག་ཡོད་པ་མཐོང་བྱུང་།  ཚེ་རིང་ལྷག་སྒྲོན་གྱིས་འཛུམ་དམུལ་དམུལ་ངང་དེ་དག་ནི་མོས་རྒྱུན་དུ་འཐེན་པའི་ཚོང་ཟོག་ཡིན་པས་ཁོམ་པ་ཡོད་དུས་ཞོར་ཟས་འཚོང་བར་འགྲོ་གི་ཡོད་ཟེར།  གྲོང་ཚོ་དང་ཞང་དབར་བར་ཐག་སྤྱི་ལེ་20ལྷག་ཡོད་པར་མ་ཟད་རི་ལམ་ཀྱག་ཀྱོག་ཆེ་བས་ཉིན་ལྟར་ཞང་དུ་འཚོ་བའི་མཁོ་ཆས་ཉོ་བར་འགྲོ་སྟབས་མི་བདེ་ལ་ཡར་མར་གྱི་འགྲིམ་འགྲུལ་འགྲོ་གྲོན་ཡང་མཐོན་པོ་ཡོད།  མོས་སྤྱད་པའི་ཐབས་ཤེས་དེར་“མ་གཞི་ཡོང་འབབ་ཕྲན་བུ་ཙམ་ལས་མེད་ཀྱང་།  མ་རྩ་མང་པོ་བཏང་མེད་པའི་ཁར་དུས་ཚོད་ཀྱང་རང་གིས་བཀོད་སྒྲིག་བྱས་ཆོག་པས།  རང་དང་ཁྱིམ་མཚེས་གཡས་གཡོན་ལ་སྟབས་བདེ་བསྐྲུན་པའི་ཁར་རྒྱུན་གཏན་གྱི་ལག་དངུལ་ཡང་ཅུང་ཟད་གསོག་ཐུབ་ཀྱི་འདུག་”ཟེར།  ཐོག་སོ་གཉིས་པར་མཛེས་བཟོ་སྤུས་དག་བྱས་འདུག་པ་དེ་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་ཚོམས་ཆེན་ཆུང་ཆུང་ཞིག་དང་བུ་མོ་ཚོའི་ཉལ་ཁང་རེད་འདུག དྲོད་འཇམ་གྱི་ཉི་འོད་ཤེལ་གྱི་སྒེའུ་ཁུང་ལས་འཕྲོས་ཡོང་བས་དྲོ་སྐྱིད་ཀྱི་ཚོར་སྣང་ཞིག་གིས་ང་རང་ཅུང་ཟད་ངལ་གསོ་བར་འདོད་བྱུང་།  ཕྱི་དྲོའི་ཉི་འོད་དང་འཇམ་ཐིང་ངེར་གནས་པའི་མཐའ་མཚམས་ཀྱི་གྲོང་ཚོ་ཆུང་ཆུང་དེས་ངའི་ཡིད་ཀྱི་དབང་པོ་ཡོངས་སུ་འཕྲོག་པར་གྱུར།  
          སྡོད་ཁང་གསར་པར་ལྟ་སྐོར་བྱེད་སྐབས།  ཚེ་རིང་ལྷག་སྒྲོན་སྤྲོ་སྣང་གིས་ཁེངས་ཤིང་མིག་ཟུང་ལས་བདེ་སྣང་མངོན་ལ།  སྐད་ཆའི་ཁྲོད་ནས་ད་ལྟའི་འཚོ་བར་ཡིད་ཚིམ་པ་གསལ་པོར་ཚོར་ཐུབ།  མོས་རང་ཉིད་ཀྱི་ད་ཆའི་འཚོ་བ་སྐྱིད་པོ་ནི་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་ཡིན་ཞེས་བཤད།  ད་ཆ་བུ་མོ་རྒན་པས་མངའ་རིས་ས་ཁུལ་དུ་ལས་ཀ་བྱེད་ཀྱི་ཡོད་པ་དང་།  བུ་མོ་ཆུང་བས་ཞང་སྲིད་གཞུང་ཟ་ཁང་གི་སྤྱི་ཕན་རང་བཞིན་གྱི་ལས་གནས་ཐོག་ལས་ཀ་བྱེད་ཀྱི་ཡོད།  གཅུང་པོའི་གཟུགས་གཞི་ཡག་ཏུ་འགྲོ་བཞིན་ཡོད་ལ་སྨན་བཅོས་འགན་བཅོལ་ཡང་ཡོད་པས་ཁྱིམ་དུ་མ་རྒན་ལ་ལྟ་རྟོག་བྱེད་ཐུབ་ཀྱི་ཡོད།  གཞན་ཡང་མ་རྒན་ལའང་རྒན་གསོའི་ཁ་གསབ་ཡོད་སྟབས་འཚོ་བ་དེ་སྔོན་ལྟར་དཀའ་ཚེགས་ཆེན་པོ་མེད་ལ་ཁང་པ་སྐྲུན་ཆེད་གྲོན་ཆུང་བསྲི་ཚགས་དེ་བས་བྱེད་དགོས་མེད།  
          ཚེ་རིང་ལྷག་སྒྲོན་གྱིས་བཤད་དོན།  བདེ་སྡོད་ལས་གྲྭའི་སྐབས་ཀྱི་སྡོད་ཁང་ཡིན་ནའང་འདྲ།  ད་ལྟའི་འབྱོར་འབྲིང་གྲོང་ཚོའི་སྡོད་ཁང་ཡིན་ནའང་འདྲ་ཚང་མ་ཏང་དང་རྒྱལ་ཁབ་ཀྱིས་རིན་མེད་ཐོག་བསྐྲུན་པ་ཞིག་རེད།  གལ་ཏེ་ཏང་དང་རྒྱལ་ཁབ་ཀྱི་རོགས་སྐྱོར་མེད་ན་མོ་ལྟ་བུའི་སྟེང་ལ་རྒན་འཁོགས་གསོ་རྒྱུ་དང་འོག་ལ་ཕྲུ་གུ་སྙོར་རྒྱུ་ཡོད་པའི་བུད་མེད་ཁེར་རྐྱང་ཞིག་གིས་རང་གི་ལག་ཟུང་ལ་བརྟེན་ནས་ཐོག་ཁང་འདི་ལྟ་བུ་ཞིག་སྐྲུན་ཐུབ་མི་སྲིད་པས།  ཏང་དང་རྒྱལ་ཁབ་ཀྱིས་མོའི་དཔུང་པ་ནས་སྐྱོར་རོགས་བྱས་ཏེ་མོར་དྲོ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་ཡོད་ཟེར།  
           སྲིབ་སྐྱིད་གྲོང་ཚོའི་ལོ་རྒྱུས་ལ་ཆ་རྒྱུས་ཅུང་ཟད་ཡོད་མཁན་ཞིག་ཡིན་ཕྱིན།  དེ་སྔའི་སྲིབ་སྐྱིད་གྲོང་ཚོར་ཁྱིམ་གཞིས་བརྟན་སྲུང་བྱེད་མཁན་དུད་ཚང་3ལས་མེད།  ཕྱིས་སུ་ཁྱིམ་ཚང་དེ་3གྱི་ཕྲུ་གུ་རྣམས་ནར་སོན་ནས་རང་རྐྱ་འཕེར་རྗེས་དེ་ཚོས་ཀྱང་ཁྱིམ་གཞིས་བཙུགས་པ་དང་།  དེའི་ཁར་གྲོང་ཚོ་གཞན་ནས་གནས་སྤོ་མཁན་བྱུང་བས་ད་ལྟའི་སྲིབ་སྐྱིད་གྲོང་ཚོ་འདི་གྲུབ་པ་རེད།  ད་ལྟའི་སྲིབ་སྐྱིད་གྲོང་ཚོ་ནི་རྒྱལ་ཁབ་ཀྱི་ས་སྲུང་དཔའ་བོའི་གྲོང་ཚོ་ཞིག་ཡིན་པ་དང་།  སྲིབ་སྐྱིད་གྲོང་ཚོའི་ཡུལ་མི་རྣམས་ནི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྲུང་མཁན་ཡིན།  ཡུལ་མི་གཞན་ཚང་མ་དང་འདྲ་བར་ཚེ་རིང་ལྷག་སྒྲོན་གྱིས་བློ་ཐག་ཆོད་པོས་ཏང་དང་མེས་རྒྱལ་ལ་གཅེས་པ་དང་རང་ཉིད་འཚར་ལོངས་བྱུང་སའི་ཡུལ་དེར་གཅེས་པོ་ཡོད་ལུགས་བསྟན།  གནས་འདིས་མོ་གསོ་སྐྱོང་བྱས་པ་དང་ནར་སོན་རྗེས་དཀའ་སྡུག་གི་ལོ་ཟླ་སྐྱེལ་རོགས་བྱས་པར་མ་ཟད།  མོའི་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བའི་དཔང་པོའང་བྱས་ཡོད།  མོས་རང་ཉིད་ནི་གྲོང་གསེབ་ཀྱི་བུད་མེད་དཀྱུས་མ་ཞིག་ཡིན་པས་ཏང་དང་རྒྱལ་ཁབ་ཀྱི་ཆེད་དུ་ལག་རྗེས་ག་རེ་འཇོག་ཐུབ་མིན་ཤེས་མ་སོང་ཟེར།  དེའི་གཞུག་ལ་ཞང་གི་ཚོགས་འདུའི་ཐོག་མཐའ་སྲུང་མི་སྣ་དང་སྐོར་གཡེང་པ་བསྡུ་སྐབས་མོས་ཨང་དང་པོར་མིང་ཐོ་བཀོད་ནས་སྲིབ་སྐྱིད་གྲོང་ཚོའི་མཐའ་སྲུང་པ་ཞིག་ཏུ་གྱུར་པ་རེད།  
          ཚེ་རིང་ལྷག་སྒྲོན་གྱིས་“ཏང་དང་རྒྱལ་ཁབ་ཀྱི་ཆེད་དུ་སྟོབས་ཤུགས་ཕྲན་བུ་འབུལ་རྒྱུ་བྱུང་བར་ང་རང་དགའ་སྤྲོ་དཔག་ཏུ་མེད་པ་སྐྱེས་བྱུང་ལ།  གནས་འདི་གའི་མཐའ་སྲུང་པ་ཞིག་ཏུ་གྱུར་པར་ཡང་སེམས་གཏིང་ནས་སྤོབས་སེམས་ཆེན་པོ་སྐྱེ་བཞིན་ཡོད། ཏང་དང་རྒྱལ་ཁབ་ཀྱིས་ང་ལ་དྲོད་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་པས་ངས་ཏང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཕ་ཡུལ་གྱི་ས་ཆ་ཚུན་རེ་རེ་སྲུང་སྐྱོང་བྱ་རྒྱུ་ཡིན་”ཞེས་ཟེར།  
གཡང་ལགས་ཀྱིས་བསྒྱུར།
འབྲེལ་ཡོད་རྩོམ་ཡིག