2022ལོའི་ཟླ་དང་པོའི་ཚེས་1ཉིན་གྱི་དགོང་མོའི་ཆུ་ཚོད་7པར། ངས་སན་ཡ་མཚོ་འགྲམ་ནས་“Lafeལྷ་སའི་ཁོ་ཧྥེ་”ཞེས་པའི་སྤྱི་སྟེགས་ཨང་རྟགས་ཀྱི་ཐད་གཏོང་བརྙན་ལམ་བརྒྱུད་དེ། ཕུན་ཚོགས་སྒྲོན་མས་གཙོ་གཉེར་བྱས་པའི་བཅར་འདྲིའི་ལེ་ཚན་“ཀུན་དགའ་རྒྱ་མཚོ་དང་ཁོང་གི་གྲོགས་པོ་ཚོའི་སྒྱུ་རྩལ་མཉམ་རོལ་འདུ་ཚོགས་”ལ་བལྟས་པ་ཡིན་པས། དུས་ཚོད་ནི་ངོ་མ་འགྲོ་མགྱོགས་པ་ལའང་སྙམ་པའི་དྲན་ཚོར་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་བྱུང་།
ལོ་བདུན་གྱི་གོང་། ང་ནི་ཕུན་ཚོགས་སྒྲོན་མའི་ཀློག་པ་པོ་ཁག་དང་པོའི་གྲས་ཡིན་པས། དེ་དུས་སྤྱི་སྟེགས་ཐོག་བེའུ་དང་། བོད་ཕག གྲོང་གསེབ་ཀྱི་ལམ་ཆུང་། ལྡེམ་མ་འཁྱུག་གི་གྲིབ་གཟུགས། བོད་རིགས་ཀྱི་བུ་རྫི་ཆུང་ཆུང་གི་གཏམ་རྒྱུད་ལ་སོགས་པའི་པར་རིས་བཀོད་ཡོད་པ་ཝ་ལེར་དྲན་གྱི་འདུག རེད་ཨང་། བོད་ལ་སྔོན་ཆད་བུ་རྫི་ཆུང་ཆུང་གི་ཁྱུ་ཚོགས་དམིགས་བསལ་བ་ཞིག་ཡོད་མོད། ད་ནི་དེ་སྔ་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཁྱིམ་ཚང་ནང་“བུ་རྫི་ཆུང་ཆུང་”ནི་མེད་དུ་མི་རུང་བ་ལྟ་བུ་ཞིག་ཡིན་པ་སུའི་ཡིད་ལ་དྲན་སྲིད་ཨང་། ཕྱིས་སུ་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ་དང་འོས་འགན་སློབ་གསོ་ཁྱབ་གདལ་བཏང་བ་དང་བསྟུན་ནས། སྔོན་ཆད་བོད་ལྗོངས་ཀྱི་མཚོན་བྱེད་ལྟ་བུར་གྱུར་པའི་བུ་རྫི་ཆུང་ཆུང་གི་ཚོགས་པ་དེ་ཡང་དྲན་ཤེས་གྱི་ཡུལ་ཙམ་ལས་མ་འདས།
2020ལོའི་ཟླ་དང་པོའི་ཟླ་མགོར། ཧྲང་ཧའེ་ཧྥུའུ་ཏན་སློབ་ཆེན་གྱི་ལོ་རིམ་བཞི་པའི་སློབ་མ་ཡིན་པའི་ཕུན་ཚོགས་སྒྲོན་མ་དང་མོའི་གྲོགས་པོ་ཚོས་བསྡུ་རུབ་བྱས་པའི་ཁ་རས་ཐེངས་གཅིག་མ་2500ལྷ་སའི་གྲོང་མིར་སྤྲད་པ་རེད། ཟླ་དེའི་ཚེས་24ཉིན། ཧྭ་བྱང་གློག་ཤུགས་སློབ་ཆེན་ནས་ཡིན་པའི་འཇིགས་མེད་གྲགས་པས་“བོད་ལྗོངས་ཀྱི་སློབ་ཆེན་སློབ་མའི་རིམས་འགོག་གཅེས་སེམས་རྩ་འཛུགས་”འཛུགས་རྒྱུའི་གྲོས་འགོ་བཏོན་པས། ཕུན་ཚོགས་སྒྲོན་མ་དང་བསྟན་འཛིན་རབ་བྱམས་གཉིས་འཕྲལ་མར་རྩ་འཛུགས་དེའི་ནང་ཞུགས་པ་རེད། ཚེས་25ཉིན། ཚོགས་པའི་ཁོངས་མི་གཙོ་གྲས་ལྔ་པོས་ཐེང་ཞུན་སྤྱི་ཕན་ལས་སྟེགས་བརྒྱུད་དེ་“ཁ་རས་ཐེངས་གཅིག་མ་སྤྲོད་པའི་”བྱེད་སྒོ་སྤེལ་ནས། བོད་ལྗོངས་དང་བོད་འབྲེལ་ལས་དོན་གཙོ་གནད་ཞིང་ཆེན་གྱི་བོད་རིགས་མང་ཚོགས་ལ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲོད་བསྟེན་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་བ་རེད།
“ཆུ་མིག་”ལྟ་བུའི་མི་ཚེའི་རིན་ཐང་ལ་མངོན་པར་གཞོལ།
ཕུན་ཚོགས་སྒྲོན་མ་ནི་དངོས་སྦྱོང་སྨན་པ་ཞིག་ཡིན་མོད། མོས་“ཆུ་མིག་”ཅེས་པའི་སྐད་འཕྲིན་སྤྱི་སྟེགས་བཙུགས་ནས། དེའི་ནང་བོད་རིགས་མང་པོའི་གཏམ་རྒྱུད་སྤེལ་བས་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་པ་རེད།
གསར་འགོད་པ། ཁྱོད་ཀྱིས་ག་དུས་ནས་བཟུང་“ཆུ་མིག་”ཅེས་པའི་སྐད་འཕྲིན་སྤྱི་སྟེགས་འདི་གཉེར་འགོ་བརྩམས་པ་ཡིན། བསམ་བཀོད་འདི་གང་ནས་བྱུང་ངམ།
ཕུན་ཚོགས་སྒྲོན་མ། སྐད་འཕྲིན་སྤྱི་སྟེགས་འདི་འཛུགས་པའི་དམིགས་ཡུལ་ནི་བོད་རིགས་གཞོན་ནུ་ཞིག་གི་མཐོང་སྣེ་ནས་བོད་ལྗོངས་ཀྱི་གཏམ་རྒྱུད་སྤེལ་འདོད་པ་དེ་ཡིན། དང་ཐོག་ང་རང་འཁྲུག་ཆ་དོད་པའི་ཧྲང་ཧའེ་ཡི་ཁྲོམ་གཞུང་དུ་སྐྱོད་སྐབས་ཅི་ཞིག་བྱེད་དགོས་པ་མི་ཤེས་ལ་གྲོང་ཁྱེར་འདི་དང་འདྲིས་གཤིབ་དཀའ་བའི་ཚོར་སྣང་ཞིག་ཤར་བྱུང་། འབྱུང་འགྱུར་ང་ཚོའི་གདམ་ག་ནི་ཕ་ཡུལ་དུ་ལོག་ནས་གཞུང་ཞབས་པ་ཞིག་བྱ་རྒྱུ་ཡིན་སྲིད་པས་མི་ཚེ་ནི་ཁེར་རྐྱང་གི་འཁྱོག་ཐིག་ཅིག་དང་འདྲ་བ་ལས་དེ་མིན་གྱི་སྙིང་པོ་གཞན་གང་ཡོད་པ་མི་ཤེས། བྱས་ཙང་། སྐབས་དེར་སྤྱི་སྟེགས་དེ་འཛུགས་རྒྱུའི་བསམ་བློ་འཁོར་བྱུང་། སྤྱི་སྟེགས་དེ་བརྒྱུད་ནས་མི་ཚེའི་བཞུད་ལམ་མི་འདྲ་བ་ཁག་གཅིག་ཚང་མར་མཉམ་སྤྱོད་བྱས་ཏེ། མི་ཚོར་མི་ཚེའི་ལམ་བུ་མི་འདྲ་བ་འཚོལ་སྙེག་བྱེད་པའི་སྙིང་སྟོབས་རྒྱས་པའི་བློ་སྐྱེད་འབྱུང་ཐུབ་ན་སྙམ་པ་ཡིན།
གསར་འགོད་པ། ཉེ་ལམ་ཁྱོད་ཀྱིས་བོད་རིགས་ཀྱི་གཞོན་ནུ་རིག་གནས་སྒྱུ་རྩལ་པ་འགའ་ཤས་ངོ་སྤྲོད་བྱེད་ཀྱི་འདུག ཁྱོད་ཀྱིས་བལྟས་ན་ཁོང་ཚོར་ས་ཁོངས་ཀྱི་ཚོད་འཛིན་ཆེན་པོ་ཐེབས་འདུག་གམ། ཁོང་ཚོས་ཡོ་རོབ་དང་མེ་གླིང་བྱང་མའམ་ཨ་ཧྥེ་རི་ཁ་དང་། རྒྱ་གར་བཅས་ཀྱི་རིག་གནས་བསྡུ་ལེན་བྱེད་ཚད་གང་འདྲ་ཞིག་ལ་སླེབས་ཡོད་དམ། ད་ལྟ་པེ་ཅིང་་དང་ཧྲང་ཧའེ་ཡི་ན་གཞོན་སྒྱུ་རྩལ་པ་དང་བསྡུར་ན་བོད་རིགས་ན་གཞོན་སྒྱུ་རྩལ་པ་ཚོས་དང་ལེན་བྱས་པའི་རིག་གནས་དང་བསྡུ་ལེན་རུང་བའི་དངོས་པོར་ཁྱད་པར་འདུག་གམ།
ཕུན་ཚོགས་སྒྲོན་མ། ངའི་བསམ་པར་ཕྱོགས་གཅིག་ནི་གློག་རྡུལ་ལག་རྩལ་དར་རྒྱས་བྱུང་བས་བོད་ལྗོངས་འདི་ཉིད་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་བཀག་རྒྱའི་རང་བཞིན་དེ་ཙམ་ཆེན་པོ་མེད་པ་དང་། ཕྱོགས་གཞན་ཞིག་ནས་བོད་རིགས་གཞོན་ནུ་སྒྱུ་རྩལ་པ་ཚོས་དུས་རྒྱུན་གྱི་ཁ་ཕྱོགས་ས་དེ་བོད་ལྗོངས་ཀྱི་རིག་གནས་ཁྱབ་ཁོངས་ཡིན་པས། ཁོང་ཚོའི་བརྩམས་ཆོས་ནང་རང་ཉིད་འཚར་ལོངས་བྱུང་བའི་བརྒྱུད་རིམ་ལ་བསྐྱར་དྲན་བྱེད་པ་མང་བས་བོད་ལྗོངས་ཀྱི་རིག་གནས་ཀྱི་གཞི་རྒྱུ་གསལ་པོར་མངོན་ཐུབ་ཀྱི་འདུག་སྙམ།
གསར་འགོད་པ། ལོ་བདུན་རིང་ཁྱོད་ཀྱིས་གནས་འཕྲིན་ག་ཚོད་ཙམ་སྤེལ་བ་ཡིན།
ཕུན་ཚོགས་སྒྲོན་མ། ངས་དངོས་སུ་རྩིས་བརྒྱབ་མ་མྱོང་། ཕལ་ཆེར་བརྒྱ་ལྷག་ཙམ་ཡོད་སྲིད།
གསར་འགོད་པ། “ཆུ་མིག་”ལྟ་བུའི་སྐད་འཕྲིན་སྤྱི་སྟེགས་ལ་འཕེལ་རྒྱས་ཀྱི་བར་སྟོང་ཆེན་པོ་ལྡན་ངེས་པར་ང་ལ་ཡིད་ཆེས་ཡོད། ང་རང་མོས་ཤོས་ནི་“ཆུ་མིག་”ལས་འཕྲོས་པའི་མངོན་སུམ་རང་བཞིན་དང་དེང་རབས་རང་བཞིན་དེ་ཡིན།
ཕུན་ཚོགས་སྒྲོན་མ། གསོན་ཉམས་དོད་པའི་བོད་རིགས་ཀྱི་གཏམ་རྒྱུད་དང་རིག་གནས་ཁག་གཅིག་མི་ཚོར་ངོ་སྤྲོད་བྱེད་པའི་ཐད་ནས་“ཆུ་མིག་”གིས་ཆ་འཕྲིན་གནད་བསྡུས་ཀྱི་ནུས་པ་འཐོན་ཐུབ་ཀྱི་འདུག་སྙམ་ཡོད། དཔེར་ན། ད་ལྟ་སྤྱི་སྟེགས་ཐོག་བྲིན་ཚོང་བྱེད་པའི་ཚོང་ཟོག་ཁག་ཀྱང་ཞིང་འབྲོག་པའི་མཉམ་ལས་ཁང་གི་ཚབ་ཏུ་འཚོང་རོགས་བྱས་པ་ཡིན། ང་རང་གིས་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱེད་མྱོང་མེད། སླད་ཕྱིན་དེའི་ཐད་ལ་ཚོད་ལྟ་བྱས་ཆོག་པས་གཅིག་བྱས་ན་རང་ཉིད་ཀྱིས་སྒྲུབ་ཐུབ་པའི་བྱ་བ་མང་པོ་ཡོད་སྲིད།
གཏམ་རྒྱུད་ཡོད་པའི་མི་བུ་ཕལ་པ་དེ་བས་མང་བ་བཙལ་འཚོལ་བྱས།
2015ལོར་ཕུན་ཚོགས་སྒྲོན་མ་སྤྱི་ཚོགས་གསར་གཏོད་སྐོར་གྱི་སྤེལ་རེས་རྣམ་གྲངས་ཤིག་གི་ཆེད་དུ་ཕྱི་རྒྱལ་དུ་ཕྱིན་ཅིང་། ཟླ་ངོ་གཅིག་ཙམ་རིང་མོས་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་གཞོན་ནུ་ཁག་གཅིག་མཉམ་དུ་ཕྱི་རྒྱལ་གྱི་ཁེ་གཉེར་རང་བཞིན་མིན་པའི་སྒྲིག་གཞི་དང་། དགེ་རྩའི་སྒྲིག་གཞི་དང་སྤྱི་ཚོགས་གསར་གཏོད་སྒྲིག་གཞི་བཅས་ལ་འཚམས་འདྲི་བྱས་པ་རེད། ཆུང་དུས་ནས་བོད་ལྗོངས་སུ་འཚར་ལོངས་བྱུང་ཞིང་། ཕྱིས་སུ་དུས་ཡུན་རིང་པོར་གཞན་ཡུལ་དུ་སློབ་སྦྱོང་བྱས་པའི་མོར་མཚོན་ན། དེ་ནི་བློ་སྐྱེད་ཆེན་པོ་ལྡན་ལ་འཛམ་གླིང་ལ་ཤེས་རྟོགས་བྱེད་ཚད་མགྱོགས་སུ་ཕྱིན་པའི་དུས་མཚམས་ཤིག་རེད། མཉམ་དུ་སྐྱོད་པའི་གཞོན་ནུ་ཚོར་ཡང་བསམ་གཞིག་དང་མྱོང་ཚོར་ཐོབ་པར་མ་ཟད། གསར་གཏོད་རང་བཞིན་གྱི་བྱ་ཐབས་ལ་བརྟེན་ནས་འཚོ་བར་ཟབ་འཇུག་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུས་ཡོད།
ཡུལ་དུས་གཅིག་ཏུ་འཚོ་གནས་བྱེད་བཞིན་པའི་བོད་རིགས་གཞོན་ནུ་ཞིག་གི་ངོས་ནས། མོར་ན་ཟླ་ཚོའི་འཚོ་བའི་གནས་སྟངས་དང་འཕྲད་པའི་བཀག་རྒྱའི་རང་བཞིན་ལ་ཤེས་ཚོར་ཟབ་མོ་བྱུང་ཡོད་དེ། འཚར་ལོངས་ཀྱི་བརྒྱུད་རིམ་ནང་ང་ཚོས་རང་ཉིད་ཤེས་རྟོགས་དང་རང་ཉིད་མངོན་འགྱུར་བྱེད་པའི་ཐབས་ལམ་ཧ་ཅང་རྐྱང་པ་ཡིན། མི་མང་ཆེ་བའི་སྣང་ངོར་མི་ཚེའི་གདམ་ག་ཉག་ཅིག་ནི་སློབ་སྦྱོང་བྱེད་པ་དང་། འཚར་ལོངས་འབྱུང་བ། དེ་ནས་སློབ་ཆེན་མཐར་ཕྱིན་ནས་གཞུང་ཞབས་པ་བྱ་རྒྱུ་དེ་རེད། དུས་མཚུངས་སུ། ཕུན་ཚོགས་ལའང་མིག་དཔེའི་སྟོབས་ཤུགས་ཀྱི་གལ་ཆེའི་རང་བཞིན་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད་དེ། ཆུང་དུས་རང་གི་ཉེ་འགྲམ་གྱི་མཐོང་རྒྱ་ཡངས་ཤིང་མི་ཚེའི་ཉམས་མྱོང་ཕུན་སུམ་ཚོགས་པའི་རྒན་རབས་ཚོའི་ལུས་ཐོག་ནས་མོ་རང་མ་འོངས་པའི་འཚོ་བར་རེ་བས་ཁེངས་ཡོད། དེ་ལྟ་བུའི་མིག་དཔེའི་སྟོབས་ཤུགས་ཀྱིས་མི་རྣམས་ལ་བློ་སྐྱེད་དང་ལྕག་སྐུལ་ཐེབས་ཐུབ་ཀྱི་ཡོད། གལ་ཏེ་མི་ཚེའི་རྣམ་པ་མི་འདྲ་བ་དེ་དག་ཟིན་བྲིས་སུ་བཀོད་ནས་ཚང་མས་སྔོན་ཆད་བརྒྱུད་མྱོང་བའི་སྡུག་བསྔལ་དང་དཀའ་ཚེགས་མཉམ་སྤྱོད་བྱེད་ཐུབ་ཚེ། གཅིག་བྱས་ན་བོད་ལྗོངས་ཀྱི་གཞོན་ནུ་དེ་བས་མང་བ་ཞིག་ལ་རང་ཉིད་དང་འདྲ་བར་མི་ཚེའི་སྒུལ་ཤུགས་དང་བློ་སྐྱེད་ཡོང་ཐུབ་སྙམ་པའི་ཀུན་སློང་གིས་“ཆུ་མིག་”ཅེས་པའི་སྐད་འཕྲིན་སྤྱི་སྟེགས་དེ་བཙུགས་པ་ཡིན།
དྲན་གསལ་ལ་དེ་ནི་སྟོན་དུས་ཀྱི་ཕྱི་དྲོ་ཞིག་ལ་ཁོ་ཧྥེ་ཁང་དུ་ཕུན་ཚོགས་དང་ལས་རོགས་ཚོས་སྐད་འཕྲིན་སྤྱི་སྟེགས་ཀྱི་མིང་ཅི་ཞིག་འདོགས་མིན་སྐོར་ལ་བསམ་བློ་གཏོང་སྐབས། མཚོ་བོད་ས་མཐོ་རུ་གང་སར་མཐོང་རྒྱུ་ཡོད་པའི་རང་བྱུང་ཆུ་མིག་གི་མིང་འདོགས་རྒྱུ་དྲན་པ་རེད། “趣觅”ཅེས་པའི་རྒྱ་ཡིག་ནི་ཅོ་བྲོ་བའི་བྱ་དངོས་འཚོལ་ཞིབ་བྱེད་པའི་དོན་ཡིན་དེ་བོད་སྐད་ཀྱི་ཐ་སྙད་“ཆུ་མིག་”དང་ཡང་སྒྲ་མཚུངས་པ་ཡིན། དམངས་ཁྲོད་དུ་གྲོག་རོང་བར་དུ་རྒྱུག་པའི་དྭངས་གཙང་ཆུ་མིག་ཚང་མར་ལུས་ཟུངས་གསོ་བའི་ཕན་ནུས་ཡོད་པའི་བཤད་རྒྱུན་ཡོད་པས། མོས་ཀློག་པ་པོ་ཚང་མ་ཆུ་མིག་བརྒྱུད་ནས་འགྲོ་བའི་འགྲུལ་བཞུད་པ་དང་འདྲ་བར་རྒྱང་ཐག་རིང་ཞིང་དཀའ་ལས་ཁག་པའི་འགྲུལ་ལམ་རིང་པོར་ཡིད་གསོས་ཀྱི་ཆུ་ཁ་གང་འཐུང་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད།
དེ་ལྟར་ཕུན་ཚོགས་དང་ལས་རོགས་ཚོས་སྐད་འཕྲིན་སྤྱི་རྟགས་ནང་དོན་གྱི་ཁ་ཕྱོགས་རགས་ཙམ་གཏན་འཁེལ་ཐུབ་ནས། དེ་ཡང་མི་རྣམས་ཀྱིས་རང་ཉིད་ཀྱི་གཏམ་རྒྱུད་བརྗོད་རྒྱུ་དེ་རེད། ཕུན་ཚོགས་ཀྱིས་“ང་ལ་མཚོན་ན་གང་ཟག་དངོས་ཀྱིས་ཤུགས་རྐྱེན་ཐེབས་པ་ལྟ་བུ་ཞིག་གནས་ལུགས་དང་ལྟ་བ་གང་གིས་ཐེབས་མི་ནུས། གང་ཟག་ནི་མངོན་སུམ་དུ་གནས་པའི་སྐྱེ་བོ་ཁེར་ཚུགས་ཐུབ་པ་དེ་ཡིན་ལ། དེའི་འཚོ་བ་ནི་ཟིན་འགོད་དང་མཚམས་སྦྱོར་བྱེད་རིན་ཡོད་པ་ཉག་གཅིག་པུ་དེ་ཡིན་པས། ཟིན་བྲིས་འགོད་རྒྱུ་དེ་ཉིད་ངའི་སྒུལ་ཤུགས་ཀྱི་འབྱུང་ཁུངས་སུ་གྱུར་ཡོད་”ཅེས་ཟེར། ཕྱོགས་གཅིག་ནས་མོས་སྐབས་དེ་དུས་པོད་ཕྲན་ཐོག་མིང་གྲགས་ཅུང་ཆེ་བའི་བོད་རིགས་ཀྱི་པོད་བདག་མང་པོ་ཞིག་ལ་དོ་ཁུར་བྱས་པ་རེད། དེའི་ནང་གཞས་པ་དང་། སྙན་ངག་པ། རིག་གནས་པ་སོགས་ཡོད། མོས་རང་འགུལ་ངང་ཁོང་ཚོ་བཅར་འདྲིར་གདན་ཞུ་བྱས། དགའ་འོས་པ་ཞིག་ལ་སྐབས་དེར་མི་མང་པོ་ཞིག་གིས་བཅར་འདྲི་དང་ལེན་བྱས་པ་རེད། ཉིན་མོ་སློབ་ཚན་ཚོགས་པ་དང་དགོང་མོ་བཅར་འདྲི་དང་ལེན་བྱེད་མཁན་ཚོར་ཁ་པར་བཏང་ནས་བཅར་འདྲི་བྱས་པ་དང་འབྲེལ། ཁོང་ཚོའི་གཏམ་རྒྱུད་ཟིན་བྲིས་སུ་བཀོད་རྗེས་པར་གཞི་བསྒྲིགས་ནས་ཐོ་རེངས་ཆུ་ཚོད་གཉིས་པ་གསུམ་པར་སླེབས་དུས་གཞི་ནས་ལེགས་སྒྲུབ་ཐུབ་ཀྱི་ཡོད་མོད། གཏམ་རྒྱུད་ཁྲོད་ནས་ཐོབ་པའི་བསམ་པའི་རྒྱགས་ཕྱེ་ཡིས་ཁོང་མོར་སེམས་ཤུགས་སྦྱིན་གྱི་ཡོད། ཕྱོགས་གཞན་ཞིག་ནས་མོས་ཉེ་འགྲམ་གྱི་གྲོགས་པོ་དང་སློབ་གྲོགས་ཚོའི་མི་ཚེའི་གཏམ་རྒྱུད་ལ་རྒྱུས་ལོན་གཏིང་ཟབ་བྱས་རྗེས་ཁོང་ཚོའི་ཕུགས་བསམ། དཀའ་སྡུག རེ་སྒུག་བཅས་ཟིན་བྲིས་སུ་འགོད་ཀྱི་ཡོད།
ལྷ་སར་ལོག་རྗེས། མོས་དུས་ཐེངས་དང་པོའི་“ཆུ་མིག་”གཏམ་རྒྱུད་ཀྱི་ཟིན་བྲིས་འགོད་མཁན་བསྡུ་འགོ་བརྩམས། “ཆུ་མིག་”གི་ནང་དོན་ཡང་མོའི་བསམ་དོན་བཞིན་གཏམ་རྒྱུད་ཡོད་པའི་“མི་བུ་ཕལ་པ་”མང་པོ་ཞིག་ལ་ཁྱབ་ཡོད། དེ་ཚོའི་ཁྲོད་དུ་སྤྱི་ཕན་ལ་དགའ་བའི་སྤྱི་སྤྱོད་རླངས་འཁོར་གཏོང་མཁན་གྱི་ཁ་ལོ་བ་དང་། པེ་ཅིང་དུ་ཡོད་པའི་ཡོ་གའི་དགེ་རྒན། ཨོ་རྩལ་འགྲན་བསྡུར་གྱི་ལུས་རྩལ་པ། རོལ་དབྱངས་ལ་དགའ་བའི་བཅིངས་འགྲོལ་དམག་མི། ཧྲའོ་ལིན་དགོན་པའི་བོད་རིགས་ཀྱི་དྲག་རྩལ་བཙུན་པ་བཅས་ལས་དངོས་ཡོད་འཚོ་བའི་ཁྲོད་ཀྱི་དེང་རབས་བོད་རིགས་ཀྱི་གཟུགས་བརྙན་ཚོགས་སྤྱི་གྲུབ་ཡོད།
དེ་དང་ཆབས་ཅིག མོས་དེང་རབས་བོད་ལྗོངས་ཀྱི་སྤྱི་ཚོགས་ཀྱི་སྣང་ཚུལ་དང་རིག་གནས་ཀྱི་སྣང་ཚུལ་ཁག་གཅིག་ཀྱང་ཟིན་འགོད་བྱས་ཡོད་དེ། དཔེར་ན། དེ་སྔའི་ལྷ་སའི་ཁྱིམ་ཚང་ནང་གི་བུ་རྫིའི་གནས་ཚུལ་དང་ལྷ་སའི་སྤྱི་སྤྱོད་འགྲིམ་འགྲུལ་གྱི་འགྱུར་ལྡོག་ལྟ་བུ་ཟིན་འགོད་བྱས་མྱོང་། རྨོ་བོ་ལགས་དང་ཁ་བརྡ་བྱེད་པའི་བརྒྱུད་རིམ་ནང་། མོས་1950ལོར་ཉིང་ཁྲིའི་རྒྱུད་དུ་ས་ཡོམ་ཆེན་པོ་ཞིག་ཐོན་ཚུལ་ཤེས་རྟོགས་བྱུང་བས། བརྗེད་ངས་རྐུན་པོས་ཁྱེར་བའི་ལོ་རྒྱུས་དེ་“ཆུ་མིག་”བརྒྱུད་ནས་ཟིན་བྲིས་སུ་བཀོད་ལ། ལས་རིགས་གཅིག་པའི་རྩོམ་སྒྲིག་པས་《བོད་ཀྱི་སྣོད་བཅུད་》ཅེས་པའི་དུས་དེབ་ཐོག་བཀོད་པས་དོ་སྣང་བྱེད་མཁན་མང་པོ་བྱུང་ཡོད། མོས་“ཐེངས་ཤིག་ང་རང་ལྷ་སར་འགྲུལ་པ་ཞིག་དང་རླངས་འཁོར་གཅིག་ཏུ་བསྡད་ནས་ལོ་རྒྱུས་དུམ་བུ་དེའི་སྐོར་གླེང་སྐབས་དགའ་འོས་པ་ཞིག་ལ་ཁོང་གིས་ཀྱང་གཏམ་རྒྱུད་དེ་ཤེས་ཀྱི་འདུག མ་ཟད་ངའི་སྤྱི་སྟེགས་བརྒྱུད་ནས་ཤེས་པ་རེད་འདུག འདི་བཞིན་དམངས་ཁྲོད་ཀྱི་བགྲེས་སོང་ཚོས་མ་གཏོགས་མི་ཤེས་པའི་ལོ་རྒྱུས་དེ་དག་ཟིན་བྲིས་སུ་བཀོད་ནས་བརྒྱུད་སྤེལ་ཐུབ་པ་དེས་རང་ཉིད་ལ་སྤྱི་སྟེགས་མུ་མཐུད་ནས་གཉེར་རྒྱུའི་ཆོད་སེམས་སྔར་བས་ཆེ་བ་བསྩལ་བྱུང་”ཞེས་བཤད།
2017ལོར། མོ་པེ་ཅིན་སྨྱན་སྦྱོར་སློབ་ཆེན་གྱི་ཚུའེ་ཡུང་ཡོན་གྱི་ངག་ཐོག་ལོ་རྒྱུས་གསོ་སྦྱོང་རྣམ་གྲངས་ནང་ཞུགས་ནས། ངག་ཐོག་ལོ་རྒྱུས་ཞིབ་འཇུག་བྱེད་སྟངས་ཐད་ལ་དེ་བས་འཐུས་སྒོ་ཚང་བའི་ཤེས་བྱའི་མ་ལག་ཆགས་ཐུབ་པ་བྱུང་། མོས་ཕྱིས་འབྱུང་ངག་ཐོག་ལོ་རྒྱུས་དེ་“ཆུ་མིག་”གི་མཐོང་སྣེ་མང་པོའི་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཏུ་བརྩིས་ནས་གསར་སྤེལ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད།
དམངས་ཁྲོད་དུ་ལུས་པའི་གཏམ་རྒྱུད་རིན་ཐང་ཅན་ཁག་ཅིག་
མི་དེ་བས་མང་བར་ཤེས་སུ་བཅུག
རིམ་བཞིན་ཕུན་ཚོགས་ཀྱིས་མི་རིགས་ཀྱི་རིག་གནས་དང་ད་ལྟའི་གནས་སྟངས་ལ་ཤེས་རྟོགས་དེ་ཙམ་མེད་པ་ནས་མི་སྣ་བརྗོད་བྱར་བྱས་པའི་བོད་རིགས་ཀྱི་སྤྱི་ཚོགས་འཚོ་བ་ཤེས་རྟོགས་བྱེད་པའི་མ་ལག་ཅིག་བཙུགས།
2017ལོ་ནས་བཟུང་། མོས་ཁྲོན་བོད་ལམ་ཐིག་དང་། ཡུན་བོད་ལམ་ཐིག མཚོ་བོད་ལམ་ཐིག་སོགས་བརྒྱུད་དེ་བོད་འབྲེལ་གྱི་ཁུལ་དང་རྫོང་དང་གྲོང་སྡེ་མང་པོར་བསྐྱོད་ནས་ས་གནས་ཁག་གི་ཤུགས་རྐྱེན་ལྡན་པའི་ཁེ་ལས་སྒྲིག་གཞི་དང་། ཞིང་འབྲོག་མཉམ་ལས་ཁང་། ལག་ཤེས་བཟོ་རྩལ་པ་བཅས་ལ་བཅར་འདྲི་དང་རྒྱུས་ལོན་བྱས་ཤིང་། གཏམ་རྒྱུད་ཟིན་བྲིས་སུ་བཀོད་པའི་བརྒྱུད་རིམ་ཁྲོད་མོས་ཕ་ཡུལ་ལ་བཅངས་པའི་བརྩེ་བ་སྔར་བས་ཟབ་ཏུ་ཕྱིན།
རིག་གནས་ཡུལ་སྐོར་ཁྲོམ་རའི་ཐོག་བོད་ཀྱི་རིག་གནས་སྐོར་གྱི་ཐོན་རྫས་དག་ཡོངས་ཁྱབ་ཏུ་སྤུས་འདྲ་ཅན་དུ་འགྱུར་བཞིན་པའི་གནས་ཚུལ་ལ་དམིགས་ནས། མོས་དམངས་ཁྲོད་ཀྱི་གཏམ་རྒྱུད་བརྗོད་པ་བརྒྱུད་ནས་ཐོན་རྫས་སྤུས་ལེགས་མང་ཚོགས་ཀྱིས་ཤེས་རྟོགས་ཐུབ་པ་དང་། དམངས་ཁྲོད་དུ་ལུས་པའི་གཏམ་རྒྱུད་རིན་ཐང་ཅན་ཁག་གཅིག་མི་དེ་བས་མང་བས་ཤེས་ཐུབ་རྒྱུའི་རེ་བ་བཅངས་ཡོད། བོད་འབྲེལ་ཁུལ་དང་རྫོང་གི་ཕན་བདེའི་སློབ་གྲྭས་བཟོས་པའི་འབྲིའི་འོ་ཕྱུར་དང་། གཞོན་ནུ་ལས་གཏོད་པས་བཟོས་པའི་ནས་ཀྱི་ཁྲོག་ལེ། ལན་ཏའེ་ནུབ་ལུགས་ཁ་ཏོག་བཟོ་མཁན་གྱིས་བཟོས་པའི་ནས་ཀྱི་གོར་སོབ། སྲོལ་རྒྱུན་གྱི་འཚེམ་བཟོ་ལས་གྲུབ་པའི་ཆོས་གོས་སྤུས་དག་ལ་སོགས་གསོན་ཤུགས་ཀྱིས་ཁེངས་པའི་གཏམ་རྒྱུད་ལ་ཀློག་པ་པོའི་དོ་ཁུར་དང་རྒྱབ་སྐྱོར་ཐོབ་པ་དང་། བརྒྱུད་རིམ་དེའི་ཁྲོད་ནས་མོས་ཀྱང་དཔྱིད་དཔལ་བཞད་པ་ལྟ་བུའི་བོད་རིགས་གཞོན་ནུ་ལས་གཏོད་པ་དང་ཁོང་ཚོའི་ལས་གཏོད་ཀྱི་ལོ་རྒྱུས་སྔར་ལས་མང་བར་རྒྱུས་ལོན་བྱུང་ཡོད།
“དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་”རྒྱབ་ལྗོངས་ཆེན་པོའི་འོག གྲོང་ཁྱེར་ནས་གྲོང་གསེབ་བར་མི་དེ་བས་མང་བ་ཞིག་གིས་རང་ཉིད་ཀྱི་སྤྲོ་སེམས་དང་ཆོད་སེམས་ལ་བརྟེན་ནས་ལས་གཏོད་ཀྱི་ལམ་དུ་བསྐྱོད་ཡོད་ལ། བྱ་གཞག་གཏོད་མཁན་ཚོའི་གདམ་ག་ནི་སྤྱི་ཚོགས་ཀྱི་ཐོན་ལས་ཁག་མང་པོ་ཞིག་ལ་ཕྱོགས་ཡོད། མོས་ཟིན་བྲིས་འགོད་པའི་བརྒྱུད་རིམ་ཁྲོད་བོད་རིགས་གཞོན་ནུས་གསར་གཏོད་ཀྱི་བྱ་ཐབས་ལ་བརྟེན་ནས་སྲོལ་རྒྱུན་ཐོན་ལས་ལ་ནུས་ཤུགས་བསྩལ་ཏེ་བོད་ལྗོངས་ལ་ཐོན་ལས་གསར་གཏོད་ཀྱི་གསོན་ཤུགས་སྤེལ་བ་མཐོང་། “དཔེར་ན། 2018ལོའི་དབྱར་ཁར་ངས་དྲ་ཐོག་ནས་སྣམ་བུའི་དངུལ་ཁུག་ལག་འཐག་མ་ཞིག་མཐོང་བྱུང་། ཐོན་རྫས་ཀྱི་བཟོ་རྩལ་དང་ཇུས་འགོད་ལས་སེམས་ཚོར་དྲག་པོ་བསྐྱེད་བྱུང་བས། ཐོན་རྫས་དེའི་ཆ་འཕྲིན་བརྒྱུད་ནས་བོད་ལྗོངས་ཀྱི་པང་གདན་གྲོང་རྡལ་ཆུང་ངུར་གྲགས་པའི་ལྷོ་ཁ་གྲོང་ཁྱེར་ལྕེ་བདེ་ཞོལ་གྲོང་རྡལ་དུ་བསྐྱོད་པ་ཡིན། ལོ་དེར་ང་རང་ཇོ་མོ་གླང་མའི་རིག་གནས་དུས་ཆེན་གྱི་ཇོ་རིའི་ལག་ཤེས་བརྙན་ཕབ་རབ་དང་རིམ་པའི་ཇུས་འགོད་པར་ལེན་དུ་ཞུགས་ཤིང་། གཞིས་རྩེའི་མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་བཟོ་རྩལ་རྒྱུན་འཛིན་པར་བཅར་འདྲི་བྱས་པ་དང་དེའི་སྐོར་གྱི་གནས་འཕྲིན་སྤེལ་བར་མ་ཟད། བོད་ལྗོངས་ཀྱི་ལག་ཤེས་པ་དང་ནང་སའི་ཇུས་འགོད་པ་ལྷན་འཛོམས་ཐོག་ལྷ་སར་བོད་ཀྱི་ལག་ཤེས་བཟོ་རྩལ་སྐོར་གྱི་རིག་གནས་བྱེད་སྒོ་སྤེལ་བ་ཡིན། 2019ལོར་ང་རང་སྙེ་མོ་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་བཟོ་རྩལ་སྐོར་གྱི་ཆེད་དོན་རྩོམ་འབྲིའི་ནང་ཞུགས་ནས་ལག་རྩལ་དེའི་རྒྱབ་ཕྱོགས་ཀྱི་གཏམ་རྒྱུད་ལ་ཤེས་རྟོགས་གཏིང་ཟབ་བྱས་པ་ཡིན་”ཞེས་བཤད།
མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་བཟོ་རྩལ་ལ་དོ་ཁུར་དང་བརྒྱུད་སྤེལ་བྱ་རྒྱུ་དེ་ལག་རྩལ་དེ་དག་སྲུང་སྐྱོང་བྱེད་མཁན་ལ་ཐུག་ཡོད་དེ། ཁོ་ཚོས་ལོ་རྒྱུས་རིང་པོ་ལྡན་པའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་བཞིན་ཡོད། ཉིན་རེ་བཞིན་འགྱུར་ལྡོག་འགྲོ་བཞིན་པའི་དེང་རབས་འཚོ་བར་མཚོན་ན་ཁོ་ཚོའི་ཐུན་མོང་མ་ཡིན་པའི་བཟོ་རྩལ་ལས་གྲུབ་པའི་དངོས་པོ་དེ་དག་ལ་དམངས་ཁྲོད་དུ་ནུས་པ་གཞན་གྱིས་ཚབ་བྱེད་དུ་མི་རུང་བ་ལྡན་ཡོད། “ཆུ་མིག་”གི་སྤྱི་སྟེགས་ཐོག་ནས་ཁྱེད་ཀྱིས་ཐང་གའི་རྣམ་པ་རྒྱུན་འཛིན་བྱས་ནས་དེང་རབས་ཀྱི་ཇུས་འགོད་གསར་དུ་གཏོད་མཁན་གྱི་ཐང་ག་བཞེངས་མཁན་དང་། གནའ་བོའི་ལྷ་མོའི་སྒྱུ་རྩལ་རྒྱུན་འཛིན་བྱས་ནས་ལྷ་མོར་ཞིབ་འཇུག་བྱེད་མཁན་གྱི་སློབ་ཐོན་སློབ་མ། གནས་ངེས་མེད་དུ་སྐྱོད་པའི་སྙན་ངག་པ་བཞིན་དུ་བོད་ཀྱི་ས་ཆ་གང་སར་འཚེམ་བཟོའི་བརྩམས་ཆོས་བཞག་པའི་འཚེམ་བཟོ་བ་བཅས་མཐོང་ཐུབ།
སྙེ་མོ་རྫོང་དུ་འཚེམ་བཟོ་བྱེད་མཁན་བཟའ་ཚོ་གཉིས་ཀྱིས་ས་གནས་དེ་གའི་བུད་མེད་དང་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་འཁེལ་འཐག་མཉམ་ལས་ཁང་ཞིག་གཉེར་ཡོད། མཉམ་ལས་ཁང་དེས་ཐོན་སྐྱེད་བྱས་པའི་ཁུག་མ་དག་ཁྲོམ་རའི་ཐོག་གི་བོད་བཟོས་ཁུག་མ་གཞན་དང་མི་འདྲ་སྟེ། ཁོང་ཚོས་ཇུས་འགོད་སྟབས་བདེ་ཞིང་ཚོས་གཞི་བབ་ཆགས་པའི་མཛེས་ཆོས་ལྟ་བ་བཟུང་སྟེ། མི་རིགས་ཀྱི་གཞི་རྒྱུའི་ཁྱད་ཆོས་མངོན་ཤུགས་ཆུང་དུ་བཏང་ནས་ཁུག་མ་རང་གི་ཇུས་འགོད་མཛེས་ཉམས་མངོན་པར་བྱས་འདུག་པས། མོའི་བློར་བབ་པོ་བྱུང་ཡོད། མོས་རྩོམ་འབྲི་ཞོར་དུ་གྲོང་ཚོའི་ཧྲུའུ་ཅི་དང་ཕྲུ་གུ་ཚོ་མཉམ་སྐུལ་གྱིས་ཐོན་རྫས་ཁག་གཅིག་པར་དུ་བླངས་པས་རང་སར་ཁུག་མ་བཅུ་གྲངས་ཁ་ཤས་འཚོང་རོགས་བྱས་པ་རེད།
“དྲ་རྒྱའི་ཐབས་ལམ་བརྒྱུད་ནས་ཅོ་བྲོ་བའི་གང་ཟག་རྒྱུས་ལོན་བྱ་རྒྱུ་དེ་ནི་སྔར་བཞིན་ངའི་བརྩམས་ཆོས་ཀྱི་ཁ་བྱང་འདེམས་པའི་ཆ་འཕྲིན་ཡོང་ཁུངས་གཙོ་བོ་དེ་ཡིན། གསར་གཏོད་པའི་བརྩམས་ཆོས་ཚད་ངེས་ཅན་ཞིག་ཏུ་སླེབས་པ་དང་འབྲེལ་རང་ཉིད་ཀྱི་ཉམས་འགྱུར་ཞིག་ཆགས་ཡོད་པ་མཐོང་སྐབས། ངས་ཕུལ་བྱུང་གི་གསར་རྩོམ་པ་དེ་དག་མི་དེ་བས་མང་བས་མཐོང་ཐབས་ལ་གཞོལ་གྱི་ཡོད། དེའི་ཁྲོད་དུ་སྒྱུ་རྩལ་གྱི་ཐབས་ལ་བརྟེན་ནས་བོད་ལྗོངས་ཀྱི་སོ་ནམ་རིག་གནས་ལ་དྲན་གསོ་ཞུ་བའི་བོད་ལྗོངས་ཀྱི་དེང་རབས་སྒྱུ་རྩལ་མཁས་ཅན་དང་། ལས་རིགས་ཁག་ཏུ་Rapལ་དགའ་པོ་ཡོད་ཅིང་བོད་ལྗོངས་ཀྱི་Rapརོལ་དབྱངས་ཉམས་འགྱུར་གོང་དུ་སྤེལ་མཁན་གྱི་རོལ་དབྱངས་མཁས་ཅན། ཐུན་མོང་མ་ཡིན་པའི་མཛེས་རིག་གི་བསམ་གཞིག་དང་མཐོང་སྣེ་ནས་དེང་རབས་བོད་ལྗོངས་ཀྱི་རྣམ་པ་ཟིན་བྲིས་སུ་འགོད་མཁན་གྱི་པར་ལེན་པ། བོད་ལྗོངས་ཀྱི་Parkourཚོགས་པ་ཐོག་མ་བཅས་ཡོད་”ཅེས་བཤད། 2020ལོར་“ཆུ་མིག་”དང་“འགུལ་སྙོམ་རླུང་འཕྲིན་”གྱིས་ཐུན་མོང་ཐོག་“བོད་ཀྱི་མཐོང་རྒྱ་”ཞེས་པའི་སྐད་འཕྲིན་སྤྱི་སྟེགས་བཙུགས་ནས་མཉམ་འབྲེལ་ཐོག་མཐོང་ཚོར་སྒྱུ་རྩལ་གསར་གཏོད་པ་གཞོན་ནུ་11སྐོར་གྱི་གནས་ཚུལ་སྤེལ་རྗེས། གསར་གཏོད་པ་མང་པོ་ཞིག་མང་ཚོགས་ཀྱིས་ངོ་ཤེས་པར་མ་ཟད། རྗེས་མཐུད་མཉམ་ལས་ཀྱི་གོ་སྐབས་ཀྱང་མང་པོ་ཐོབ་ཡོད།
མོས་ངོ་མཚར་ཆེ་བའི་ཕ་ཡུལ་གྱིས་རང་ཉིད་ལ་སྟོབས་ཤུགས་བསྩལ་བྱུང་ལ། “ཆུ་མིག་”གི་འཕེལ་རིམ་ནི་རང་ཉིད་འཚར་ལོངས་ཀྱི་བརྒྱུད་རིམ་ཡིན་ཟེར། མོས་“ངས་མུ་མཐུད་ནས་བྱ་བ་འདི་ལྟ་བུ་བསྒྲུབ་རྒྱུ་ཡིན་པས། ནམ་ཞིག་དགེ་བའི་ལས་ལ་འབྲས་བཟང་སྨིན་ནས་རིན་ཐང་རྟག་བརྟན་གྱི་གཞི་རྟེན་ཞིག་ཏུ་གྱུར་ཏེ། ‘དེང་རབས་བོད་ལྗོངས་ཟིན་བྲིས་སུ་བཀོད་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོར་བཤད་པའི་’མཐའ་མའི་དམིགས་འབེན་མངོན་འགྱུར་ཐུབ་པ་བྱེད་ཀྱི་ཡིན་”ཞེས་བཤད།
གཡང་ལགས་ཀྱིས་བསྒྱུར།