——བོད་ལྗོངས་ལྷོ་བྲག་རྫོང་ལྷ་ཁང་གྲོང་རྡལ་གྱི་བོད་ལུགས་སྨན་པ་
ཀུན་བཟང་རྡོ་རྗེའི་སྐོར་བཀོད་པ།
ཁོང་གི་མགོ་སྐྲ་ཐུང་ཐུང་གནག་ཅིང་སྣུམ་ལ། བྱད་བཞིན་དེ་ཙམ་དཀར་པོ་མེད་ཀྱང་གདོང་མདངས་ལས་ལང་ཚོའི་གཟི་དཔལ་རྒྱས་པའི་གཞོན་སྐྱེས་ཀྱི་ཉམས་ཤིག་མངོན་ཡོད། ཆེ་མིན་ཆུང་མིན་གྱི་གཟུགས་བྱད་དང་དལ་མིན་བྲེལ་མིན་གྱི་ལུས་ཀྱི་སྟངས་སྟབས་ཤིན་ཏུ་དོ་མཉམ་ཞིང་། སྨིན་མ་ཅུང་ཙམ་བསྡུས་ནས་མནོ་བསམ་དང་བཅས་གཏམ་སྨྲ་བ་ནི་ཁོང་གི་གོམས་གཤིས་ཡིན་པ་འདྲ། གཞོན་སྐྱེས་ཁོང་ནི་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ལྷ་ཁང་གྲོང་རྡལ་གྱི་བོད་ལུགས་སྨན་པ་ཀུན་བཟང་རྡོ་རྗེ་རེད།
མི་ལོ་1300ལྷག་གི་ལོ་རྒྱུས་ལྡན་ཞིང་། ཉམས་གསོ་བྱས་པའི་མཐའ་འདུལ་གྱི་གཙུག་ལག་ཁང་སྟེ་མཁོ་མཐིང་ལྷ་ཁང་གི་ནུབ་ཟུར་དེར་ཀུན་བཟང་རྡོ་རྗེའི་སྨན་ཁང་ཐོག་བརྩེགས་གཉིས་ཅན་དེ་ཆགས་འདུག ཞོགས་པའི་ཉི་ཟེར་རི་རྩེར་འཕྲོ་དུས། ཁོང་དང་ཁོང་གི་དགེ་ཕྲུག་ལས་རོགས་ཚོས་ནད་པ་ཁ་ཤས་ལ་ནད་བརྟག་བྱས་ཚར་འདུག དེ་དག་གི་ཁྲོད་ན་མཚོ་སྨད་རྫོང་གནས་གཞི་ཞང་ཁོངས་ཀྱི་ནད་པ་ཡོད་ལ། ལྷོ་བྲག་རྫོང་སེང་གེ་ཞང་སོགས་ཐག་རིང་རི་སུལ་ནས་ཡོང་བའི་ནད་པའང་འདུག ཀུན་བཟང་རྡོ་རྗེས་གསུངས་པར་གཞིགས་ན། ཁོང་གི་ལང་ཚོའི་དུས་བཟང་ལ་ཁེལ་བའི་མི་ལོ་བཅུ་གསུམ་ནི་བོད་ལྗོངས་ཀྱི་མཐའ་མཚམས་ཁུལ་དུ་གནས་པའི་བོད་སྨན་སྒོ་བསྟེན་སྨན་ཁང་དེར་འདས་ལ། དེ་ནི་རང་གི་ཐོག་མའི་བསམ་འདུན་ཡང་ཡིན་ཟེར།
1982ལོར་ཀུན་བཟང་རྡོ་རྗེ་ལྷོ་བྲག་རྫོང་སེང་གེ་ཞང་དགེ་བཅུ་གྲོང་ཚོར་སྐྱེས་ཤིང་ཕྱིས་སུ་ཁྱིམ་གཞིས་ལྷ་ཁང་གྲོང་རྡལ་དུ་སྤོས། ལོ་ན་ཆུང་དུས་སུ་རང་གི་ཕའི་དྲུང་ནས་བོད་ཡིག་འབྲི་ཀློག་སོགས་སྦྱངས་ཤིང་། ཆུང་དུས་ནས་རང་ཡུལ་གྱི་རྐང་རྗེན་སྨན་པ་སོགས་འགྲོ་བའི་ནད་གདུང་སེལ་མཁན་གྱི་ལས་རིགས་དེར་ཡིད་སྨོན་ཆེན་པོ་སྐྱེས་པ་དང་། སྨན་པ་བྱེད་འདོད་ཀྱི་བསམ་འདུན་ཡང་ཁོང་ཚོར་བརྗོད་མྱོང་བས། རང་ཡུལ་གྱི་སྨན་པ་རེ་ཟུང་གིས་ཁོང་ལ་སྨན་གཞུང་དཔེ་དེབ་རྔན་པར་སྤྲད་མྱོང་བ་དུས་ད་ལྟའང་མ་བརྗེད་པར་འདུག སྐབས་དེ་ནས་བཟུང་ཀུན་བཟང་རྡོ་རྗེས་ཐོག་མར་བོད་ཀྱི་གསོ་རིག་ཤེས་བྱ་རང་སྦྱོང་བྱེད་པའི་སྐལ་བ་ཐོབ་ལ། རང་ལོ་18ཟིན་པའི་ལོ་དེར་ཁོང་དུ་ཆུད་པའི་རྨང་གཞིའི་ཤེས་བྱ་དང་གོ་སྐབས་དང་མཐུན་རྐྱེན་གང་ལེགས་བརྟེན་ནས་ཡིག་རྒྱུགས་བཏང་སྟེ། 2000ལོ་ནས་2004ལོའི་བར་སྐབས་དེའི་ལྷོ་ཁ་ས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་ཆེད་ལས་བོད་སྨན་འཛིན་གྲྭར་བོད་ཀྱི་སྨན་གཞུང་ཁག་ལ་སློབ་སྦྱོང་བྱས།
2004ནས་2008ལོའི་བར་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དར་མའི་འཛིན་གྲྭར་སྨན་རྩིས་རིག་པའི་གཞུང་ལུགས་ཁག་ལ་སྦྱང་བརྩོན་ལྷོད་མེད་ཀྱིས་སློབ་མཐར་ཕྱིན། 2008ལོའི་ལོ་མགོར་ཕ་ཡུལ་ལྷོ་བྲག་རྫོང་ལྷ་ཁང་གྲོང་རྡལ་དུ་ལོག་སྟེ་སྤྱི་སྒེར་གང་ཅིའི་ཆ་རྐྱེན་ལ་གཞིགས་ཏེ་མཁར་ཆུ་བོད་སྨན་ཕན་བདེ་གླིང་ཞེས་པའི་སྒོ་བསྟེན་སྨན་ཁང་དེ་ཐོག་མར་བཙུགས། དེའི་རིང་ལས་ཞོར་དུ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་ཡིག་སྤྲིངས་བོད་སྨན་འཛིན་གྲྭར་རྒྱུགས་འཕྲོད་པའི་ཐོག བོད་སྨན་སྨན་རྫས་ཁག་གི་ངོས་འཛིན་དང་འདུལ་སྦྱོང་། སྦྱོར་སྡེབ་དང་ཞིབ་འཇུག་བྱ་ཚུལ་སོགས་ལ་དུས་ཡུན་ལོ་གསུམ་ཙམ་སྦྱངས་པ་བྱས་ཏེ་ཆེད་ལས་སློབ་ཆེན་ཐོན་པའི་སྨན་པ་བཀའ་བཅུའི་གོ་མིང་བླངས།
“ཆེ་བཙུན་གྱི་བླ་སྨན་མ་བྱེད་པར་སྤྲང་ལོང་བརྩེ་བས་སྐྱོངས། ནག་ཆང་ཕྱོགས་སུ་མ་འདོད་པར་དཀར་གསུམ་ལྟོ་ལ་བསྟེན། རྟ་དྲེལ་བཞོན་པ་སྤོངས་ལ་ནད་པའི་བྲན་དུ་རྒྱུགས། མི་ཤེས་ཤེས་པར་མ་རློམས་རྒས་ཀྱང་སློབ་གཉེར་མཛོད། མི་སྲོག་ལ་ཚོད་ལེན་མ་བྱེད་མི་ཤེས་པ་ངོས་ལོངས། ”
ཀུན་བཟང་རྡོ་རྗེས་རྗེ་བཙུན་གཡུ་ཐོག་པས་གཙོས་སྔོན་བྱོན་མཁས་གྲུབ་སྐྱེས་ཆེན་དམ་པ་མང་པོའི་སྨན་པའི་ཀུན་སྤྱོད་གདམས་པ་འདི་དང་འདི་ལ་སོགས་པ་དུས་དང་རྣམ་པ་ཀུན་ཏུ་ཡིད་ལ་བཅངས་ཏེ། དུས་ཡུན་མི་ལོ་13རིང་ཡུལ་མི་རྣམས་ལ་ནད་བཅོས་སྲོག་སྐྱོབ་དང་བོད་ལུགས་གསོ་རིག་བྱ་གཞག་རྒྱུད་འཛིན་དང་གོང་འཕེལ་ཐད་རང་ནུས་གང་ཡོད་ཀྱིས་འབད་བརྩོན་བྱས།
ཤར་ན་སྟོང་རི་ཉི་ཤར།།
ནུབ་ལ་སྐུ་ལྷ་མཁའ་རི།།
བྱང་དུ་ཁྲ་ལྷ་ཐོད་གངས།།
མདའ་རུ་ཤར་ཆུ་ནུབ་ཆུ།།
ས་འདི་དགེ་བཅུ་འཛོམས་པ།།
སྦས་ཡུལ་སྐྱིད་མོའི་ལྗོངས་རེད།།
གཞོན་སྐྱེས་སྨན་པ་ཀུན་བཟང་རྡོ་རྗེ་་ང་ཚོ་གསར་འགོད་པ་རྣམས་དང་གཏམ་གླེང་བྱེད་ཞོར་ཁོང་གིས་གཅེས་པར་འཛིན་པའི་རང་ཡུལ་གྱི་ཆགས་ཚུལ་ངོ་སྤྲོད་བྱས་ཤིང་། དོན་གྱི་མདོ་ཁ་ནི་ལྷོ་བྲག་གི་ཡུལ་ལུང་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཁྱད་ཆོས་ཏེ། ཡུལ་འདིར་རྩེ་མོ་མཁའ་ལ་ཟུག་པའི་སྲིད་པའི་གངས་དཀར་གྱི་དྲིན་ལས་རི་སྐེད་ཐམས་ཅད་གངས་གསོམ་དང་། སྤྲིན་གསོམ། གསོམ་དམར། གསོམ་ནག སྟག་པ། སྦ་སྨྱུག་ལ་སོགས་གདོད་མའི་ནགས་ཚལ་གྱིས་ཁེབས་ཤིང་། དེ་དག་གི་ཁྲོད་དུ་སྟག་གཟིག་དོམ་ལ་སོགས་མཆེ་སྡེར་རྣོན་པོ་ཅན་གྱི་གཅན་གཟན། གླ་རྒྱ་གནའ་དགོ་སོགས་རྨིག་པ་ཁ་དབྲག་ཅན་གྱི་རི་དྭགས་དུ་མ། གོང་སྲེག་རི་བྱ་སོགས་སྤུ་སྡུག་གཤོག་གཉིས་ཅན་གྱི་བྱ་བྱིའུ་བཅས་ཡོད་པ་དང་། དེ་བས་ཀྱང་རང་བྱུང་ཁམས་ཆེན་མོས་སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་བགོ་སྐལ་དུ་བསྩལ་བའི་དབྱར་རྩྭ་དགུན་འབུ་དང་། གླང་ཆེན་ཆིག་ཐུབ། ཧོང་ལེན། བདུད་རྩི་རྟག་ངུ། མྱང་རྩི་སྤྲས། ཨ་བྷི་ཥ། སྡོང་ཕུང་། གངས་ལྷ། ཤ་མོ་ལུག་གྲོད། བེ་ཤ་སོགས་སྨན་དང་ཁ་ཟས་གཉིས་ཀར་བསྟེན་ཆོག་པའི་སྐྱེ་དངོས་འབོར་ཆེན་ཞིག་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་4000མན་གྱི་ས་ཁོངས་སུ་སྐྱེ་འཚར་བྱུང་ཡོད་པ་ང་ཚོས་ཤེས་རྟོགས་བྱུང་། ཁོང་གིས་རྩི་ཤིང་དང་སྔོ་སྨན་གྱི་ཕན་ནུས་མན་ངག་མང་པོ་དང་བཅས་པ་ང་་ཚོར་བརྗོད་། དེ་ལས་མཐུན་རྐྱེན་ཕུན་སུམ་ཚོགས་པ་དེ་གཞིར་བྱས་ཏེ་བོད་ལུགས་གསོ་རིག་གི་བྱ་གཞག་གོང་འཕེལ་ཐད་ཁོང་གི་བསམ་ཕོད་སྒྲུབ་ཕོད་ཀྱི་བློ་ཁོག་དེ་ང་ཚོས་ངང་ངམ་ཤུགས་ལ་རྟོགས་བྱུང་།
གསར་འགོད་པས་ལྷ་ཁང་གྲོང་རྡལ་ལྷ་ཁང་སྡེ་ཁུལ་ཡུལ་མི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བསམ་གྲུབ་ལ་བཅར་འདྲི་ཞུས་པ་ལས་ཤེས་རྟོགས་བྱུང་བ་ནི། ད་ཡོད་སྡེ་ཁུལ་ཡོངས་སུ་ཐེམ་གྲངས་223དང་མི་གྲངས་853ཙམ་ཡོད་ཀྱང་ས་ཞིང་འདེབས་འཛུགས་ཁྱོན་མུའུ་གྲངས་1200དང་འབྲས་ཤིང་མུའུ་480ཙམ་ལས་མེད་པས། ནས་དང་། གྲོ། བྲ་བོ། པད་ཁ་སོགས་ཞིང་ལས་ལོ་ཏོག་རྐྱང་པའི་ཐོན་ལས་གོང་འཕེལ་ལ་བཀག་རྒྱ་ཐེབས་ཡོད། དེས་ན་ཡུལ་མི་ཚོས་སྔར་ནས་ད་བར་ཞིང་འབྲོག་ནགས་བཅས་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་གསབ་རེས་ལ་བརྟེན་པའི་ས་མ་འབྲོག་གི་ཐོན་སྐྱེད་རྣམ་པ་ཞིག་རྒྱུན་འཁྱོངས་བྱས་ཡོད་པར་ཡང་རྒྱུ་མཚན་མེད་པ་མ་ཡིན། དེང་གི་ཆར་སྡེ་ཁུལ་ཡོངས་ཀྱི་མང་ཚོགས་མི་རེར་ཆ་སྙོམས་སུ་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་40ཡོད་པའི་ཁང་པ་གསར་པར་བདེ་བར་འཁོད་རྒྱུ་མངོན་འགྱུར་བྱུང་ཡོད་པས། ཕྱིས་འབྱུང་ཐོན་ལས་གོང་འཕེལ་གཏོང་ཕྱོགས་ལ་མནོ་བསམ་དང་ཞིབ་རྩིས་བརྒྱབ་སྟེ་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་དུ་འཕར་བར་བྱ་རྒྱུ་ནི་ཡུལ་དེའི་མང་ཚོགས་ཡོངས་ཀྱི་ཕྲག་ཏུ་བབས་པའི་འགན་འཁྲི་ཞིག་ཏུ་གྱུར་ཡོད།
2013ལོར་ཀུན་བཟང་རྡོ་རྗེས་ཀུང་སིའི་སྤྱི་ཁྱབ་ལས་འཛིན་གྱི་འགན་འཁུར་བ་བྱས་ཏེ། བོད་ལྗོངས་ནོར་བུ་བཻཌཱུརྱ་བོད་སྨན་སྨན་རྫས་ཁྱབ་སྤེལ་ཚད་ཡོད་ཀུང་སི་དང་། ལྷ་ཁང་བོད་སྨན་སྨན་རྫས་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་ཞེས་པ་སྟེ། མང་ཚོགས་དུད་ཁྱིམ་29དང་མི་གྲངས་113ཡོད་པའི་མཉམ་ལས་ཁང་ཞིག་བཙུགས་པའི་གཞི་ཁྱོན་མུའུ་བརྒྱ་ལྷག་ཡོད་པའི་བོད་སྨན་སྨན་རྩྭ་འདེབས་འཛུགས་རྟེན་གཞི་དང་། མཁར་ཆུའི་སྨན་སྤོས་བཟོ་གྲྭ་བཙུགས་པས་ས་ཁུལ་དེའི་མང་ཚོགས་རྣམས་ལ་མ་རྐང་ཡོང་འབབ་བགོ་འགྲེམས་དང་ལས་ཞུགས་ཐག་གཅོད་སོགས་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཕན་འབྲས་རིམ་བཞིན་མངོན་པ་དེ་ནི་ལྷ་ཁང་གྲོང་རྡལ་ལ་ཆ་བཞག་ན་ཡང་དག་པའི་གོང་འཕེལ་གྱི་དཔེ་མཚོན་གདམ་ག་ཞིག་རེད།
2016ལོ་ནས་འགོ་བཙུགས་ཏེ་རིམ་ཁག་ཚན་པའི་མ་དངུལ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག ཀུན་བཟང་རྡོ་རྗེས་སློབ་ཆེན་ནས་ཐོན་པའི་སློབ་མ་8དང་མཉམ་དུ་མཁར་ཆུ་བོད་སྨན་བཟོ་གྲྭ་ཞེས་པའི་དེང་དུས་ཀྱི་སྔོན་ཐོན་སྒྲིག་ཆས་ཅན་གྱི་སྨན་སྦྱོར་འཁོར་ཁང་གསར་རྒྱག་བྱས་པས། “མཁར་ཆུའི་བོད་སྨན་”ཞེས་པའི་མཚན་སྙན་ཐོབ་ཅིང་། ཆོག་འཐུས་ཨང་རྟགས་ཡོད་པའི་བོད་སྨན་སྣེ་ཁ་བཅུ་གྲངས་ཤིག་ཐོན་སྐྱེད་བྱས་ལ། བོད་སྨན་བྱ་གཞག་དང་ནད་བཅོས་སྲོག་སྐྱོབ་ཐད་རང་ནུས་གང་ཡོད་ཀྱིས་འབད་བརྩོན་བྱས་ཏེ་བྱ་གཞག་གསར་གཏོད་དང་། ལས་ཞུགས་ལས་གཏོད། ཕྱུག་འགྱུར་སྣེ་ཁྲིད་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུསསྤེལ།
གསར་འགོད་པས་བཅར་འདྲི་ཞུ་རིང་། ཀུན་བཟང་རྡོ་རྗེས་2021ལོར་སླར་ཡང་མ་དངུལ་སྒོར་ཁྲི་ཚོ་400ལྷག་གྲབས་གསོག་བྱས་ཏེ། ལྷ་ཁང་གྲོང་རྡལ་དུ་བོད་ལུགས་གསོ་རིག་གི་ཁྱད་ཡོན་ལྡན་པའི་བདུད་རྩི་སྨན་ལུམས་ཁང་དང་། ཡུལ་སྐོར་མགྲོན་ཁང་། སྣེ་ལེན་ཟ་ཁང་སོགས་ཕྱོགས་བསྡུས་ཞབས་ཞུ་ཁུལ་ཞིག་བསྐྲུན་ཏེ་མཛེས་བཟོ་བྱེད་བཞིན་འདུག ང་ཚོའི་བསམ་ཚོད་ལ་ཕྱོགས་བསྡུས་ཞབས་ཞུ་ཁུལ་དེ་ལས་གཉེར་བྱས་རྗེས་ཡུལ་མི་གཞོན་ནུ་ཚོའི་ལས་ཞུགས་དཀའ་ངལ་ཁག་གཅིག་སེལ་ཐུབ་རྒྱུ་མ་ཟད། མཐའ་མཚམས་ཀྱི་ཡུལ་དེའི་སྤྱི་ཚོགས་དཔལ་འབྱོར་གོང་འཕེལ་དང་མཐའ་བརྟན་དམངས་ཕྱུག་ལ་ལེགས་སྐྱེས་འབུལ་ཐུབ་རྒྱུར་ཡིད་ཆེས་ཆེན་པོ་ཡོད།
སའི་དགེ་བཅུ་འཛོམས་པའི་ལྷོ་བྲག་གི་ཡུལ་ལུང་དེ་རུ། གནའ་སྔ་མོའི་དུས་ནས་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་མཁན་གྱི་སྐྱེས་བུ་དམ་པ་མང་པོ་བྱོན་མྱོང་ལ། དེང་གི་ཆར་ཡང་སྨན་པ་ཀུན་བཟང་རྡོ་རྗེ་ལྟ་བུའི་གཞོན་སྐྱེས་ཚོས་རང་གི་ཐོག་མའི་བསམ་འདུན་དེ་མཐའ་བཞིའི་རི་བོའི་མཐིལ་དུ་ལུས་སུ་མ་བཅུག་པར། རང་ཡུལ་གྱི་ཐོན་ཁུངས་ཀྱི་ལེགས་ཆ་དང་ཕྱི་རོལ་གྱི་རྒྱལ་ཁམས་བར་འབྲེལ་ཟམ་གང་ལེགས་བཙུགས་པ་རེད། རི་ཀླུང་གི་བཀག་རྒྱ་བརྟོལ་ཕོད་པའི་སྙིང་སྟོབས་དེ་ལྟ་བུ་ནི་སྐྱེ་བོ་ཀུན་གྱིས་མིག་དཔེར་འཛིན་འོས་པ་ཞིག་རེད་དོ། །