ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

སྒྲུང་བཤད་པ་ནི་བྱིས་པ་སྐྱོང་ཐབས་ལེགས་ཤོས་ཤིག་ཡིན།

2014-11-12 ཟླ་བ།
    ཨེན་སི་ཐན་གྱིས། བྱིས་པ་རིག་ཡག་ཅིག་ཏུ་འགྱུར་བ་ལ་སྒྲུང་བཤད་དགོས་པ་དང་བྱིས་པ་ཤེས་རབ་དང་ལྡན་པ་ཞིག་ཏུ་འགྱུར་བ་ལ་དེ་བས་ཀྱང་སྒྲུང་མང་དུ་བཤད་དགོས་ཞེས་གསུངས་ཡོད་པ་ཇི་བཞིན། དེ་ནི་བྱིས་པ་དག་གིས་འཛམ་གླིང་ལྟ་བའི་སྒེའུ་ཁུང་དང་ཤེས་རབ་ཀྱི་ནོར་བུ་ལེན་པའི་གྲུ་གཟིངས་སུ་ངེས་པས་དེང་གི་བྱིས་པ་སྐྱོང་ཐབས་ཀྱི་ཁྲོད་དུ་གདན་གྲལ་གལ་ཆེ་ཤོས་དེ་ཟིན་ཡོད་པ་རེད། ཉེ་ཆར་ལོ་ངོ་ཉི་ཤུ་ལྷག་གི་རིང་དུ་བྱིས་པ་དག་ལ་སྒྲུང་བཤད་པའི་ཉམས་མྱོང་ཅན་གཅེན་མོ་ཞོ་ཡེ་ལགས་ཐེན་ཤོན་དྲ་བ་ལ་ཕེབས་ནས་སྒྲུང་བཤད་མཁན་ཡག་པོ་ཞིག་ཏུ་འགྱུར་ཐབས་སྐོར་གསུངས་ཡོད་པ་རེད།
    སྒྲུང་གིས་བྱིས་པ་དག་གི་ལུས་ཀྱི་ཞན་ཆ་གསབ་ཐུབ།
    སྒྲུང་བཤད་པའི་རྣམ་པ་བརྒྱུད་ནས་བྱིས་པ་དག་གིས་མི་གཞན་དང་ཁ་བརྡ་བྱེད་པ་དང་རང་ལུས་ཀྱི་ཞན་ཆ་ཇེ་ལེགས་སུ་བསྒྱུར་ཐུབ་ཀྱི་ཡོད་པས་དེ་ལ་དོན་སྙིང་ཆེན་པོ་ཡོད་པ་ཡིན། དཔེར་ན་ལོ་བཞི་ལྔ་ལ་སླེབས་པའི་བྱིས་པ་དག་གིས་རྫུན་སྨྲ་མགོ་རྩོམ་པ་ཡིན་ཏེ་བྱིས་པ་ལ་ལས་ཁྱིམ་གྱི་དངུལ་དང་ལ་ལས་ཨ་མའི་དངུལ་ཁུག་ནང་གི་དངུལ་བརྐུས་ཏེ་དངོས་པོ་དེ་རང་དགར་ཁྱེར་ཉན་མི་ཉན་ཧ་ལམ་མི་ཤེས་པ་དང་། བྱིས་པ་ལ་ལས་ཚོང་ར་ཆེན་མོ་དག་ཏུ་རང་དགར་དངོས་པོ་ཞིག་བླངས་ནས་ཁྱེར་ཏེ་དངོས་པོ་དེ་གཞན་གྱི་ཡིན་པའི་ཚུལ་ལ་འདང་མི་རྒྱག་པས། སྐབས་འདིར་ཁྱིམ་བདག་ཚོས་བྱིས་པ་དག་ལ་ཁྱེད་ཀྱིས་གཞན་གྱི་དངོས་པོ་བརྐུས་པའི་རྒྱུ་མཚན་ཅི་ཡིན་སོགས་ཁ་རི་ཁ་ཐུག་གིས་དྲག་པོ་བྱས་ན་བྱིས་པའི་སེམས་ལ་གནོད་ནས་རང་ལ་ཡིད་ཆེས་མེད་པ་སོགས་ཕན་པ་མེད་པའི་འབྲས་བུ་འབྱུང་བའི་ཕྱིར། སྣང་ཚུལ་འདི་འདྲ་མ་བྱུང་བའི་སྔོན་ལ་ཁྱིམ་བདག་ཚོས་བྱིས་པ་རྣམས་ལ་འདི་དང་འབྲེལ་བ་ཡོད་པའི་གཏམ་རྒྱུད། དཔེར་ན་བྱིས་པའི་གནད་དོན་དེ་དོམ་ཆུང་ལ་སོགས་པའི་སྟེང་དུ་སྦྱར་ནས་སྨྲས་ན་བྱིས་པ་དག་གིས་ཀྱང་དོན་གོ་སླ་བའི་སྟེང་ནར་སོན་པའི་དུས་ཀྱི་ལུས་ཀྱི་ཞན་ཆ་དང་བྱ་སྤྱོད་སོགས་ཀྱི་ཆ་ལ་ལེགས་ལམ་དུ་འགྲོ་བའི་དགེ་མཚན་ཆེན་པོ་ཡོད་པ་ཡིན།
    སྒྲུང་གིས་བྱིས་པ་དག་གི་དྲན་པ་ཇེ་གསལ་དུ་གཏོང་ཐུབ་པ་དཔེར་ན་བྱིས་པ་ལ་ལས་ཁྱིམ་བདག་ལ་ཡང་ནས་ཡང་དུ་གཏམ་རྒྱུད་གཅིག་ཁོ་ན་ཤོད་དུ་འཇུག་ལ་དེ་ནི་ཁོའི་སེམས་ཀྱི་དགོས་པ་ཡིན་པ་རེད། བྱིས་པ་དེ་དག་གིས་གཏམ་རྒྱུད་ཀྱི་མཇུག་ཇི་ལྟ་བུ་ཞིག་ཡིན་པ་ཤེས་པས་གལ་སྲིད་ཁྱིམ་བདག་གིས་གཏམ་རྒྱུད་ཤོད་སྐབས་བྱུང་རིམ་ཞིག་དང་ཚིག་གང་རུང་ཞིག་བཤད་ནོར་བྱུང་བ་ཡིན་ན། བྱིས་པ་དག་གིས་ལམ་སེང་ནོར་བ་དེ་དག་ཡོ་བསྲང་བྱས་འགྲོ་བས། ཁྱིམ་བདག་དག་གིས་སྒྲུང་གཅིག་ཡང་ནས་ཡང་དུ་བཤད་པ་དེས་ཁོ་ཚོའི་དྲན་པ་སྔར་བས་ཇེ་གསལ་དུ་གཏོང་ཐུབ་པ་དང་། ཁྱད་པར་དུ་བུ་མོ་ཆུང་ཆུང་ཚོས་སྒྲུང་གང་རུང་ཞིག་སེམས་ལ་དྲོད་ཁོལ་སྩོལ་བའི་བསྟི་གནས་ཤིག་ཏུ་ངོས་བཟུང་ནས་ཁྱིམ་བདག་དག་ལ་སྒྲུང་ཞིག་ཡང་ནས་ཡང་དུ་ཤོད་དུ་འཇུག་པ་ཡིན།
    སྒྲུང་ཡག་པོ་བཤད་བདེ་ལ་བརྗེད་དཀའ་བ་ཡིན།
    སྒྲུང་ལ་ཁྱད་ཆོས་ཤིན་ཏུ་མང་ནའང་སྒྲུང་ཡག་པོ་ཞིག་ཡིན་ན་ངེས་པར་དུ་བཤད་བདེ་ལ་བརྗེད་དཀའ་བ་ཞིག་ཡིན་ན་འོས་པ་ལས། དེང་སང་གི་གཏམ་རྒྱུད་དེབ་ཏུ་བསྐྲུན་འདུག་པ་མང་པོ་ཡི་གེ་ལམ་ནས་བྲིས་པ་ཡིན་པས་བྱིས་པ་ཆུང་ཆུང་དག་ལ་ཡིག་ངོས་ཇི་ལྟ་བ་བཞིན་བཀླགས་པའི་ཚེ་ན། ཡིག་སྐད་ཀྱི་ཆ་ཤིན་ཏུ་ཆེ་དྲགས་ནས་བྱིས་པ་དག་གིས་གོ་མི་བདེ་བ་དང་ད་དུང་རྒྱས་མེད་པའི་ཀླད་པ་ལ་རྙོག་དྲ་བཟོ་སྲིད་པ་རེད། དཔེར་ན་ཡིག་སྐད་ཀྱི་ལམ་ནས་དཔེ་ཆ་ཀློག་དུས་བྱིས་པ་དག་གིས་ཡིག་སྐད་ཀྱི་ཚིག་འབྲུ་དེ་དག་གི་སྟེང་ལ་བློ་འཁོར་ཏེ་སྒྲུང་རང་ལ་བློ་སེམས་རྩེ་གཅིག་གིས་ཉན་ཐུབ་ཀྱི་མེད་པ་རེད།
    དེ་ཡང་དཔེ་ཞིག་བཞག་ན《འབར་ཞུན་འཚོང་བའི་བུ་མོ་ཆུང་ཆུང》ཞེས་པའི་དེབ་ཀྱི་ཚན་པ་ཞིག་ཏུ“འདི་ནི་ལོ་འདིའི་མཚན་མོ་རྗེས་མ་དེ་ཡིན་ཞིང་། ནམ་ཟླ་ཤིན་ཏུ་འཁྱག་ལ། ས་སྲོད་དུ་ད་དུང་ཁ་བའི་འདབ་མ་ལྷབ་ལྷུབ་འཐོར་སོང”ཞེས་བསྒྱུར་པ་ལ་མཚོན་ན། དེབ་ཏུ“ས་སྲོད”ཅེས་བསྒྱུར་ཡོད་པ་དེ་ལ་བྱིས་པ་ཆུང་ཆུང་དག་གིས་གོ་བ་ལེན་དཀའ་བས་ཁྱིམ་བདག་གིས་བྱིས་པ་དག་ལ་དེབ་འདི་ཀློག་དུས་ཚིག་དེ“ས་རུབ་ཁ”ལྟ་བུ་ཁ་སྐད་ཀྱི་ཉམས་ཐོན་པ་གོ་བདེ་བ་རུ་བསྒྱུར་ན་ལེགས་པོ་ཡོད་པ་རེད། བྱིས་པ་ཚོའི་འདང་རྒྱག་ཕྱོགས་དར་མ་དག་དང་མི་འདྲ་བར་ཁོ་ཚོས་སྒྲུང་ཞིག་ལ་ཉན་ནས་མཚམས་ཤིག་གོ་བ་ལེན་མི་ཐུབ་པ་ཞིག་ལ་འཕྲད་ཚེ་རིག་པའང་དེ་གར་ལུས་ནས་མུ་མཐུད་དུ་ཉན་ཐབས་མེད་པས་ན། དེ་ལྟར་སྒྲུང་བཤད་པ་དེས་བྱིས་པ་དག་ལ་ཕན་ཐོགས་ཀྱང་ཡོང་གི་མ་རེད། དེས་ན་སྒྲུང་ཞིག་ཡིན་ན་བཤད་བདེ་ལ་བྱིས་པ་དག་གིས་བརྗེད་དཀའ་བ་ཞིག་ཡིན་ན་རབ་ཡིན་པ་རེད།
    སྒྲུང་དེབ་གདམ་ཤེས་དགོས།
    ད་སྔ་ཁྱིམ་བདག་དག་གིས་སྒྲུང་དེབ་གདམ་པ་ལ་བྱ་དགའ་ཆེན་པོ་ཐོབ་པའི་སྒྲུང་དེབ་དག་གདམ་ཅི་ཐུབ་བྱེད་ཀྱི་ཡོད་ནའང་དོན་དུ་བྱ་དགའ་ཆེན་པོ་ཐོབ་པ་དག་བྱིས་པ་ཡོངས་ལ་འཚམ་པའི་ངེས་པ་མེད་ལ་སྒྲུང་དེབ་ཡག་པོ་ཡོད་ན་འགྱུར་ཡག་པོ་ཡོད་པའི་ངེས་པའང་གཏན་ནས་མེད་པས། སྒྲུང་དེབ་གདམ་དུས་ཁྱིམ་བདག་ཚོས་དེབ་ཀྱི་ཤོག་ལྷེ་ཐོག་མ་དང་མཐའ་མ་གཉིས་ལ་ཞིབ་ཏུ་བལྟས་ནས་སྒྲུང་གིས་དོན་དག་གསལ་པོར་སྟོན་ཐུབ་ཡོད་མེད་དང་། སྐད་ཆ་དག་ཁ་སྐད་ལ་གཞོལ་ཡོད་མེད་སོགས་ལ་གསལ་པོར་ལྟ་དགོས་པ་ལས། སྒྲུང་དེབ་ཁ་ཤས་ཀྱིས་ཅི་ཞིག་འཆད་བཞིན་པ་མི་ཤེས་པ་དང་ཁ་བརྡ་དག་སུ་དང་སུ་ཡིས་གནང་བཞིན་པ་མི་ཤེས་པ་ལྟ་བུ་ཡོད་པ་ནི་ལོ་ཙཱ་བའི་འགྱུར་གྱི་སྐྱོན་ཡིན་པ་རེད། དེ་བཞིན་སྒྲུང་ཡག་པོ་ཐམས་ཅད་བྱིས་པ་ཡོངས་ལ་འཚམ་པ་ཞིག་ཀྱང་གཏན་ནས་མིན་པར་སྒྲུང་དེབ་ལ་ལས་བྱིས་པ་སྙིང་ཆུང་དག་སྔར་བས་ཀྱང་སྙིང་ཆུང་ཞིག་ཏུ་གཏོང་སྲིད་པ་རེད་པས་སྒྲུང་དེབ་གདམ་པ་ནི་སྨན་གདམ་པ་དང་གཉིས་སུ་མེད་པ་རེད།
    ཁྱིམ་བདག་ཚོས་སྒྲུང་དེབ་གདམ་དུས་ཚོན་བྲིས་ཀྱི་གཏམ་རྒྱུད་རི་མོ་ཅན་ཡིན་ན་ཚོན་མདོག་ཤིན་ཏུ་གསལ་ན་བྱིས་པའི་མིག་ལ་གནོད་པ་ཙམ་མ་ཟད་ཚོན་གྱི་དྲི་མ་ཤིན་ཏུ་ཁ་བོ་དེས་བྱིས་པའི་ལུས་པོ་ལའང་གནོད་པ་ཆེན་པོ་འབྱུང་གི་རེད་པས། སྒྲུང་དེབ་དང་ཁྱད་པར་དུ་ཚོན་བྲིས་ཀྱི་རི་མོའི་དེབ་དག་ཀློག་དུས་ལག་པའི་སྟེང་དུ་ཤོག་བུའི་སྟེང་གི་སྣུམ་ཚོན་དག་འགོས་ཡོང་གི་ཡོད་པས་སྒྲུང་དེབ་བཀླགས་རྗེས་བྱིས་པ་དག་ལ་ལག་པ་གཙང་མར་བཀྲུ་བའི་གོམས་སྲོལ་ཡག་པོ་ཞིག་ཆགས་སུ་བཅུག་ན་བདེ་ཐང་ལ་ཕན་པ་ཆེ་བ་རེད།
    ལག་རྩེད་ཨ་ལད་པད་ཀོ་དང་སྒྲུང་གཉིས་བྱིས་པའི་སེམས་དང་མཐུན།
    ལག་རྩེད་ཨ་ལད་པད་ཀོ་ནི་ཁྱིམ་བདག་ཚང་མར་ངེས་པར་དུ་དགོས་པ་ཞིག་ཡིན་ལ་དེར་བརྟེན་ནས་བྱིས་པའི་སེམས་ལ་རྒྱུས་ལེན་ཆོག་པ་རེད། བྱིས་པ་དག་བྱིས་གཉོར་ཁང་དུ་འགྲོ་དུས་ཁྱིམ་བདག་ཚོ་ཉིན་དཀར་བྱིས་པ་དག་དང་མཉམ་དུ་འགྲོགས་ཐུབ་ཀྱི་མེད་པས་མཚན་མོ་ཡུལ་ལ་ལོག་པ་དང་བྱིས་པ་དག་གིས་ཉིན་དཀར་ཅི་ཞིག་བྱས་པ་དང་བྱིས་གཉོར་ཁང་གི་དགེ་རྒན་དག་བཟང་མིན། ཁོ་ཚོ་དང་བྱིས་པ་གཞན་བར་གྱི་འབྲེལ་བ་ཇི་ལྟ་བུ་ཞིག་ཡིན་པ་ལ་སོགས་པ་ཁྱིམ་བདག་གིས་ཁ་རི་ཁ་ཐུག་གིས་དྲིས་ན་བྱིས་པ་ཚོས་ཁ་མི་གྲག་པར་སྲིད་མོད། ལག་རྩེད་ཀྱི་ཨ་ལད་པད་ཀོ་ནི་རྩེད་ཆས་ཤིག་ཡིན་ནའང་ཁོས་དེ་བས་ཀྱང་གྲོགས་པོ་ཞིག་གི་ཚབ་ཏུ་འཇོག་པས། ཁྱིམ་བདག་དག་གིས་ལག་རྩེད་ཀྱི་ཨ་ལད་པད་ཀོ་ལ་མིང་ཞིག་བཏགས་ཤིང་དེ་ནས་རང་གི་སྐད་གདངས་ལ་འགྱུར་བ་ཅུང་ཙམ་བཏང་རྗེས། “གཅེས་ཕྲུག ང་ནོར་ནོར་ཡིན། ཁྱོད་བདེ་མོ། ངས་དེ་རིང་བྱིས་གཉོར་ཁང་དུ་རྩམ་པ་དང་ཀ་ར་བཟོས་པ་ཡིན། ངོ་མ་སྤྲོ་པོ་རང་འདུག ཁྱོད་ཀྱིས་ཅི་ཟོས་པ་ཡིན”ཞེས་ཁྱིམ་བདག་རང་གི་སྐད་མ་ཡིན་པར་ཅུང་ཟད་ཁྱད་མཚར་པོ་བྱིས་པའི་སྐད་དང་འདྲ་བ་ཞིག་གི་ལམ་ནས་ཁ་བརྡ་བྱས་པ་ཡིན་ན་བྱིས་པས་ལམ་སེང་ཨ་ལད་པད་ཀོ་ཕག་གི་དེ་ནི་རང་གི་ཕ་མ་གཉིས་ཀ་མ་ཡིན་པར་ཁོའི་གྲོགས་པོ་ཞིག་ཡིན་སྙམ་པའི་སེམས་སྐྱེ་སྲིད་པ་རེད།
    སྒྲུང་བཤད་པ་ལ་སྒྲུང་གི་ཤོད་སྟངས་དང་ཁམས་མ་བཤད་གོང་ནས་སེམས་ལ་ངེས་པ་ཞིག་དགོས་ལ་ལུས་ཀྱི་རྣམ་འགྱུར་རེའང་སྒྲུང་གི་ནང་དུ་བསྲེས་ཆོག་པ་རེད། དཔེར་ན《འབར་ཞུན་འཚོང་བའི་བུ་མོ་ཆུང་ཆུང》དང《གོང་མའི་ན་བཟའ》གཉིས་ལ་མཚོན་ན་སྔ་མ་ནི་ཡིད་སྐྱོ་བར་བྱེད་པ་ཞིག་དང་ཕྱི་མ་ནི་དགོད་བྲོ་བར་བྱེད་པ་ཞིག་ཡིན་པས་སྒྲུང་བཤད་པའི་དུས་སུའང་ཤོད་སྟངས་དང་སྐད་གདངས་ལ་སོགས་པར་འདང་རྒྱག་དགོས་པ་མ་ཟད་ལུས་ཀྱི་རྣམ་འགྱུར་རེ་འགའ་སྒྲུང་གི་ནང་དུ་བསྲེས་ན་ཁྱིམ་བདག་དང་བྱིས་པ་གཉིས་ཀྱི་བར་ལ་འབྲེལ་བ་གཟུག་ཐུབ་ཀྱི་ཡོད་པ་དཔེར་ན་སྒྲུང་བཤད་ནས་གཞན་ལ་རེ་བ་དང་བཅས་ཤུགས་རྒྱག་ཏུ་འཇུག་པའི་སྐབས་སུ་བྱིས་པའི་མགོ་ལ་ལག་པས་ཡང་མོར་རྡེབ་རྡེབ་ཙམ་བྱས་ཆོག་པ་དང་། སྒྲུང་དུ་ནོར་འཁྲུལ་ཞིག་བཟོས་པ་ཤོད་པའི་ཚེ་ན་བྱིས་པའི་རྒྱབ་ལ་དལ་མོར་རྡེག་རུང་བ་རེད་ལ་རིམ་གྱིས་རིམ་གྱིས་ལུས་ཀྱི་བྱེད་སྟངས་འདི་དག་བྱིས་པ་དང་ཁྱིམ་བདག་གི་བར་གྱི་འབྲེལ་བ་ཞིག་ཏུ་འགྱུར་བ་རེད།
    ཉལ་ཁའི་སྒྲུང་དང་ལངས་ཁའི་སྒྲུང་གཉིས་ཀ་གཙོ་བོ་ཡིན།
    ཁྱིམ་བདག་མང་པོར་བྱིས་པ་གཉིད་དུ་ཉལ་ཁར་སྒྲུང་བཤད་དེ་ཉལ་ཁའི་ཆོ་ག་ལྟ་བུ་ཞིག་ཆགས་སུ་བཅུག་ནས་བྱིས་པ་གཉིད་ཉལ་བ་ལ་རོགས་སུ་འགྲོ་བའི་རྒྱུན་སྲོལ་ཞིག་ཡོད་པ་རེད། གློག་བཀར་ནས་གཉིད་ཉལ་བ་མིའི་ལུས་པོ་ལ་ཤིན་ཏུ་གནོད་པར་མ་ཟད་བྱིས་པ་དག་སྔ་འཚར་འབྱུང་བའི་རྒྱུ་གཙོ་བོ་ཞིག་ཡིན་པས། ཉལ་ཁའི་ཁ་ལག་བཀྲུ་བ་སོགས་མཇུག་རྫོགས་རྗེས་ཁྱིམ་ཚང་ལ་ཉལ་ཁའི་ཆོ་ག་ལྟ་བུ་ཞིག་ཡོད་པ་ཡིན་ན་ཁྱིམ་གཅིག་གི་འདུ་ཤེས་ཇེ་དྲག་ཏུ་འགྲོ་བ་ལ་ཕན་པ་ཆེན་པོ་ཡོད་པ་རེད། ཆོ་ག་དེ་ཤིན་ཏུ་ནས་སྟབས་བདེ་པོ་ཡོད་པ་ཡིན་ཏེ་དཔེར་ན་གཅིག་གཉིས་གསུམ་ད་གཉིད་ཉལ་བར་བྱ་ལྟ་བུའམ་ཡང་ན་གཅིག་གཉིས་གསུམ་ད་ཉལ་ཁའི་སྒྲུང་བཤད་མགོ་རྩོམ་རྒྱུ་ཡིན་ལྟ་བུས་ཆོག་པ་རེད་ལ་དེས་བྱིས་པ་དག་ལ་འཚོ་བའི་གོམས་སྲོལ་ཡག་པོ་ཞིག་ཆགས་སུ་འཇུག་ཐུབ་ཀྱི་ཡོད། ཕ་མའི་སྐད་དང་སྒྲ་ནི་བྱིས་པ་དག་ལ་ཆེས་རྒྱུས་ཡོད་པ་དེ་ཡིན་པས་གློག་གཟིམ་རྗེས་བྱིས་པ་དག་ལ་ཆེས་མེད་དུ་མི་རུང་བའང་ཁྱིམ་བདག་གི་སྐད་དང་དབུགས་ལེན་པའི་སྒྲ་ཡིན། ཁྱིམ་བདག་དག་གིས་སྒྲ་མཉེན་ཞིང་ལྷོད་པ་ཞིག་གིས་སྒྲུང་དལ་གྱིས་འཆད་དགོས་ལ་སྒྲུང་བཤད་པའི་མགྱོགས་ཚད་ནི་བྱིས་པས་དབུགས་ལེན་པའི་མགྱོགས་ཚད་ལས་ཅུང་དལ་བར་བྱས་ནས་བྱིས་པ་དག་ལ་སོ་སོར་རྟོག་ཀློང་དུ་རྒྱུ་བར་བྱེད་དགོས་པ་དང་ཡུན་གྱིས་ཡུན་གྱིས་བྱིས་པ་དག་རང་ཤུགས་ཀྱིས་བདེ་བའི་གཉིད་དུ་ལོག་འགྲོ་བ་རེད།
    ཁྱིམ་བདག་གི་དབུགས་ལེན་པའི་སྒྲ་ལས་གཉིད་ཉལ་བ་དང་སྐད་སྒྲ་དེ་ལས་ཡར་སད་པར་གྱུར་པ་གཉིས་གཅིག་ཏུ་གལ་ཆེ་ཞིང་གཉིས་ཀས་བྱིས་པ་ལ་བདེ་བའི་སྣང་བ་སྟེར་ཐུབ་ཀྱི་ཡོད་པས་ལངས་ཁའི་སྒྲུང་དེ་ཡང་ཤིན་ཏུ་གལ་ཆེ་པོ་ཡོད་པ་རེད། ནུབ་མོ་མ་ཉལ་སྔོན་ལ་བྱིས་པར། “གཅེས་ཕྲུག སང་ཉིན་ཞོགས་པ་ཆུ་ཚོད་བདུན་ཐོག་ཡར་ལངས་རྒྱུ་བྱེད། ཨ་མས་ཁྱོད་ལ་ཆུ་ཚོད་དྲུག་དང་སྐར་མ་ང་ལྔའི་སྟེང་ནས་སྒྲུང་བཤད། སྒྲུང་བཤད་ནས་སྐར་མ་ལྔའི་རྗེས་ལ་ཁྱོད་ཀྱིས་མིག་ཕྱེ་ནས་ཡར་ལངས་རྒྱུ་བྱེད”ཅེས་ནུབ་མོ་མ་ཉལ་སྔོན་ལས་བྱིས་པ་དང་དུས་ཆད་བྱེད་དགོས་ལ། དེ་ལྟར་བྱས་ན་བྱིས་པ་ལའང་ལངས་ཁའི་ཆོ་ག་ཞིག་གི་ཚུལ་གྱིས་གྲ་སྒྲིག་ཡོད་པ་ཡིན། དེའང་ཅི་ཞིག་འཆད་པར་འགྱུར་བ་དེ་གཙོ་བོ་མ་ཡིན་པར་ཁྱིམ་བདག་གི་སྐད་སྒྲ་དང་བརྩེ་བ་དེ་གཙོ་བོ་ཡིན་པ་རེད་ལ། གལ་ཏེ་བྱིས་པ་ཡིས་སྐར་མ་གཅིག་རིང་ལ་ལེ་ལོ་བྱས་ན་དེའི་ཕྱི་ཉིན་སྐར་མ་གཅིག་ལ་མ་གཏོགས་མི་འཆད་ཅེས་ལ་སོགས་པ་སྔ་མོ་ནས་བྱིས་པ་ལ་བཤད་དེ་ཁོ་ལ་གཤིས་ཀ་དང་གོམས་སྲོལ་ཡག་པོ་ཞིག་ཆགས་སུ་འཇུག་དགོས་ཀྱི་ཡོད་པ་རེད།
    སྒྲུང་བཤད་དུས་བྱིས་པའང་ནང་ལ་ཞུགས་སུ་འཇུག་པ།
    སྒྲུང་བཤད་མཁན་ཡག་པོ་དག་གིས་སྒྲུང་བཤད་དུས་བྱིས་པ་ནང་དུ་ཞུགས་སུ་འཇུག་ཐུབ་པ་རེད། ཁྱིམ་བདག་མང་པོ་ཞིག་གིས་ཁོ་ཚང་གི་བྱིས་པས་སྒྲུང་གཅིག་ཐེངས་ཡང་ནས་ཡང་དུ་ཤོད་དུ་བཅུག་སྟེ་ང་རང་སུན་པོར་བཟོས་སོང་ཞེས་ལབ་ཀྱི་ཡོད་མོད། སྒྲུང་མང་པོ་ཞིག་ནི་ཡང་དང་ཡང་དུ་རྣམ་པ་མང་པོ་ཞིག་ཏུ་ལམ་ནས་བཤད་ཆོག་གི་ཡོད་པ། ཐེངས་དང་པོར་ཁྱིམ་བདག་གིས་བྱིས་པ་ལ་ལན་གཅིག་བཤད་པ་དང་། ཐེངས་གཉིས་པའམ་གསུམ་པའི་སྐབས་སུ་ཁྱིམ་བདག་དག་གིས་བྱིས་པ་ལ། “གཅེས་ཕྲུག ངས་ཚིག་གཅིག་བཤད། དེ་ནས་ཁྱོད་ཀྱིས་ཚིག་གཅིག་ཤོད། དེ་འདྲ་བྱས་ན་ཨེ་ཆོག གལ་ཏེ་ཡིད་ལ་མ་དྲན་ནའང་སྐྱོན་མེད། ཡིད་ལ་མ་དྲན་ན་ངས་ཁྱོད་ཀྱི་ཚབ་ཏུ་བཤད་ཆོག”ཅེས་བཤད་དེ་ལག་ལེན་དུ་བཏབ་པ་ཡིན་ན་བྱིས་པ་རང་སྒྲུང་བཤད་པ་ལ་ཞུགས་ཐུབ་ཀྱི་ཡོད་པ་དང་། དེའི་རྗེས་སུ་བྱིས་པ་དང་ཁྱིམ་བདག་ཕན་ཚུན་གྱིས་སྒྲུང་ནང་གི་གང་ཟག་དག་རེས་མོས་ཀྱིས་འཁྲབ་ཆོག་པ་རེད་ལ་ད་དུང་བྱིས་པ་ལ་སྒྲུང་ནང་དུ་བྱུང་བའི་གཏམ་རྒྱུད་དག་རི་མོར་འཕབ་ཏུ་བཅུག་ཆོག་ཅིང་རི་མོ་དེ་ལ་བརྟེན་ནས་བྱིས་པས་སྒྲུང་གི་ནང་དོན་ཧྲིལ་པོ་གོ་བ་ལེན་ཐུབ་ཀྱི་ཡོད་པ་རེད།
    གཞན་ཁྱིམ་བདག་ཡོངས་ལ་གསལ་གདབ་རྒྱུ་ཞིག་ལ་ཡུལ་ཐམས་ཅད་དུ་བྱིས་པ་ལ་སྒྲུང་བཤད་རུང་བ་ཞིག་ཡིན་པ་མ་རེད། དཔེར་ན་ཁྱིམ་བདག་གིས་བྱིས་པ་ཁྲིད་ནས་ཕྱི་ལ་ལྟ་སྐོར་དུ་འགྲོ་སྐབས་རྒྱུན་དུ་མེ་འཁོར་རམ་གནམ་གྲུ་ལ་སྡོད་ཀྱི་ཡོད་པ་ལ། གནས་དེ་དག་ཏུ་སྒྲུང་ཤོད་པ་ཡག་པོ་མེད་པ་རེད། གནམ་གྲུ་དང་མེ་འཁོར་ལ་སོགས་པའི་སྒྲ་ཆེན་པོ་ཡོད་པས་བྱིས་པ་དང་ཁ་བརྡ་བྱེད་པའམ་བྱིས་པ་ལ་སྒྲུང་བཤད་པའི་ཚེ་ན་སྒྲ་ཆེན་པོ་དགོས་ཀྱི་ཡོད་སྟབས་དེས་བྱིས་པ་ཡི་མིད་པ་ལ་གནོད་པ་བཟོ་ཡི་ཡོད་པ་རེད། སྐད་ཀྱི་ཆེ་ཆུང་ཡང་ས་སྟེང་གི་དངོས་པོ་ཐམས་ཅད་དང་འདྲ་བར་ཚད་ཅིག་ཡོད་པ་རེད་ལ་གལ་ཏེ་ཚད་དེ་ལས་བརྒལ་བར་གྱུར་ཚེ་དེ་ལ་གནོད་པ་ཐེབས་སྲིད་པ་ཤ་སྟག་ཡིན་པས་གལ་སྲིད་བྱིས་པ་ཆུང་ངུའི་དུས་ནས་འུར་རྒྱག་པའམ་སྐད་ཆེན་པོ་འདོན་པ་ལ་དགའ་བ་ཞིག་ཡིན་ན་ཁྱིམ་བདག་གི་ཐབས་སྣ་ཚོགས་འཐེན་ནས་འགོག་དགོས་པ་རེད།
    སྒྲུང་བཤད་པ་དེས་བྱིས་པ་དག་ལ་མཚར་སྡུག་གི་རྒྱལ་ཁམས་གསར་པ་ཞིག་གི་སྒོ་གླེགས་ཕྱེ་ནས་གོ་བ་ལེན་པ་དང་དོན་སྟོན་པའི་ཐབས་ལ་ཕན་པར་མ་ཟད། དེ་བས་ཀྱང་ཁྱིམ་བདག་དང་བྱིས་པའི་བར་ལ་ཁ་ཞེ་འདྲིས་པོ་ཡོང་བའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཐུབ་ཀྱི་ཡོད་པ་རེད། དེ་བས་ན་སྒྲུང་བཤད་པ་ནི་ཁྱིམ་བདག་དང་བྱིས་པ་གཉིས་ཀྱི་བར་དུ་འཐེན་པའི་ཟམ་པ་ཞིག་གི་དཔེ་རུ་རུང་བ་དང་ཟམ་པ་དེས་བྱིས་པ་དང་ཁྱིམ་བདག་གཉིས་ཀའི་འགལ་བ་དང་མི་མཐུན་པ་དག་མེད་པར་བྱས་ཏེ་ཁྱིམ་ཚང་ཐབ་ལ་དྲོད་ཡོད་ཅིང་མི་ལ་འདང་ཡོད་པ་ཞིག་ཏུ་བྱ་ཐབས་ཡོད་པས་ན། གནམ་འོག་གི་ཁྱིམ་བདག་ཐམས་ཅད་སྒྲུང་བཤད་མཁན་ཡག་པོ་རེ་རེ་རུ་གྱུར་ཏེ་བྱིས་པ་ཇི་སྙེད་ཀྱིས་སྒྲུང་གི་རྒྱ་མཚོ་ཆེན་མོ་ལས་བརྩེ་བ་དང་འགན་འཁྲི་དང་རང་དབང་གི་ནོར་བུ་རིན་པོ་ཆེ་ལོན་པར་གྱུར་ཅིག་གུ (རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག