ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

ཏོག་གསར་གློ་ཚད་སྐོར་གྱི་དོགས་འདྲི་བཅུ་གཉིས།

2020-02-24

        (1) ཉིན་ཤས་བསྟུད་མར་ནད་དེ་ཕོག་པ་གཏན་འཁེལ་བྱུང་བའི་ནད་པ་གསར་པ་ཉུང་དུ་ཕྱིན་པ་དེའི་ཐོག་ནས་ནད་ཡམས་ཁྱབ་ཚུལ་དེ་དཀྱོག་མཚམས་ཤིག་ལ་སླེབས་པ་མཚོན་ནམ།
        དཀྱོག་མཚམས་ཤིག་ལ་སླེབས་པ་རྦད་དེ་ར་སྤྲོད་མི་ཐུབ། ནད་དེ་ཕོག་པ་གཏན་འཁེལ་བའི་ནད་པ་གསར་པ་ནི་སྟོན་གྲངས་གལ་ཆེན་ཞིག་ཡིན་ཞིང་། བསྟུད་མར་ཉུང་དུ་ཕྱིན་པ་དེ་ཡག་པོ་རེད། ད་ལྟའི་ཆ་ནས་བཤད་ན། སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་ལོགས་སུ་དགར་བའི་ཕན་འབྲས་ཐོན་འགོ་ཚུགས་ཡོད།
        (2) སྨན་རྫས་ཞིབ་བཟོའི་ལས་དོན་དེ་འཕེལ་རིམ་གང་འདྲ་ཞིག་ལ་སླེབས་ཡོད་དམ།
        སྨན་འགའ་ཤས་ཚོད་ལྟ་བྱེད་བཞིན་ཡོད། དེའི་མཇུག་འབྲས་ཀྱིས་ད་དུང་གནད་དོན་གསལ་བཤད་མི་ཐུབ། སྨན་འགའ་ཤས་ཀྱི་ཕན་འབྲས་ཐོན་པའི་ལྟས་བཟང་པོ་ཐོག་མར་མངོན་འགོ་ཚུགས་ཡོད། ཡིན་ནའང་ད་དུང་བརྟག་ཞིབ་བྱ་དགོས།
        ཀྲུང་ལུགས་སྨན་རྫས་ཐད་ནས་ཀྱང་རྨང་གཞིའི་རང་བཞིན་གྱི་ནད་ཐོག་ཚོད་ལྟ་བྱེད་བཞིན་ཡོད། དེ་དག་གིས་ནད་གཞི་ཡང་བའི་ནད་པའི་སྨན་བཅོས་དང་སྔོན་འགོག་ཐད་ནུས་པ་ཐོན་པའི་རེ་བ་བྱེད་ཀྱི་ཡོད།
        (3) ནད་གཞི་ལྕི་བ་དང་ཉེན་ཚབས་ཆེ་བའི་ནད་པའི་ནད་གཞི་སངས་དྲག་ཏུ་འགྲོ་བ་བྱེད་ཐུབ་བམ།
        ད་ཕན་སྨན་བཅོས་བྱས་པ་བརྒྱུད་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཐོན་པའི་ནད་པའི་ཁྲོད། ནད་གཞི་ཡང་བ་ཡོད་ལ་ནད་གཞི་ལྕི་མོ་ཕོག་པ་ཡང་ཡོད། ཝུའུ་ཧན་གྱི་གཞི་གྲངས་ལ་གཞིགས་ན། ནད་གཞི་དྲག་སྐྱེད་བྱུང་བ་དེ་དག་ཁྲོད་ནས་བརྒྱ་ཆ་དྲུག་ཙམ་ནི་ནད་གཞི་ལྕི་བའི་ནད་པ་ཡིན་པ་དང་། བརྒྱ་ཆ་གཅིག་མ་ཟིན་ཙམ་ནི་ཉེན་ཚབས་ཆེ་བའི་ནད་པ་ཡིན། ནད་གཞི་ལྕི་བ་དང་ཉེན་ཚབས་ཆེ་བའི་ནད་པར་སྨན་བཅོས་ཡག་པོ་བྱུང་ན་དྲག་སྐྱེད་ཡོང་ཐུབ་པ་ཞིག་རེད།
        (4) ནད་དུག་དེ་མ་བུའི་བར་ཕན་ཚུན་འགོ་སྲིད་དམ། 
        དེའི་ཐད་ཀྱི་གཞི་གྲངས་ད་དུང་འདང་ངེས་མེད། མིག་སྔར་ཟུངས་ཁྲག་ནང་གི་ཉིང་སྐྱུར་ལ་བརྟག་དཔྱད་བྱེད་སྐབས་ཕོ་གཤིས་སམ་དྲག་གཤིས་བརྟག་དཔྱད་ཚད་ལེན་ཐུབ་པ་མང་པོ་མེད། སྤྱིར་བཏང་བྱས་ན་ཟུངས་ཁྲག་ནང་གི་ནད་དུག་འདུས་ཚད་མཐོ་པོ་ཡོད་ན་མ་གཏོགས་མ་བུའི་བར་ཐད་ཀར་འགོ་མི་སྲིད། ཡིན་ནའང་དེའི་ཐད་ཀྱི་ཆོད་སྡོམ་ཞིག་ད་ལྟ་འཇོག་ཐུབ་མེད། སྤྱིར་བཏང་བྱས་ན་ཕྲུ་གུ་དམར་འབྱར་ལ་འགོ་ཉེན་དེ་བས་ཆེ་བ་ཡོད། དེའི་ཐད་ད་དུང་བརྟག་དཔྱད་ཞིབ་འཇུག་བྱ་དགོས། 
        (5) གྲུ་ཁང་གྲུ་བཞིའི་སྨན་ཁང་ནང་ནད་དུག་འགོ་རེས་བྱེད་མི་སྲིད་དམ། 
གྲུ་ཁང་གྲུ་བཞིའི་སྨན་ཁང་དུ་ཡོད་པ་ནི་གཏན་འཁེལ་བའི་ནད་གཞི་ཡང་བའི་ནད་པ་རེད། སྨན་བཅོས་བྱེད་པའི་བརྒྱུད་རིམ་ནང་ད་དུང་ནད་པ་དེ་དག་ལ་ཕོག་པ་ནི་ཆམ་རིམས་སོགས་དེ་མིན་གྱི་དབུགས་ལམ་ནད་ཡིན་མིན་དབྱེ་འབྱེད་བྱེད་དགོས། ནད་པ་ཕན་ཚུན་བར་འགོ་རེས་ཀྱི་སྣང་ཚུལ་ཐོན་མི་སྲིད།
        (6) ཉིང་སྐྱུར་བརྟག་རྫས་འདང་ངེས་ཡོད་དམ།
        སྤྱི་ཡོངས་ནས་བཤད་ན། མིག་སྔར་ཉིང་སྐྱུར་བརྟག་དཔྱད་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། འཕེལ་སྒྱུར་ཨུ་ལྷན་ནས་འབྱོར་བའི་གནས་ཚུལ་ལ་གཞིགས་ན། ཉིང་སྐྱུར་བརྟག་རྫས་འདང་ངེས་ཡོད།
        (7) གནམ་ཐང་དུ་བདེ་འཇགས་ཞིབ་བཤེར་བྱེད་དུས་ཁ་རས་ཕུད་ན་ནད་དུག་འགོ་མི་སྲིད་དམ།
        གནམ་ཐང་དུ་གདོང་བཤེར་བྱེད་སྐབས་དུས་ཚོད་ཐུང་ཐུང་ལས་མི་འགོར་བས་སྤྱིར་བཏང་བྱས་ན་འགོ་མི་སྲིད། ཡིན་ནའང་དེའི་སྐབས་མི་གཞན་དང་བར་ཐག་རིང་ཙམ་འཇོག་དགོས། གནམ་ཐང་ནས་ཀྱང་བདེ་འཇགས་ས་ཐིག་འཐེན་ཡོད། གདོང་བཤེར་ཚར་རྗེས་ལམ་སེང་ཁ་རས་གྱོན་ན་འགྲིག 
        (8) ཁ་རས་མ་བརྒྱབ་ན་སྐར་ཆ་བཅོ་ལྔའི་ནང་ནད་དུག་འགོ་ཟེར། དེའི་ཐད་ཇི་ལྟར་བྱ་དགོས།
        ནད་དུག་འགོ་མིན་དེ་གཙོ་བོ་ཁྱེད་དང་ནད་པའི་བར་གྱི་བར་ཐག་དང་། དེ་བཞིན་ཁྱེད་ཀྱིས་སྲུང་སྐྱོབ་བྱ་ཐབས་སྤྱད་ཡོད་མེད་ལ་རག་ལུས་ཡོད། ཏོག་དབྱིབས་ནད་དུག་གསར་པ་དེ་གཙོ་བོ་མཆིལ་ཟེགས་བརྒྱུད་ནས་འགོ་བས། ནད་པས་སྐད་ཆ་ཤོད་པའམ། གློ་རྒྱག་པ། ཧབ་སྦྲིད་རྒྱག་པ་སོགས་ཀྱི་སྐབས་ཁྱེད་ནད་པ་དང་ཐག་ཉེ་པོར་བསྡད་ཡོད་པའམ་འགོག་སྲུང་བྱ་ཐབས་སྤྱད་མེད་ན་ནད་དུག་འགོ་སླ་པོ་ཡོད། དེར་བརྟེན་མི་འདུ་འཛོམས་མང་པོ་བྱེད་སར་ཁ་རས་གྱོན་དགོས།
        (9) ཁ་རས་མི་འདང་བའི་སྐབས་བེད་སྤྱོད་བྱས་ཟིན་པའི་ཁ་རས་བཀྲུས་ནས་སླར་གྱོན་ན་འགྲིག་གམ།
        ཐེངས་གཅིག་རང་བཞིན་གྱི་ཁ་རས་ཡིན་ཚེ་བེད་སྤྱོད་ཐེངས་གཅིག་བཏང་ཚར་རྗེས་བསྐྱུར་དགོས། ཡིན་ནའང་ཁ་རས་གཞན་དག་ཡིན་ན་བསྐྱུར་དགོས་དོན་མེད། ཁ་རས་ཉིན་རེ་གཉིས་ནང་ཐེངས་རེ་བརྗེས་ན་འགྲིག ཁ་རས་རླབས་ཕྲའི་ཐབ་ནང་བཅུག་ནས་དུག་སེལ་བྱས་ན་འཚམ་པོ་མེད།
        (10) ཁ་རས་རིན་པ་ཇི་ཙམ་མཐོ་ན་དེའི་ནུས་པ་དེ་ཙམ་གྱིས་ཆེ་བ་ཡོད་དམ།
        ཁ་རས་བེད་སྤྱོད་ཐད་ཚད་ལས་འདས་པའི་ཞེད་སྣང་བྱ་མི་དགོས། གལ་སྲིད་ཚན་རིག་དང་མཐུན་པའི་སྒོ་ནས་བེད་སྤྱོད་བྱས་ན་སྤྱིར་བཏང་ཁ་རས་ཀྱིས་ཀྱང་འགོག་སྲུང་གི་ནུས་པ་ཐོན་ཐུབ།
        (11) ཕྱི་རོལ་ལ་ཕྱིན་ན་ངེས་པར་དུ་ལག་ཤུབས་གྱོན་དགོས་སམ།
        གལ་སྲིད་ཕྱི་ལ་འགྲོ་སྐབས་བཞུར་ཆུ་སྤྱད་ནས་ལག་པ་འཁྲུ་ས་མེད་ན་ལག་ཤུབས་གྱོན་ནས་འགྲོ་བའམ་ཡང་ན་དུག་སེལ་ལག་ཕྱིད་སྤྱད་ནས་ལག་པ་བཀྲུས་ན་འགྲིག སྤྱིར་བཏང་མང་ཚོགས་ལ་ཆ་བཞག་ན་སྨན་སྤྱོད་ལག་ཤུབས་གྱོན་པའི་དགོས་པ་མེད། འགག་རྩ་ནི་ལག་པའི་གཙང་སྦྲར་དོ་སྣང་བྱ་རྒྱུ་དེ་རེད།
        (12) ལག་ཤུབས་གྱོན་ན་ལག་པ་འཁྲུ་མི་དགོས་སམ།
        ལག་ཤུབས་གྱོན་རྒྱུ་དེས་ལག་པ་འཁྲུ་རྒྱུའི་ཚབ་བྱེད་མི་རུང་། ལག་པ་ཡང་ཡང་བཀྲུས་ན་ནད་དུག་འགོས་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ། 
རྩོམ་སྒྲིག་པ།སྣང་རྡོར།
འབྲེལ་ཡོད་རྩོམ་ཡིག