ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

《བོད་ལུགས་གསོ་རིག་ལས་ཆ་བྱད་དཔྱད་ཀྱི་རྣམ་བཤད་》ཅེས་པའི་དེབ་གསར་པར་དུ་བསྐྲུན།

2023-09-25
             ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་སློབ་གྲྭའམ་ཀན་སུའུ་ཀྲུང་དབྱི་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་བློ་བཟང་དོན་གྲུབ་ལགས་ཀྱིས་མི་ལོ་ཉེར་བདུན་རིང་གི་དཔེ་ཁྲིད་ཉམས་མྱོང་དག་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་ནས་བྲིས་པའི་བོད་ལུགས་གསོ་རིག་ལས་ཆ་བྱད་དཔྱད་ཀྱི་རྣམ་བཤད་ཅེས་པའི་དེབ་འདི་ད་ལྟ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཏེ་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་སྤྱན་འབུལ་ཞུས་ཡོད།

                          དེབ་འདིའི་བརྗོད་བྱ་ནང་དོན་གྱི་ཐད་ནས་བོད་ལུགས་གསོ་རིག་གི་གཉེན་པོ་དཔྱད་ཀྱི་ཆ་བྱད་སྐོར་དང་། དཔྱད་དངོས་ཀྱི་ལག་ལེན་ཏེ། ནད་གཞིར་དཔྱད་ཀྱིས་བཅོས་པ་ལ་ཉེ་བར་མཁོ་བའི་ལག་ཆ་ཟུག་རྔུ་བརྟག་པའི་ཆ་བྱད་བཅུ་གསུམ་དང་།  ཟུག་རྔུ་འབྱིན་པ་སྐམ་པའི་ཆ་བྱད་དྲུག ཤ་འདྲལ་ཞིང་ཁྲག་དབྱུང་བ་གཙགས་བུའི་ཆ་བྱད་དྲུག  དབུག་པ་ཐུར་མའི་ཆ་བྱད་བརྒྱད། ཕྲན་བུ་སྣ་ཚོགས་པའི་ཆ་བྱད་ཉེར་གཅིག་བཅས་སྡེ་ཚན་ལྔ་དང་། དངོས་བསྟན་ཆ་བྱད་ང་བཞི་དང་། ཤུགས་བསྟན་ཉི་ཤུ་བཅས་ཆ་བྱད་དེ་དག་སོ་སོའི་རྣམ་གྲངས་དང་ཕྲ་སྦོམ་ཚད་གཞིའི་དབྱིབས་ཚད། སྤྱོད་སྟངས།  སྤྱོད་ཡུལ་དང་དགེ་མཚན་རྣམས་རེ་རེ་བཞིན་གསལ་བར་བསྟན་པ་དང་།  དཔྱད་ཀྱི་སྐོར་ལ་ཕྱི་མ་རྒྱུད་ཀྱི་འཇམ་རྩུབ་དཔྱད་ཀྱི་མདོ་ལས་ལེའུ་ཉི་ཤུ་པ་གཏར་གའི་དཔྱད་དང་།  ཉེར་གཅིག་པ་མེ་བཙའི་དཔྱད། ཉེར་གཉིས་པ་དུགས་ཀྱི་དཔྱད། ཉེར་གསུམ་པ་ལུམས་ཀྱི་དཔྱད། ཉེར་བཞི་པ་བྱུག་པའི་དཔྱད།  ཉེར་ལྔ་པ་ཐུར་མའི་དཔྱད་སོགས་ཀྱི་ངོ་བོ་དང་།  རྣམ་གྲངས།  དབྱེ་བ། རུང་དང་མི་རུང་། བྱ་ཐབས།  ཁྱད་ཆོས།  ཕན་ནུས་སོགས་དཔལ་ལྡན་རྒྱུད་བཞིའི་གཞུང་གི་རྩ་བ་གཙོ་བོར་བཟུང་ནས་གཉེན་པོ་དཔྱད་ཀྱི་ནང་དོན་བསྟན་པའི་བཤད་རྒྱུད་ཀྱི་གནས་བདུན་པ་ཆ་བྱད་དཔྱད་ཀྱི་གནས་དང་། ཕྱི་རྒྱུད་འཇམ་རྩུབ་དཔྱད་ཀྱི་མདོའི་ལེའུ་སོ་སོ་གཞུང་གི་རྩ་བར་བཟུང་། ཚད་ལྡན་རྒྱུད་འགྲེལ་གལ་ཆེ་བ་རྣམས་ཀྱིས་ཟུར་བརྒྱན། གཞུང་དང་ཆ་བྱད་དཔེ་རིས།  ལག་ལེན་རྣམས་དཀྱུས་གཅིག་ཏུ་བསྡུས་ཤིང་།  དཀའ་གནད་དང་གཙོ་གནད་ཀྱི་བཞེད་ཚུལ་མཐུན་མིན་གྱི་དགོངས་པར་ཞིབ་བསྡུར་དང་། མཁས་པའི་གསུང་དང་ཉམས་ཡིག་ལ་ཁུངས་བཅོལ་ནས་དཔྱད་ཞིབ་ནན་ཏན་སྒོས། བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་དཔྱད་བཅོས་རིག་པའི་སྐོར་འདི་བྲིས་ཡོད་པས།  བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འདི་ཉིད་རྒྱུན་འཛིན་དར་སྤེལ་ལ་ཤིན་ཏུ་སྨན་པའི་དེབ་གསར་ཡག་པོ་ཞིག་ཏུ་མཐོང་ནས་འདི་ག་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།

 

དེབ་འདིའི་རྩོམ་སྒྲིག་འགན་འཁུར་པ་ཚེ་རིང་སྐྱིད་ནས།

 
འབྲེལ་ཡོད་རྩོམ་ཡིག